ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

འབད་འབུངས་ཆེར་བསྐྱེད་བྱེད་པའི་དུས་ལ་བབས། ངར་ཤུགས་གཅིག་ཏུ་བསྒྲིལ་ནས་ཇུས་གསར་འདིང་།

བོད་རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  2021ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་པས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གངས་ལྗོངས་ས་མཐོར་མཛེས་སྡུག་ཉམས་ལྡན་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཐོན་ཡོད།
  རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བ།
  “གསར་དུ་བསྐྲུན་པའི་གནམ་ཐང་བབས་ཚུགས་དངོས་གནས་མཛེས་པོ་འདུག ལྷ་སར་ད་ཆའི་འཕེལ་རྒྱས་འདི་ལྟ་བུ་བྱུང་ནས་ཕྱོགས་བཞི་མཚམས་བརྒྱད་དུ་འགྲོ་ཐུབ་པ་དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་ལྷ་སར་ལས་ཀ་བྱས་ནས་རྒན་ཡོལ་ཞུས་པའི་ཨ་ཅག་ཧྥན་ལགས་ཀྱིས་གོང་དཀར་གྱི་གནམ་ཐང་བབས་ཚུགས་གསར་པ་ནས་ཐོན་མ་ཐག་སེམས་ནང་གི་དགའ་སྣང་གནོན་མི་ཐུབ་པར་བཤད།
  འགྲིམ་འགྲུལ་འཐུས་སྒོ་ཚང་དུ་བཏང་ནས་ཕན་པ་ཆེན་པོ་བསྐྲུན་ཞིང་། 2021ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་19མང་དུ་བཏང་བས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལྷག་ཙམ་ཟིན་ཡོད།
  2021ལོར་ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོར་ཟིན་པ། གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་12ཟིན་པ་བཅས་རེད། 5Gསྦྲེལ་ཚུགས་3083གསར་སྐྲུན་དང་། འོད་སྐུད་སྤྱི་ལེ་ཁྲི་28ཙམ་ཟིན་ལ། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་དུམ་བུ་རྒྱ་བསྐྱེད་སྒྱུར་བཀོད་བྱས་པ་དང་། ཁྲོན་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། ལྷ་ཉིང་ལྕགས་ལམ་དུམ་བུ་ཤར་གཏོང་ཐུབ་པ། “བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་ཐོག་མར་སྤྱོད་འགོ་ཚུགས་པ་བཅས་རེད།
  “དེ་ནི་མིང་དོན་མཚུངས་པའི་དམངས་འཚོའི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་རེད”
  “ལམ་བར་གྱི་དུས་ཚོད་ཐུང་དུ་ཧ་ཅང་ཕྱིན་པས་དངོས་གནས་ཡག་པོ་འདུག”
  “མེ་འཁོར་ལ་བསྡད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་ལྟ་ཐུབ་ཀྱི་འདུག”
  2021ལོའི་ཟླ་6པར་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་སྐབས་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོའི་དཔལ་ལ་རོལ།
  མི་རིགས་ཁག་གི་མང་ཚོགས་འགྲོ་སྐྱོད་ཧ་ཅང་སྟབས་བདེ་རུ་ཕྱིན་པ་དང་ཆབས་ཅིག་ལྷ་ཉིང་ལྕགས་ལམ་གྱིས་ཀྱང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་སྦྱིན་ཡོད། 2021ལོའི་ལོ་མཇུག་བར་ལྷ་ཉིང་བར་གྱི་མེ་འཁོར་ལ་འགྲུལ་པ་མི་ཐེངས་ཁྲི་62.1དང་དངོས་ཟོག་ཏུན་7900ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད།
  ཁྱད་ལྡན་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་བ།
  2020ལོར་བོད་རང་སྐྱོང་ལྗོངས་ཀྱིས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་བྱས་ནས“སའི་གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་པའི་འཐབ་ཇུས་གཏན་འཁེལ་བྱས་པ་རེད།
  2021ལོར་བོད་ཀྱི“སའི་གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་ཡོད།
  ལོ་གཅིག་རིང་བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།
  ——འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5དང་ནས་ཐོན་འབབ་ཏུན་ཁྲི་82ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཤ་དང་དཀར་ཆུ་དང་སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི་82དང་ཏུན་ཁྲི་88སོ་སོར་ཟིན་པ་དང་། “སྤུས་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་བསྡོམས་འབོར་1014ཟིན་པ་དང་།
  ——ཡུལ་སྐོར་བ་མི་ཐེངས་ཁྲི་4150ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་441ཟིན་པ།
  ——རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་དང་བོད་ཀྱི་ནུས་རྒྱུ་གཙང་མ་གསར་གཏོད་འཕེལ་རྒྱས་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ།
  ——དྭགས་པོ་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ་དང་ལ་ཝ་ཆུ་ཤུགས་གློག་ཁང་གི་ཆུ་བཀག་ནས་བསྐྲུན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1371ཟིན་ཏེ་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་25ཟིན་པ།
  ——གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དང་། མཐོ་གསར་ལག་རྩལ་ཁེ་ལས། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་བཅས་ཀྱི་གྲངས་འབོར་12.5%དང་། 18% 127%སོ་སོར་འཕར་བ་བཅས་རེད།
  དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་བཏང་བ།
  འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བར་བྱ་རྒྱུ་དེ་རེད།
  འདི་ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2021ལོར་བོད་ཀྱི་དཔལ་འབྱོར་འཕེལ་ཕྱོགས་བཟང་པོ་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ནས་7%ཙམ་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་11%ཡན་ཟིན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་10%ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པ་བཅས་བསྟན་ཡོད།
  དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་ནས་བོད་ཀྱི་མི་དམངས་ཀྱི་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པ།
  2021ལོར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99%ཟིན་པ་དང་ཞིང་འབྲོག་པ་ཁྲི་69.3ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1བྱུང་ཡོད། བོད་ཀྱི་བདེ་ཐང་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད། ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་5629སྤྲད་པ་དང་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁང་པ་ཁྲི་1.12བསྐྲུན་པ་རེད།
  ཉིན་རེ་བཞིན་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་འགན་འཁྲི་གསར་པ་ལག་བསྟར་དང་བྱས་རྗེས་གསར་པ་བཞག་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་སྐྲུན་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་འབུངས་ཆེན་པོས་བརྩམས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་པ་རེད།