ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

འཛམ་གླིང་ལ་ཡིད་ཆེས་དང་། མཛའ་བརྩེ། རེ་བ་བཅས་བརྒྱུད་སྤྲོད་བྱས་པ།

སྤེལ་དུས 2022-03-22 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
           ཟླ་3ཚེས་13ཉིན་གྱི་དགོང་མོར་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོན་མདོག་རྣམ་པར་བཀྲ་བའི་ཤོག་སྦག་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་སྒྲའི་ཁྲོད་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད”ཅེས་ནན་ཏན་ངང་ཁྱབ་བསྒྲགས་གནང་བ་རེད། གོ་ལ་ཧྲིལ་པོར“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་མྱོང་བའི་གྲོང་ཁྱེར”དང་པོ་ཡིན་པའི་པེ་ཅིང་གིས་འཛམ་གླིང་ས་གནས་ཁག་ནས་སླེབས་པའི་དབང་པོ་སྐྱོན་ཅན་ལུས་རྩལ་པས་འགྲན་རར་དཀའ་སྤྱད་འབད་བརྩོན་དང་རང་ངོས་ཚད་བརྒལ་གྱི་དཔང་པོ་བྱས་པ་དང་ཆབས་ཅིག་འཛམ་གླིང་ལ་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་བ་རེད། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་ལས“བློ་སྟོབས་དང་། ཆོད་སེམས། སྐུལ་ལྕག འདྲ་མཉམ”བཅས་ཀྱི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་བཏང་བ་དང་། “ལུས་རྩལ་ཁྲོད་ནས་སྙིང་སྟོབས་མངོན་པའི”དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཤེས་དང“འདྲ་མཉམ་དང་། ཞུགས་པ། མཉམ་སྤྱོད”བཅས་ཀྱི་ཀྲུང་གོའི་དབང་སྐྱོན་བྱ་གཞག་འཕེལ་རྒྱས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ། “མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པའི”འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། དེ་ནི་2008ལོའི་པེ་ཅིང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་རྗེས་ཀྲུང་གོས་གཉེར་བའི་གོ་ལ་ཧྲིལ་པོའི་དབང་སྐྱོན་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པས་འཛམ་གླིང་གི་དབང་སྐྱོན་ལུས་རྩལ་བྱ་གཞག་གི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་རེད།
           དེ་ནི་རང་ངོས་འགྲན་སློང་དང་མཐར་ཟད་ཚད་བརྒལ་བྱེད་པའི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། འགྲན་རའི་ནང་གི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་ཚང་མ་ནི་ང་ཚོས་གུས་བཀུར་བྱེད་འོས་པའི་རྒྱལ་ཁ་ཐོབ་མཁན་ཤ་སྟག་རེད། ཁོང་ཚོས་བསམ་ཚོད་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཧང་སངས་དགོས་པའི་མཚོན་ཚུལ་ལ་བརྟེན་ནས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་གྱི་ཉམས་འགྱུར་དང་། བསམ་པའི་ཉམས་འགྱུར། ཚེ་སྲོག་གི་ཉམས་འགྱུར་བཅས་མངོན་པར་བྱས་ཡོད་ལ། འབད་བརྩོན་ལྷོད་མེད་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་ཚེ་སྲོག་གི་བརྗིད་ཆེའི་གླུ་དབྱངས་བརྩམས་ཡོད། ཀྲུང་གོའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པས་ལས་འགན་ཕྲག་ཏུ་འཁུར་ཞིང་འབད་འཐབ་བྱེད་པར་ང་ཡོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་འབད་འཐབ་བྱེད་ཕོད་པ་དང་ཚད་བརྒལ་བྱེད་ཕོད་པའི་ཐོག་ནས་གསེར་གྱི་རྟགས་མ་18དང་། དངུལ་གྱི་རྟགས་མ་20 ཟངས་ཀྱི་རྟགས་མ་23བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་ཟིན་ཐོ་གསར་པ་ཡང་བཏོད་ཡོད། དེས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་། གདེང་ཚོད། རང་འབད། རང་ཚུགས་བཅས་ལ་ལྕག་སྐུལ་དང་སྐུལ་མ་བཏང་ནས་རྒྱལ་ཡོངས་མི་དམངས་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།
           དེ་ནི་མཐུན་སྒྲིལ་ལ་སྐུལ་འདེད་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་རེད། ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་དཀའ་ངལ་དང་སྟབས་བདེ་མེད་པའི་སྐབས་སུ་ཀྲུང་གོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ལག་ལེན་བསྟར་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་སོགས་ཐད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ནས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་ཁག་བློ་གཅིག་སེམས་གཅིག་གིས་ཡག་པོ་བསྒྲུབས་ཡོད། ཚད་གཞི་མཐོ་བའི་འགོག་རྐྱེན་མེད་པའི་སྒྲིག་ཆས་བསྐྲུན་ནས་ལུས་རྩལ་པ་དང་། མཉམ་ཞུགས་དཔོན་རིགས། ལས་དོན་པ་བཅས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། འགྲན་དོན་འགན་ལེན་དང་། སྨན་བཅོས་རོགས་སྐྱོབ། འགྲིམ་འགྲུལ་ཕྱིར་སྐྱོད། མི་གཤིས་ཅན་གྱི་བདེ་འཇགས་ཞིབ་བཤེར་སོགས་ཞིབ་ཚགས་ཤིང་ལས་ཕྱོད་ཆེན་པོས་སྒྲིག་འཛུགས་བྱས་ནས་ལུས་རྩལ་པ་འགྲན་བསྡུར་ལ་ཞུགས་པར་སྟབས་བདེ་བསྐྲུན་པ། དང་བླངས་པ་9000ལྷག་ཙམ་གྱི་སེམས་རྩ་འཁོལ་ལ་འཐུས་སྒོ་ཚང་བའི་དང་བླངས་ཀྱི་ཞབས་ཞུས་འདྲ་མཉམ་དང་། མཉམ་འདྲེས། བསྟུན་མཁས་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པར་དབང་སྐྱོན་ལུས་རྩལ་ཀྱི་ཡིད་དབང་འགུག་ཤུགས་གང་ལེགས་མངོན་པའི་གར་སྟེགས་བསྐྲུན་པ་མ་ཟད་རྒྱལ་ཁབ་ཁག་གི་མི་དམངས་འགྲོ་འོང་དང་། ཤེས་རྟོགས། མཛའ་གྲོགས་བཅས་ལ་སྐུལ་འདེད་བཏང་ཡོད།
           དབང་པོ་སྐྱོན་ཅན་གྱིས་གོ་ལ་ཧྲིལ་པོའི་སྤྱི་ཡོངས་མི་འབོར་ཁྲོད་བསྡུར་གྲངས་བཟུང་ཚད15%ཟིན་པ་དང་བདེ་སྡུག་མཉམ་མྱོང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དབང་སྐྱོན་བྱ་གཞག་ནི་མཆོག་ཏུ་གྱུར་པའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཞིག་ཡིན་པ་དང་ལུས་རྩལ་གྱིས་དབང་པོ་སྐྱོན་ཅན་ལ་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བའི་སྒོ་མོ་ཕྱེ་བ་དང་ཁོང་ཚོ་འདྲ་མཉམ་ངང་སྤྱི་ཚོགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་རོགས་རམ་བྱེད་ཀྱི་ཡོད། 2008ལོའི་པེ་ཅིང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནས་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བར་སྒོ་དབྱེའི་ཀྲུང་གོས་རྒྱལ་སྤྱིའི་ལས་འགན་ཧུར་ཐག་འཁུར་བ་དང་རྒྱལ་སྤྱིའི་དབང་སྐྱོན་ལུས་རྩལ་ལས་དོན་ཁྲོད་ཧུར་ཐག་ཞུགས་ནས་ཀྲུང་གོའི་དབང་སྐྱོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་རྒྱལ་སྤྱིའི་དབང་སྐྱོན་ལུས་རྩལ་འཕེལ་རྒྱས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབང་པོ་སྐྱོན་ཅན་ནི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པས་ལྷག་པར་དུ་སེམས་ཁུར་དང་དོ་ཁུར་བྱེད་དགོས”ཞེས་གསུངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོས་དབང་སྐྱོན་བྱ་གཞག“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས་ཕན་ནུས་དངོས་སུ་ཐོན་པའི་བྱེད་ཐབས་སྤྱད་དེ་དབང་སྐྱོན་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། དབང་སྐྱོན་ལུས་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་དབང་སྐྱོན་ལུས་རྩལ་པས་འབད་བརྩོན་ལྷོད་མེད་དང་། སྙིང་རུས་ཆེན་པོས་བརྩོན་ལེན། རྒྱལ་ཁབ་ཀྱི་ཆེད་གཟི་བརྗིད་བརྩོན་ལེན། སྤྱི་ཚོགས་ལ་ལྕག་སྐུལ་བཅས་བྱས་པས་དབང་སྐྱོན་ལུས་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཀྲུང་གོས་དབང་སྐྱོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་དང་། ཀྲུང་གོས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པོས་མངོན་ཡོད་པ་རེད།
           དཔྱིད་དུས་ནི་རྨོ་འདེབས་ཀྱི་དུས་ཚིགས་ཡིན། དྲོད་འཇམ་གྱི་དཔྱིད་རླུང་ཁྲོད་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས་ཞི་བདེ་དང་། མཛའ་གྲོགས། དོ་ཁུར་བཅས་ཀྱི་ས་བོན་མི་དེ་བས་མང་བའི་སེམས་སུ་བཏབ་པས་གཡུར་ཟའི་འབྲས་བུ་བཏགས་ངེས་རེད། ང་ཚོས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབད་འབུངས་མདུན་སྐྱོད་བྱེད་པ་དང་མཉམ་དུ་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དེ། དབང་སྐྱོན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཡར་ཐོན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།