ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཁྲི་12ཡན་ཟིན་པ།

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2021ལོར་བོད་ཀྱི་ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཁྲི་12ཡན་ཟིན་ཞིང་། རིང་ཚད་དེ་སའི་གོ་ལར་སྐོར་བ་3བརྒྱབ་པ་དང་མཚུངས། འདི་ལོ་བོད་ལྗོངས་ཀྱིས་ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་216.01བཏང་ནས་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་གཞུང་ལམ་སྤྱི་ལེ་607གསར་སྐྲུན་དང་བསྐྱར་སྐྲུན་བྱེད་རྩིས་ཡོད་པ་རེད།
  2021ལོར་བོད་ལྗོངས་ཀྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་362.63བཏང་ནས་གཞུང་ལམ་དང་འགྲིམ་འགྲུལ་ལ་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་201ཟིན་ཏེ། ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཁྲི་12ཡན་ཟིན་ཡོད་པ་རེད། དེའི་ནང“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ”ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་གོང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས། ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་སྤྱི་ལེ་1105ཟིན་ཏེ། མངའ་རིས་ས་ཁུལ་ཕུད་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་6ཚང་མར་མྱུར་བགྲོད་གཞུང་ལམ་ཡོད་པ་མངོན་འགྱུར་བྱུང་ཡོད། 2021ལོར་ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ་5དང་སྲིད་འཛིན་གྲོང་ཚོ་67ལ་མཁྲེགས་ལམ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་94.55%དང་སྲིད་འཛིན་གྲོང་ཚོ་77.94%ལ་མཁྲེགས་ལམ་ཤར་གཏོང་ཐུབ་ཡོད། གྲོང་གསེབ་གཞུང་ལམ་གྱི་སྲིད་འཛིན་གྲོང་ཚོའི་སྦྲེལ་མཐུད་ལམ་ཐིག་གི་རྣམ་གྲངས་55ལག་བསྟར་བྱས་ཡོད། བོད་ལྗོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་རྒྱུན་མཐུད་མང་དུ་ཕྱིན་པ་དང་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱིས་གཞུང་ལམ་གྱི་བདེ་འཇགས་འགོག་ཟོན་ལས་གྲྭ་སྤྱི་ལེ་2300ལག་བསྟར་བྱས་པ་དང་། ཉེན་ཁ་ཆེ་བའི་ཟམ་དང་ཟམ་པ་རྙིང་པ་99སྒྱུར་བཀོད་བྱས་ཏེ། ཟམ་པ་རིང་ཆེའི་ལྟ་ཞིབ་ཚད་ལེན་དང་ཕུག་ལམ་གྱི་མཐོར་གཏོང་རིམ་སྤོར་སོགས་ཀྱི་ཆེད་དོན་ལས་གྲྭ་བརྒྱུད་རིམ་ལྡན་པའི་ངང་སྤེལ་བ་རེད།
  འདི་ལོ་བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་216.01གཏོང་རྩིས་ཡོད་པ་རེད། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་གཞུང་ལམ་སྤྱི་ལེ་607དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་1799གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་སོ་སོར་95%དང་79%ཟིན་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སོ་སོར་73.7%དང་45%ཟིན་པའི་བརྩོན་ལེན་བྱེད་རྒྱུ་རེད། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བོད་དུ་ཡོང་བ་དང་བོད་ལྗོངས་ནས་སྐྱོད་པའི་ལམ་ཆེན་དང་། རྒྱལ་ཁབ་ཀྱི་མཐའ་སྲུང་གཞུང་ལམ། “ཡག་པོ་བཞིའི་གྲོང་གསེབ་ལམ”འཛུགས་སྐྲུན་བཅས་ཀྱི་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི“ཁེར་ཆགས་གླིང་ཕྲན”མགྱོགས་མྱུར་མེད་པར་བཟོ་རྒྱུ་རེད།