ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་གི་ཁྲོམ་ར་ཆེན་པོ་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁུལ་བཟང་པོ་ཞིག་མུ་མཐུད་གཏོད་དགོས་པའི་ནན་བཤད་གནང་བ།

སྤེལ་དུས 2022-05-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཟླ་5ཚེས་19ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཏེའོ་ཡུས་ཐའེ་ཡི་ཧྥང་ཧྭ་ཡོན་དུ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་བཙུགས་ནས་ལོ་ངོ་70འཁོར་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། དབྱིན་ཇིའི་ཚོགས་པ་48ཀྱི་འདུ་ཚོགས་ཁང་། ཏ་ཧན་ཚོང་དོན་མ་འཇོག་དར་རྒྱས་ཀུང་ཧྲེ། མ་ལེ་ཞི་ཡ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཚོང་ཚོགས། ཀྲུང་གོ་དང་རི་པིན་ཚོང་ཚོགས། ཀྲུང་གོ་དང་ཨ་རིའི་ཚོང་ཚོགས་སོགས་སྒྲིག་གཞི་30ཙམ་དང་རྒྱལ་སྒྲོལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད། བཞུགས་མོལ་ཚོགས་འདུ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་འཚོགས་པ་རེད།
  ལི་ཁེ་ཆང་གིས་དང་ཐོག་དུས་ཡུན་རིང་པོའི་ནང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་སྒྲིག་གཞི་དང་ཁེ་ལས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
  ལི་ཁེ་ཆང་གིས། ཚོང་དོན་སྐུལ་འདེད་ལྷན་ཚོགས་བཙུགས་ནས་ལོ་ངོ་70སོང་རིང་ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པ་དང་། ཀྲུང་ཕྱིའི་མི་དམངས་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་བཏང་བ། རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོང་དོན་སྐུལ་འདེད་ལྷན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བའི་ཚོགས་ཆེན་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་ཏེ་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ཅེས་གསུངས་ཡོད། ཚོང་དོན་སྐུལ་འདེད་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་དང་མཉམ་དུ་སྤེལ་བ་དང་། སྒོ་དབྱེ་དང་མཉམ་དུ་འཕེལ་རྒྱས་གཏོང་བ། ཁེ་ལས་དང་སེམས་པ་གཅིག་མཐུན་བཅས་བྱེད་ཀྱི་ཡོད། ཚོང་དོན་སྐུལ་འདེད་ཀྱི་ལོ་རྒྱུས་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་ལ་ཀྲུང་གོས་གོམ་སྟབས་ཆེན་པོས་འཛམ་གླིང་ཕྱོགས་སུ་སྐྱོད་པའི་ལག་ལེན་གྱི་མཚོན་ཚུལ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
  ལི་ཁེ་ཆང་གིས། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ནི་རྒྱལ་ཁབ་ཁག་གི་ལེགས་ཆ་གསབ་རེས་དང་མཁོ་དགོས་བརྗེ་རེས་ཀྱི་དགོས་མཁོ་ཞིག་རེད་ལ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། དེའི་མཉེན་ཤུགས་དང་གསོན་ཤུགས་ནི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་ཤིག་རེད། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བ་དང་། ཏོག་གསར་གློ་ཚད་རིམས་ནད་དང་ས་འབྲེལ་ཆབ་སྲིད་ཀྱི་གདོང་ཐུག་སོགས་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོའི་ཚོང་དོན་དང་མིའི་རིགས་ཀྱི་བདེ་རྩར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་འཛིན་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། རང་མོས་ཉོ་ཚོང་དང་དྲང་གཞག་ཉོ་ཚོང་མཐའ་འཁྱོངས། ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བཅས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་རྒྱུ་ནོར་འཕར་སྣོན་ཡོང་བར་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
  ལི་ཁེ་ཆང་གིས། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་ལ་དཔལ་འབྱོར་སྒྲིག་གཞི་གཙོ་བོ་དང་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན་པའི་ངོས་ནས་ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་གཏིང་ཟབ་འདྲེས་ཡོད། མིག་སྔར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ལ་ལོ་ལྟར་འགག་རྩའི་ལྷུ་ལག་དང་། སྒྲིག་ཆས། མ་བཅོས་རྒྱུ་ཆ་བཅས་འབོར་ཆེན་ནང་འདྲེན་བྱེད་དགོས་པ་མ་ཟད། སྣ་མང་ཅན་གྱི་ཞིང་ལས་ཐོན་རྫས་ཀྱང་ནང་འདྲེན་བྱས་ནས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས་ཀྱི་ཡོད། ང་ཚོས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་སྔར་བཞིན་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱི་སྔོན་ཐོན་ཉམས་མྱོང་དང་ཕན་ཡོད་ཤེས་བྱར་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། ཀྲུང་གོའི་ཁྲོམ་རའི་གཏིང་ཤུགས་ཧ་ཅང་ཆེ་བ་དང་མ་འཇོག་སྣ་ཚོགས་ལ་བར་མཐོངས་ཧ་ཅང་ཆེན་པོ་ལྡན་ཡོད་པས། རྒྱལ་ཁབ་ཁག་གི་ཁེ་ལས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་དེ་བས་མང་བ་འཚོལ་བ། འགལ་ཟླ་དང་མ་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ནས་གཉིས་ཁེ་མཉམ་ལས་ཀྱི་ཁྲོད་ཕྱོགས་གཉིས་ཀ་དང་ཕྱོགས་མང་པོར་ཕན་པ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
  ལི་ཁེ་ཆང་གིས། ཀྲུང་གོ་སྲིད་གཞུང་གིས་རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་ཀྱི་ཡོད། མིག་སྔའི་རིམས་ནད་ལས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་པར་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་བྱ་ཐབས་ཧུར་ཐག་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་། མི་སྣ་རྒྱལ་མཚམས་ནང་གཏོང་བ། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཐད་ཀྱི་གནད་དོན་མཐུན་སྦྱོར་གྱིས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་མི་རུང་། ང་ཚོས་ཀུན་གྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་མུ་མཐུད་དམིགས་ནས་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་ཞབས་ཞུ་སྔར་ལས་ལེགས་པ་བསྒྲུབ་ཀྱི་ཡིན་ཞེས་གསུངས་པ་རེད།
  ལི་ཁེ་ཆང་གིས། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པ་ནི་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་ཆེད་ཡིན་པས། དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་གི་ཡིན་ལ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱའང་ཇེ་ཆེར་འགྲོ་རྒྱུ་རེད། ང་ཚོས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་དང་། ཁ་གསལ་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ལྟ་འདོམས་སྒྲིག་སྲོལ་ཁ་གསལ་བཟོ་བ། ཁྲོམ་རར་ཞུགས་འཐུས་སྔར་ལས་ལྷུག་ཏུ་གཏོང་བ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲིམས་མཐུན་དང་འདྲ་མཉམ་ངང་སྒོ་དབྱེའི་ཁྱབ་ཁོངས་སུ་ཞུགས་པར་འགན་སྲུང་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ནན་པོ་བཅས་བྱས་ཏེ། ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཁྲོམ་ར་ཆེན་པོ་དང་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱ་ཡུལ་བཟང་པོ་ཞིག་ཏུ་མུ་མཐུད་བསྐྲུན་གྱི་ཡིན་ཞེས་ནན་བཤད་གནང་བ་རེད།