ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར།

མི་དམངས་རང་ཁྱིམ་རང་བདག་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་གཉིས་པ།

སྤེལ་དུས 2019-03-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           འདི་ལོ་ལོ་76ལ་སླེབས་པའི་བསོད་ནམས་བག་གྲོ་ལྷ་ས་གྲྭ་བཞི་ལྷ་ཁང་གི་གཞིས་ཀ་ཞིག་ཏུ་སྐྱེས། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བསོད་ནམས་བག་གྲོའི་ཁྱིམ་ཚང་ཞིང་བྲན་ཡིན་པ་དང་། ནང་མི་ཚང་མ་བཀའ་ཤག་སྲིད་གཞུང་གིས་གྲྭ་བཞི་ལྷ་ཁང་ལ་བགོས་པའི་རྒྱ་ཆུང་ལ་གུ་དོག་པའི་ཁང་པ་ཞིག་ནང་སྡོད་ཀྱི་ཡོད། ཁོང་ཚོའི་ཁྱིམ་ལ་ས་ཞིང་མེད་ཅིང་། ཡིན་ནའང་མུའུ་20ཙམ་ཟིན་པའི་གྲྭ་བཞི་ལྷ་ཁང་གི་ས་ཞིང་རྨོ་འདེབས་བྱེད་དགོས་པ་དང་། སྟོན་འབྲས་མང་ཆེ་བ་ལྷ་ཁང་དུ་སྐྱེལ་དགོས་པས་རང་ཉིད་ལ་འབྲུ་རིགས་འཚོ་བ་འཁྱོལ་ཙམ་ལས་མེད།
      བོད་རྙིང་པར། ཞིང་བྲན་གྱིས་མི་འབོར་ཡོངས་ཀྱི་90%བཟུང་བ་དང་། སྲིད་གཞུང་དང་། སྐུ་དྲག དགོན་སྡེ་བཅས་གསུམ་ནི་ཞིང་བྲན་རྣམས་ཀྱི་མགོ་ཐོག་ཏུ་གནོན་པའི་རི་བོ་ཆེན་པོ་གསུམ་དང་འདྲ་བར་ཁོང་ཚོའི་ཐོན་སྐྱེད་རྒྱུ་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་ལ། བསམ་བློའི་འཆིང་རྒྱར་ཚུད་པའི་ཞིང་བྲན་རྣམས་ལ་སྐད་ཆ་ཤོད་དབང་མེད། 1959ལོར། ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་དམངས་གཙོའི་བཅོས་སྒྱུར་བྱེད་རྒྱུའི་ཐབས་ཇུས་གལ་ཆེན་བསྟར་ནས་གྲལ་རིམ་གཉའ་གནོན་གྱི་བོད་རྙིང་པ་དེ་མི་དམངས་རང་ཁྱིམ་རང་བདག་གི་བོད་ལྗོངས་གསར་པར་བསྒྱུར་ཡོད།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་ཆེས་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེས་རྒྱ་ཁྱབ་དང་། ཆེས་བདེན་པ། ཆེས་གོ་ཆོད་བཅས་ཀྱི་དམངས་གཙོ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བར་མི་དམངས་ཀྱི་འདོད་འདུན་མཚོན་པར་བྱ་རྒྱུ་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན་བྱ་རྒྱུ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བྱ་རྒྱུ་བཅས་ཀྱི་ཐོག་ནས་ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་དགོས་པའི”ནན་བཤད་གནང་ཡོད། ད་ཆའི་བོད་ལྗོངས་དཔལ་འབྱོར་དར་རྒྱས་དང་། ཆབ་སྲིད་བརྟན་ལྷིང་། རིག་གནས་གོང་འཕེལ། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་སོགས་ཡོད་པ་དང་། བདེ་སྐྱིད་འདི་དག་ནི་མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད། 

      “ཆོས་སྲིད་ཟུང་འབྲེལ”ནས་དགོན་སྡེར་དམངས་གཙོའི་དོ་དམ་བྱེད་པའི་བར། 
      “ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་འོག་དགོན་སྡེས་ས་གནས་ཤིག་གི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ། དམག་དོན་བཅས་ཀྱི་ཐོན་ཁུངས་ལ་ཚོད་འཛིན་བྱེད་པ་དང་ཆབས་ཅིག་འཇིག་རྟེན་པའི་སྲིད་དབང་མཉམ་འཛིན་མཁན་གྱི་མིང་ཐོག་ནས་ཞིང་བྲན་ལ་སྲིད་དབང་སྒེར་གཅོད་བྱེད་ཀྱི་ཡོད། 
      བོད་རྙིང་པའི་ཞིང་བྲན་རྣམས་ཁྲལ་པ་དང་། དུད་ཆུང་། ནང་བཟན་བཅས་སུ་དབྱེ་བ་དང་། བསོད་ནམས་བག་གྲོའི་ཁྱིམ་ནི་ཁྲལ་པའི་ཁོངས་སུ་གཏོགས་པ་དང་ཞིང་བྲན་ནང་གི་རིགས་ཁུངས་ཅུང་ཡག་པ་ཞིག་རེད། དེ་ལྟར་ཡིན་ནའང་། ཁོང་ཚོས་དགོན་སྡེར་ཁྲལ་འུ་ལག་རྒྱུག་དགོས་པ་མ་ཟད། ད་དུང་གཟབ་གཟབ་སིལ་སིལ་ངང་ནད་གཞི་མི་ཕོག་པའམ་ཡང་ན་བུ་ལོན་མི་ཟུག་པ་བྱེད་དགོས་ཀྱི་ཡོད། ཁྲལ་པ་གཞིས་སྟོངས་རྗེས་དུད་ཆུང་དང་ཐ་ན་ནང་བཟན་ལ་གྱུར་ནས་ཁྲལ་དེ་བས་མཐོ་བ་འཇལ་དགོས་པས་མི་རབས་ནས་མི་རབས་བར་ཞིང་བྲན་བྱེད་རྒྱུ་ལས་མ་འདས་པ་དང་གྲལ་རིམ་གཞན་དག་དང་གཉེན་སྒྲིག་བྱེད་ཆོག་གི་མེད། 
      “སྔོན་ཆད་ཞིང་བྲན་ཚོའི་གྱོན་གོས་ཚང་མ་རྩབ་རལ་རེད། མགོ་བོའི་ཞྭ་མོ་ནས་རྐང་པའི་ལྷམ་བར་ལྷན་པ་བརྒྱབ་པ་ཤ་སྟག་རེད། ལོ་གཅིག་དུས་བཞིར་རྐང་པར་རས་ལྷམ་རལ་པ་ཞིག་ལས་གྱོན་རྒྱུ་མེད། རྐང་ཤུབས་ཟེར་བ་གང་ཡིན་པ་ཤེས་ཀྱི་མེད། དགོན་སྡེའི་དགེ་འདུན་པ་ཚང་མས་ཆེད་མངགས་བཟོས་པའི་གཟན་གྱོན་པ་དང་། ག་དུས་ཡིན་ནའང་ཇ་བསྲུབས་མ་འཐུང་རྒྱུ་དང་ཚགས་ཤ་དང་ལུག་ཤ་ཟ་རྒྱུ་ཡོད”ཅེས་བསོད་ནམས་བག་གྲོས་བརྗོད་པ་དང་། དེ་ལྟ་བུའི་ཐོབ་ཐང་གི་ཧེ་བག་ཡོད་པས་ཁོ་པ་ཚོས་དགེ་འདུན་པར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་ལ་ཁོ་ཚོར་ཕོག་ཐུག་གཏོང་ནུས་ཀྱི་མེད། 
      ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་སྲིད་ཏང་ཞིག་ཡིན་པས་མི་དམངས་རང་ཁྱིམ་རང་བདག་ཡོང་བ་མཐའ་འཁྱོངས་བྱེད་ཅིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བརྒྱུད་རིམ་ནང་། དགོན་སྡེའི་ཆབ་སྲིད་ཀྱི་དམིགས་བསལ་དབང་ཆ་མེད་པར་བཟོས་ནས་ས་ཞིང་དང་། གཞིས་ཀ འབྲོག་ར་སོགས་ཀྱི་དཔལ་འབྱོར་ཐོན་ཁུངས་གཞུང་བཞེས་བཏང་བའམ་ཡང་ན་བླུ་ཉོ་བྱས་པ་མ་ཟད། ད་དུང་དགོན་སྡེས་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་ཀྱི་བྱ་གཞག་གོང་འཕེལ་ལ་ཐེ་ཇུས་བྱེད་མི་ཆོག་པའི་བྱ་ཐབས་ལག་བསྟར་བྱས་ཡོད། ཆོས་ལུགས་ལ་ཡུན་རིང་རང་བཞིན་དང་ཕྱི་རོལ་ཡུལ་དང་མཐུན་པའི་རང་བཞིན་ལྡན་པའི་དབང་གིས་ཏང་དང་རྒྱལ་ཁབ་ཀྱིས་དགོན་སྡེར་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། དགེ་འདུན་པས་དམངས་གཙོའི་འདེམས་བསྐོ་བྱས་པ་བརྒྱུད་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱུང་བ་དང་། ཨུ་ཡོན་ལྷན་ཁང་གིས་དགོན་སྡེའི་ནང་ཁུལ་བྱ་བར་དོ་དམ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་དེའི་རྨང་གཞིའི་ཐོག་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད། 
      “སྒྱུར་བཀོད་རབ་དང་རིམ་པ་འདི་དག་བརྒྱུད། རྩ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ངེས་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཐུབ་པ་བྱུང་བས་དགོན་སྡེ་དེ་ཉིད་མང་ཚོགས་ལ་གཉའ་གནོན་གཏོང་མཁན་གྱི་དབང་སྒྱུར་གྲལ་རིམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མཁན་དང་དེའི་ནང་ཞུགས་མཁན་ལ་གྱུར་ཡོད། དེ་ཐོག་ནས་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་པ་མཚོན་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོན་པའི་ངང་ལག་ལེན་བསྟར་བའང་མཚོན་ཡོད”ཅེས་སི་ཁྲོན་ཞིང་ཨུད་ཏང་གི་སློབ་གྲྭའི་བོད་རིགས་ས་ཁུལ་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་གཞོན་པ་ཤའོ་ཡའོ་ཀྲུང་གིས་བརྗོད་ཀྱི་འདུག
      2011ལོ་ནས་བཟུང་། ལྗོང་ཡོངས་སུ་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་དང་། དེ་བཞིན་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་སྤེལ་ཞིང་། དེའི་ནང་དགོན་སྡེ་1735ལ་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། དགོན་སྡེ་1730ལ་གློག་ཁྲིད་པ། དགོན་སྡེ་1662ལ་ཆུ་ཤར་གཏོང་ཐུབ་པ། དགོན་སྡེ་1736ལ་འཕྲིན་གཏོང་ཤར་གཏོང་ཐུབ་པ་བཅས་བྱུང་བ་མ་ཟད། ད་དུང་དགོན་སྡེ་ཚང་མར་གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། ཚགས་པར། རིག་གནས་དཔེ་ཁང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད། དགོན་སྡོད་དོ་དམ་ཨུ་ཡོན་ལྷན་ཁང་དང་ནང་བསྟན་མཐུན་ཚོགས་ཀྱིས“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་ཚོར་ཆབ་སྲིད་ཐད་གཟི་བརྗིད་ཀྱི་ཚོར་སྣང་ཡོད་པ་དང་། སྤྱི་ཚོགས་ཐོག་གནས་བབ་ཡོད་པ། དཔལ་འབྱོར་ཐད་སྐུལ་ལྕག་ཡོད་པ་བཅས་བྱས་ཡོད། 
      ལྷ་ལྡན་གཙུག་ལག་ཁང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་དགེ་འདུན་པ་དང་ཨུ་ཡོན་ཉི་མ་ཚེ་རིང་གིས“ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལས་དེ་སྔའི་རྗེས་ལུས་ཀྱི་གྲལ་རིམ་གཉའ་གནོན་ལམ་ལུགས་ལ་འགྱུར་ལྡོག་ཕྱིན་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་རྣམས་ལ་མི་དམངས་རང་ཁྱིམ་རང་བདག་ལ་དངོས་འབྲེལ་གྱུར་ཡོད། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་མཐུན་རྐྱེན་འདོན་སྤེལ་བྱས་ཏེ་དད་ལྡན་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་ཞབས་འདེགས་ཞུས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག

      མི་རིགས་ཀྱི་ལས་བྱེད་པ་དང་བུད་མེད་ཤེས་ལྡན་པ་མགྱོགས་མྱུར་མང་དུ་ཕྱིན་པ།
      ན་ནིང་གི་ཟླ་6པར། དུས་ཐེངས་བཅུ་པའི་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་ཀྲུང་ནན་མི་རིགས་སློབ་ཆེན་དུ་སློབ་འགོ་ཚུགས་ཤིང་། གསོ་སྦྱོང་འཛིན་གྲྭ་གཉེར་བ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་ཞིག་ཡིན་ལ། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།
      དུས་ཡུན་རིང་པོའི་ནང་། ལས་བྱེད་པའི་འཚར་ལོངས་ཆོས་ཉིད་ལ་བརྩི་སྲུང་ཞུ་ཆེད། རང་ལྗོངས་ཀྱིས“གསོ་སྦྱོང་དང་གཤམ་སྐྱོད”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། རྒྱལ་ཁབ་སྲིད་འཛིན་སློབ་གླིང་། མི་རིགས་སློབ་གླིང་དང་སློབ་གྲྭ་བཅས་དང་། དེ་བཞིན་ལྗོངས་ནང་ཁུལ་གྱི་རིམ་ཁག་ཏང་གི་སློབ་གྲྭར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་འདེམས་མངག་བྱས་པ་དང་། ཐབས་ལམ་མང་པོ་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པས་ཕུལ་བྱུང་གི་མི་རིགས་ལས་བྱེད་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་རིམ་ཁག་འགོ་ཁྲིད་ཀྱི་ལས་གནས་སུ་བསྐྱོད་དེ་བོད་ལྗོངས་འཕེལ་རྒྱས་དང་བརྟན་ལྷིང་གི་འཐབ་ཕྱོགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།
      རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་། གདམ་གསེས། བེད་སྤྱོད་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། 1984ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཡོངས་བསྒྲགས་ལག་བསྟར་བྱས་ཚུན། རང་ལྗོངས་ཀྱི་སྐབས་རིམ་བྱུང་གི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་གཙོ་བོ་ཚང་མའི་གོ་གནས་བོད་རིགས་ལས་བྱེད་པས་ཁུར་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པ་དང་རྫོང་རིམ་པའི་ཏང་སྲིད་ཀྱི་གོ་གནས་གཙོ་བོ་འཁུར་མཁན་མང་ཆེ་བ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཡིན་ཞིང་། མིག་སྔ་བར། རང་ལྗོངས་ཀྱི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པའི་མི་གྲངས་ཁྲི་10ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་བསྡོམས་འབོར་གྱི་70%ཡན་བཟུང་བ་དེས་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་གི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་ལས་ལྡབ་15ཙམ་འཕར་ཡོད། 
      བོད་རྙིང་པར་བུད་མེད་ལ“སྐྱེ་དམན”ཞེས་འབོད་པ་དང་། བུད་མེད་རྣམས་མགོ་བོ་བསྒུར་ནས་འགྲོ་དགོས་པས་ཁོང་ཚོའི་ཚེ་སྲོག་ནི་རྩྭ་ཐག་ཅིག་དང་གཅིག་མཚུངས་སུ་བརྩི་གི་ཡོད། བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཁེ་དབང་ཟེར་བ་ནི་དེ་བས་གླེང་ཐབས་བྲལ་ཞིང་། ཕྲུ་གུ་བཙའ་བའི་སྐབས་ནི་ཁོ་ཚོའི་ངོས་ནས་བརྗོད་ན། ཉེན་ཁ་ཆེ་ཤོས་ཀྱི་སྐབས་ཤིག་ཡིན་པ་དང་། སྦྲུམ་མ་འཆི་ཚད་ཁྲི་བཅུ་ཆ་ལྔ་སྟོང་ཟིན་གྱི་ཡོད། ད་དུང་བུད་མེད་ལ་སློབ་གྲྭ་འགྲིམ་པའི་གོ་སྐབས་དེ་བས་མེད་ཅིང་། 90%ཡན་གྱི་བུད་མེད་ཚང་མ་ཡིག་རྨོངས་བ་ཤ་སྟག་རེད།
      “བུད་མེད་ཀྱི་སྤྱི་ཚོགས་གནས་བབ་གནས་ཚུལ་དང་འཕེལ་རྒྱས་ཀྱི་གནས་ཚུལ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་དཔལ་ཡར་ཐོན་ལ་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་ཞིང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། རང་ལྗོངས་ཀྱི་བུད་མེད་ཀྱི་སྤྱི་ཚོགས་གནས་བབ་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ནས་དམངས་གཙོ་ཁྲིམས་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཁག་ཏུ་བུད་མེད་ཀྱི་ནུས་པ་འདོན་སྤེལ་ཤུགས་ཆེན་བྱས་ཡོད། ཁོང་ཚོ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ནང་སྣང་ཆུང་བྱ་མི་རུང་བའི་སྟོབས་ཤུགས་ཤིག་རེད”ཅེས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས་བརྗོད་ཀྱི་འདུག
      ལོ་47ལ་སླེབས་པའི་ལིའུ་ཡུས་ཧུང་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་འདེབས་གསོ་ཁང་གི་ཀྲུའུ་རེན་ཡིན་ལ། རང་ལྗོངས་སུ་འཚར་ལོངས་བྱུང་བའི་བུད་མེད་ཆེད་ལས་ལག་རྩལ་པ་ཞིག་ཀྱང་རེད། ཁོང་རང་སྐྱོང་ལྗོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྦྱོང་རྣམ་གྲངས་ནང་ཞུགས་མ་ཐག་ཡིན་ཞིང་། ཁོང་གིས“ཆེད་ལས་རྩལ་ནུས་ཆེ་རུ་ཕྱིན་སོང་། དམིགས་བསལ་གསོ་སྦྱོང་ལ་ཞུགས་པ་བརྒྱུད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་དང་གཞི་རྩའི་རྩལ་ནུས་ཆེ་རུ་ཕྱིན་པ་མ་ཟད། ཚན་ཞིབ་ལས་ཀའི་ཐབས་ཤེས་མང་དུ་ཕྱིན་སོང་། དེ་ནི་ངའི་ཚན་ཞིབ་བརྒྱུད་རིམ་ཁྲོད་ཀྱི‘སྣུམ་སྣོན་ས་ཚིགས’ལྟ་བུ་ཞིག་ཡིན”ཞེས་བརྗོད་ཀྱི་འདུག
      བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། ལྗོངས་ཡོངས་སུ་ད་ལྟ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་87436ཡོད་པའི་ནང་བུད་མེད་51249ཡོད་པ་དེས་ལག་རྩལ་ཤེས་ལྡན་མི་སྣའི་བསྡོམས་འབོར་གྱི་58.61%བཟུང་ཡོད། ལྗོངས་ཡོངས་སུ་ད་ཆ་བུད་མེད་མཐོ་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་1789ཡོད་པ་དང་། བུད་མེད་འབྲིང་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་10056ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་བུད་མེད་རིགས་གཅིག་མཁས་ཅན་40ཡོད་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་བུད་མེད་8ཡོད་པ་རེད། 

      ལམ་ལུགས་ཇུས་འགོད་ལས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱུང་བ། 
      ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་། “མི་དམངས་ཀྱི་བྱེད་པོའི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས” “མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས” “གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས” “མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་དགོས” “སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས”ཞེས་པ་སོགས་དམིགས་བསལ་ནན་བཤད་གནང་ཡོད། བོད་ལ་དམངས་གཙོའི་བཅོསསྒྱུར་བྱས་ནས་ལོ་60སོང་རིང་། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ལེགས་ཆ་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་འཛད་མཐའ་མེད་པ་ཞིག་རེད།
      རང་རྒྱལ་གྱི་ལམ་ལུགས་མ་ལག་ཁྲོད་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ཞིག་ཡིན་པའི་ཆ་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་མི་དམངས་རང་ཁྱིམ་རང་བདག་གི་ཐབས་ལམ་གལ་ཆེན་དང་མངོན་འགྱུར་ཡོང་ཐབས་ཡག་ཤོས་ཤིག་རེད། རང་ལྗོངས་ཀྱིས་མི་དོན་བསྐོ་འཐེན་དང་། འཐུས་མིའི་ལས་དོན། འདེམས་བསྐོ་སོགས་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་ཞིབ་བཤེར་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་ཁག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། 
      རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོག་རིང་། རང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། གྲོང་གསེབ་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས། སྣོད་བཅུད་འདུ་འགོད་འཛུགས་སྐྱོང་སོགས་ལྟེ་བའི་ལས་དོན་ལ་གཞིགས་ནས། ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་རིན་ཐང་དང་ཆུ་ཚད་ལྡན་པའི་གྲོས་གཞི་ཁག་293བཏོན་ཡོད། དེའི་ནང་གྲོས་གཞི་ཁག་281སྲིད་གཞུང་གིས་སྒྲུབ་གཉེར་བྱས་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་96%བཟུང་ཡོད། 
      “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་བླང་བྱ་གསར་པར་དམིགས་ནས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་བཏོན་གནང་བའམ། ཡང་ན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་གང་ཞིག་ཡིན་རུང་དེ་དག་ཚང་མ་ལས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་མི་དམངས་རང་ཁྱིམ་རང་བདག་དོན་འཁྱོལ་བྱུང་བའི་རྩ་བའི་གཞི་འཛིན་ས་གསལ་པོ་མཚོན་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པ་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་ལི་ཧུང་གིས་བརྗོད་ཀྱི་འདུག
      མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། རང་རྒྱལ་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཀྱང་ཡིན་ཞིང་། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་1965ལོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ཚུན། རང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་འདྲ་མཉམ་གོང་འཕེལ། ཐུན་མོང་ཐོག་དར་རྒྱས་ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། 
      “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་གཙོ་བོར་བྱས་པའི་བཅའ་ཁྲིམས་ནང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུའི་གཏན་འབེབས་བྱས་ནས་སྤྱི་དམངས་ཚང་མར་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པའི་དབང་ཆ་དང་གོ་སྐབས་འདྲ་མཉམ་སྤྲད་པས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སྤེན་པ་ལྷ་མོས་བརྗོད་ཀྱི་འདུག
      དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། རང་ལྗོངས་ལ“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”བྱུང་སྟེ་མུན་ནག་ནས་འོད་ཟེར་དང་། སྒེར་འཛིན་ནས་དམངས་གཙོ། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་བྱེད་རྒྱུ་དེ་དམངས་གཙོ་ཆབ་སྲིད་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བརྗིད་ཆེའི་འཆར་གཞི་བཀོད་ཡོད། 

རྩོམ་སྒྲིག་པ། སྣང་རྡོ།