ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ལས་སྒྲུབ་འགན་འཁུར་ནི་འགན་འཁྲིའི་གནས་ས་ཡིན།

སྤེལ་དུས 2022-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་སྐོར་གླེང་བ།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་སྒྲུབ་འགན་འཁུར་ནི་ལས་བྱེད་པའི་འགན་འཁྲི་གནས་ས་ཡིན་ལ་རིན་ཐང་གནས་སའང་ཡིན”ཞེས་ནན་བཤད་གནང་ཡོད།
           གོ་གནས་འཁུར་ནས་སྲིད་དོན་སྒྲུབ་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བློ་ཁོག་ཆེན་པོས་བྱ་གཞག་བསྒྲུབ་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་ཞིག་རེད། ལས་སྒྲུབ་འགན་འཁུར་གྱི་འཇོན་ཐང་འཕེལ་ཐུབ་པ་དང་ལས་སྒྲུབ་འགན་འཁུར་གྱི་བསམ་པའི་ཀུན་སྤྱོད་ལ་ཞུན་བརྡར་བྱ་རྒྱུ་དེ་ནི་ཏང་ཡོན་ལས་བྱེད་པ་ཚང་མ་འཚར་ལོངས་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། ལས་སྒྲུབ་འགན་འཁུར་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཁག་དང་། ལས་ཀའི་བཀོད་སྒྲིག བྱེད་ཐབས་བླང་བྱ་བཅས་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་རང་རྟོགས་དང་། ཚད་གཞི། གོམས་གཤིས་བཅས་སུ་འགྱུར་བར་བྱེད་དགོས།
           ལས་སྒྲུབ་འགན་འཁུར་བྱེད་པར། ངེས་པར་དུ་ནོར་འཁྲུལ་གྱི་བསམ་བློ་དང་བྱ་སྤྱོད་ཁག་གཅིག་དོར་ནས“ཏང་གིས་ལས་བྱེད་པ་ལས་གནས་ཁག་ཏུ་བཀོད་སྒྲིག་བྱེད་པ་དེ་ནི་ཚང་མས་ལས་སྒྲུབ་འགན་འཁུར་ཐུབ་པའི་ཆེད་དུ་ཡིན་པ་ལས། དཔོན་པོ་བྱས་ནས་སྐྱིད་པོ་རྒྱགས་པ་བྱ་ཆེད་དུ་མིན་པ”གསལ་པོ་ཤེས་པ་བྱེད་དགོས། འགན་འཁྲི་ཇི་ཙམ་འཁུར་ཕོད་ཚེ། དེ་ཙམ་གྱིས་བྱ་གཞག་ཆེན་པོ་སྒྲུབ་ཐུབ་པ་དང་། འགན་འཁྲི་ཇི་ཙམ་འཁུར་ན་དེ་ཙམ་གྱིས་གྲུབ་འབྲས་ཆེན་པོ་ཐོབ་སྲིད་པས། 
           ལས་གནས་གང་ཞིག་ཏུ་གོ་གནས་ཅི་ཞིག་འཁུར་ཡང་། ཚང་མས་འགན་འཁྲི་བློ་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་བྱ་སྤྱོད་དུ་འཁྱོལ་བ་བཅས་བྱེད་དགོས་པ་ལས། རྣམ་པ་ཙམ་སྟོན་པ་དང་། དོན་འཁྱོལ་མི་བྱེད་པ། དཀའ་ངལ་ཁོ་ན་ཤོད་པ། ཐབས་ཤེས་མི་འདོན་པ་བཅས་གཏན་ནས་བྱ་མི་རུང་། དབང་ཆ་འཛིན་འདོད་པ་ལས་འགན་འཁུར་མི་འདོད་པར་རིམ་པ་བཞིན་དགོངས་སྐོར་ཞུས་ནས་གནད་དོན་ལ་གཡོལ་ཐབས་བྱ་མི་རུང་། གནད་དོན་ཐོན་སྐབས་གཞི་རིམ་གྱིས་མི་འགྲིག་པར་བརྗོད་ནས“འགན་འཁྲི་ནན་དུ་གཏོང་བ”འགན་འཁྲི་ཕར་དཀྲི་ཚུར་དཀྲིའི་ལག་ཆར་འགྱུར་མི་རུང་། མངོན་བརྩི་ལྐོག་འགལ་དང་ཚོགས་འདུར་བརྟེན་ནས་ཚོགས་འདུ་དོན་འཁྱོལ་དང་ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་བྱས་ཏེ་མཐར་འགན་འཁྲི་མི་འཁྱེར་བའམ་ཟོལ་ཙམ་དུ་འགྱུར་བར་བྱ་མི་རུང་།
           ལས་སྒྲུབ་འགན་འཁུར་བྱེད་པར། ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་དངོས་མཐིལ་རྟོགས་ཐུབ་པར་བྱེད་དགོས། བརྟག་དཔྱད་མ་བྱས་པར་སྐད་ཆ་ཤོད་དབང་མེད་པ་དང་གཞི་རིམ་དུ་མང་ཙམ་བསྐྱོད་ཚེ། གཞི་ནས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་ཐུབ། ལས་དོན་སྒྲུབ་བསམ་པ་དང་། ལས་དོན་སྒྲུབ་ཐུབ་པ། ལས་དོན་སྒྲུབ་ཤེས་པ་བཅས་ལ་དམིགས་ནས“ནན་པ་དང་། ཞིབ་ཚགས། གཏིང་ཟབ། ཏན་ཏིག མྱུར་བ”བཅས་ཀྱི་སྤྱོད་ཚུལ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། འཐབ་ཕྱོགས་དང་པོའི་གནས་ཚུལ་ཤེས་རྟོགས་དང་འཐབ་ཕྱོགས་དང་པོར་བསྐྱོད་ནས་གནད་དོན་ཐག་གཅོད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་དགོས། “བརྟག་ཞིབ་ཁོ་ནའི་ཆེད་དུ་བརྟག་ཞིབ་བྱེད་པ”སྔོན་འགོག་བྱས་ཏེ“གཞི་རིམ་དུ་བསྐྱོད་ནས་བསམ་ཕྱོགས་འདོན་པའི”འདུ་ཤེས་ལག་བསྟར་ཏན་ཏིག་དང་། “བཅའ་སྡོད་ཞིབ་འཇུག”དང“གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱེད་པ”སོགས་ཀྱི་བསམ་ཕྱོགས་གང་ལེགས་སྤྱད་དེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་རེ་སྒུག་ཉན་པ་དང་། འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་འཕྲལ་མཁོ་དང་དཀའ་ངལ་ཤེས་རྟོགས་བྱས་ནས“གང་ཞིག་ཡོད་པའི”རྨང་གཞིའི་ཐོག“ཇི་ལྟར་ལྟ་བ”དང“ཇི་ལྟར་སྒྲུབ་པར”ཞིབ་འཇུག་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དངོས་འབྲེལ་ཐག་གཅོད་ཡག་པོ་བྱེད་དགོས།
           ལས་སྒྲུབ་འགན་འཁུར་བྱེད་པར། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། མིག་སྔར་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་རྙོག་འཛིང་ཆེ་བ་དང་། ང་ཚོའི་ལས་བྱེད་པ་མང་པོ་ཞིག་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཡུལ་ས་གཙོ་བོ། མཐའ་བརྟན་མཐའ་སྟོབས་ཀྱི་འཐབ་ཕྱོགས་དང་པོ་བཅས་སུ་ཡོད་པས། ལས་འགན་ལྕི་ཞིང་འགན་འཁྲི་ཆེན་པོ་ཡིན་པ་སྨོས་མེད་རེད། ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་དང་ལངས་ཕྱོགས་བརྟན་པོ་ཡོང་བར་བྱེད་དགོས་ལ། ལས་སྒྲུབ་འགན་འཁུར་གྱི་བརྒྱུད་རིམ་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་མཁས་པོ་བྱས་ཏེ་ཉེན་ཁར་མི་སྐྲག་པ་དང་། འགྲན་སློང་ལ་མི་སྐྲག་པ། ཐེ་ཇུས་ཀྱིས་བསམ་བློར་གཡོ་འགུལ་མི་ཐེབས་པ་བཅས་བྱས་ཏེ་ཏང་གི་ཆེད་དུ་སེམས་ཁྲལ་སེལ་བ་དང་། ཏང་གི་ཆེད་དུ་འགན་འཁྲི་འཁུར་བ། ཏང་གི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བཅས་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་འཁུར་བཟོད་པ་བཅས་བྱས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་། འགལ་ཟླ་འཕྲད་སྐབས་དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ། ཉེན་ཁ་འཕྲད་སྐབས་དཔའ་ངར་ཆེན་པོས་གདོང་མཆོང་བྱེད་ཕོད་པ། ནོར་འཁྲུལ་ཐོན་སྐབས་འགན་འཁྲི་འཁུར་ཕོད་པ། ཚུལ་མིན་སྤྱོད་ཚུལ་འཕྲད་སྐབས་འཐབ་རྩོད་མཐའ་གཅིག་ཏུ་ཕོད་པ་བཅས་བྱས་ནས། བོད་སྐྱོང་བོད་བརྟན་བོད་དར་བྱ་གཞག་གི་གདོང་ལེན་པ་དང་དཔེ་བཟང་བ་ཞིག་བྱས་ནས་བྱས་རྗེས་གསར་པ་འཇོག་དགོས།