སྤྱི་ལོ་༢༠༡༨ལོའི་ཟླ་བ་༣པའི་ཚེས་༥ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ནང་སོག་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཀའི་གཙོ་གནད་ཐོན་ལས་གྲུབ་གཞི་བརྗེ་སྒྱུར་རིམ་སྤོར་བྱེད་པའི་ཐད་བཞག་ནས་དངོས་གཞིའི་དཔོལ་འབྱོར་ཚབ་ལོངས་པ་དང་སྟོབས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་བས། ནང་སོག་ནས་དེང་རབས་ནུས་རྒྱུའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་འཚོལ་ཞིབ་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་ཡོད་པ་རེད།
དཔྱིད་གསར་དུས་ཆེན་རིང་། པའོ་ཀང་ཚོགས་པའི་ཞི་ཐུའུ་ངར་ལྕགས་རྒྱུ་ཆ་ཀུང་སིའི་ངར་ལྕགས་ཚ་གནོན་འཁོར་ཁང་ནང་། ལས་བཟོ་པ་རྣམས་ནས་ལས་ཀ་འཕར་མ་བྱས་ཏེ་ཞི་ཐུའུ་ངར་ལྕགས་རྒྱུ་ཆ་ཐོན་སྐྱེད་བྱེད་བཞིན་ཡོད། ལག་རྩལ་གཙོ་གཉེར་པ་ཀྲའུ་ཞོལ་ཀང་གིས་ཐོན་སྐྱེད་བྱེད་ཡུལ་དུ་ཕར་རྒྱུགས་ཚུར་རྒྱུགས་གནང་ནས་ཐོན་སྐྱེད་ཀྱི་ལས་རིམ་རེ་རེ་བཞིན་གྱི་འགྱུར་ལྡོག་ཐད་གཟིགས་ཞིབ་ནན་ཏན་བྱས་ནས་ཐོན་སྐྱེད་བྱས་མ་ཐག་པའི་སྤྱོད་ཡུལ་རླངས་འཁོར་ཐད་ཞི་ཐུའུ་ངར་ལྕགས་རྒྱུ་ཆ་ཚད་གཞི་དང་མཐུན་རྒྱུར་འགན་ལེན་བྱེད་བཞིན་ཡོད།
སྤྱི་ལོ་༢༠༡༨ལོར། པའོ་ཀང་ཞི་ཐུའུ་ངར་ལྕགས་སོགས་ཀྱི་ངར་ལྕགས་རྒྱལ་ཁབ་དྲུག་ཅུ་རེ་གཉིས་ལ་ཕྱིར་གཏོང་བྱས་ཡོད་པ་དང་། དེའི་ཁྲོད་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ཞེ་དྲུག་ཟིན་ཞིང་། དེ་དག་ལ་བྲིན་འཚོང་བྱེད་ཚད་རིམ་རྩིས་བྱས་ན་ཏུན་ས་ཡ་གཅིག་དང་དྲུག་འབུམ་དྲུག་ཁྲི་ལས་བརྒལ་ཡོད། པའོ་ཐོའུ་རུ་ཞི་ཐུའུ་ཁེ་ལས་བརྒྱ་དང་སུམ་ཅུ་སོ་བཞི་ཡོད་པའི་ཁྲོད་ནས་ཞི་ཐུའུ་ཡི་རྒྱུ་ཆ་གསར་པ་དང་མཐའ་སྣེའི་ཉེར་སྤྱོད་ཁེ་ལས་བརྒྱད་ཅུ་གྱ་ལྔ་ཟིན་ཡོད། པའོ་ཐོའུ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་རྟོག་ཞིབ་པ་ཁོང་སི་ཆོན་གྱིས་ཞི་ཐུའུ་ཐོན་ལས་བརྗེ་སྒྱུར་བྱ་རྒྱུ་མཆོང་བསྐྱོད་ཆེན་པོ་ཐུབ་ཡོད་ཅེས་གསུངས་ཡོད།
པའོ་ཐོའུ་ཞི་ཐུའུ་ཐོན་ལས་ལ་བྱུང་བའི་གོང་འཕེལ་དང་འགྱུར་ལྡོག་ནི་ནང་སོག་གི་དཔལ་འབྱོར་བརྗེ་སྒྱུར་རིམ་འཕར་ཐུབ་པའི་བསྡུས་རིས་ལྟ་བུ་ཞིག་ཡིན། སྤྱི་ལོ་༢༠༡༨ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསལ་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར། ལས་ཀའི་གཙོ་གནད་དེ་ཐོན་ལས་གྲུབ་གཞི་བརྗེ་སྒྱུར་རིམ་འཕར་བྱེད་པའི་ཐད་འཇོག་བཞག་ནས་དངོས་གཞིའི་དཔོལ་འབྱོར་ཚད་ལོངས་སྟོབས་ཆེར་གཏོང་དགོས། བཟང་ཆའི་ཐོག་རྐང་པ་བརྟན་པོ་འཛུགས་པ་དང་། ལྐོག་ཤུགས་འདོན་སྤེལ་བྱེད་པ། བཟང་ཆ་དར་སྤེལ་དང་ཞན་ཆ་ཁ་གསབ་བཅས་བྱེད་དགོས་པ་དང་། སྲོལ་རྒྱུན་ཐོན་ལས་མང་ཞིང་གསར་དར་ཐོན་ལས་ཉུང་བ། རིམ་དམའི་ཐོན་ལས་མང་ཞིང་རྩེར་སོན་ཐོན་ལས་ཉུང་བ། ཐོན་ཁུངས་རྣམ་པའི་ཁེ་ལས་མང་ཞིང་ཞོར་གཏོགས་རིན་ཐང་ཆེ་བའི་ཐོན་ལས་ཉུང་བ། ངལ་རྩོལ་རུབ་བསྡུས་རྣམ་པའི་ཐོན་ལས་མང་ཞིང་མ་རྩ་དང་ཚན་རྩལ་རུབ་བསྡུས་རྣམ་པའི་ཐོན་ལས་ཉུང་བ་བཅས་ཀྱི་གནས་ཚུལ་འགྱུར་ལྡོག་གཏོང་གང་ཐུབ་བྱེད་དགོས་པ། སྣེ་མང་གོང་འཕེལ་དང་འདེགས་སྐྱོར་མང་བའི་དེང་རབས་ཐོན་ལས་མ་ལག་གྲུབ་པ་བཅས་བྱས་ཐོག བཟང་ཆ་མངོན་ཆེ་ཞིང་གྲུབ་གཞི་ལུགས་དང་མཐུན་པ་དང་། གསར་གཏོད་ཀྱི་གོང་འཕེལ་ལ་སྐུལ་ཁྲིད་ཐུབ་པ། ཁྱབ་ཁོངས་མཐུན་སྦྱོར་ཐུབ་པ། ཤང་གྲོང་གཞི་གཅིག་ཅན་དུ་འགྱུར་བ་བཅས་ཀྱི་གོང་འཕེལ་གནས་སྟངས་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་ལག་བསྟར་བྱེད་པའི་ཐད་ནང་སོག་ནས་དེང་རབས་ནུས་རྒྱུའི་དཔལ་འབྱོར་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། སྤྱི་ལོ་༢༠༡༩ལོའི་ནང་སོག་གི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་། མིག་སྔར། ནང་སོག་གི་རྡོ་སོལ་དང་། ཞི་ཐུའུ་བརྗེ་སྒྱུར་བྱེད་ཚད་ཁག་སོ་སོར་བརྒྱ་ཆ་སུམ་ཅུ་སོ་བརྒྱད་དང་གྲངས་ཆུང་བཞི་དང་བརྒྱ་ཆ་བརྒྱད་ཅུ་དང་གྲངས་ཆུང་དྲུག་འཕར་བ་དང་། རྡོ་སོལ་ཐོན་ཁུངས་ཀྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་གོམ་སྟབས་ཀྱང་བརྟན་པོ་བྱུང་ཡོད་ཅེས་དང་། དུས་མཚུངས། སྤྲིན་རྩིས་གྲངས་གཞི་ཆེན་མོ་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྣམ་གྲངས་ནང་སོག་གི་མོང་དང་གྲོང་ཁྱེར་བཅུ་གཉིས་ལ་ཁྱབ་པས་དཔལ་འབྱོར་འཕར་སྣོན་ཐད་ལེགས་སྐྱེས་ཕུལ་ཚད་རྒྱུན་མཐུད་མཐོ་རུ་སོང་ཡོད་ཅེས་འཁོད་ཡོད། འགུལ་ནུས་གསར་པ་གཏོད་པས་ནང་སོག་གི་དཔལ་འབྱོར་བརྗེ་སྒྱུར་གོང་འཕེལ་ཐུབ་རྒྱུར་ཕན་ཐོགས་ཤུགས་ཆེན་ཐོན་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནང་སོག་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རིན་གུང་མིང་ཀྲུའུ་ཡིས། བརྗེ་སྒྱུར་བྱས་པ་བརྒྱུད་ནང་སོག་གིས་རྡོ་སོལ་གློག་དང་སོལ་འགྱུར་ཐོན་ལས། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་ཀྱིས་གཙོ་བོ་བྱས་ཤིང་ཅུང་འཐུས་སྒོ་ཚང་བའི་བཟོ་ལས་མ་ལག་བཙུགས་པས་སོལ་འགྱུར་སྣུམ་དང་། སོལ་འགྱུར་རླངས། སོལ་འགྱུར་ཤི་ཐིང་བཅས་ཀྱི་ཐོན་ནུས་དང་ཐོན་འབོར་དེ་བཞིན་ཕྱིར་འདྲེན་གློག་ཚད་སོགས་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་ཤིང་། རྣམ་པ་གསར་པའི་བཟོ་ལས་ཅན་གྱི་དྲང་ནུས་མུ་མཐུད་འདོན་སྤེལ་ཐུབ་བཞིན་ཡོད་ཅེས་གསུངས་ཡོད།
སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་ནང་སོག་གི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་གྱིས་མེས་རྒྱལ་གྱི་བྱང་ཕྱོགས་སུ་ལེ་དབར་ཁྲི་ཡི་སྔོ་ལྗང་ལྡན་ཅན་གྱི་ལྕགས་རི་རིང་པོ་ཞིག་གཏོད་དགོས་པའི་ནན་སྟོན་གནང་ཡོད།
འདས་ཟིན་པའི་ལོ་གཅིག་རིང་། ནང་སོག་གིས་འབྱུང་ཁམས་སླར་གསོའི་ལས་གྲྭར་སྐུལ་འདེད་བཏང་བས་ནགས་ཚལ་ཁེབས་ཚད་བརྒྱ་ཆ་ཉི་ཤུ་རྩ་གཉིས་དང་གྲངས་ཆུང་གཅིག་ཟིན་པ་དང་དུས་མཚུངས་སུ་ནགས་ཚལ་དང་རྩྭ་ར་གཏོར་བཤིག་བཏང་ནས་ས་སློག་གང་བྱུང་རྒྱག་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དུ་ཁྲིམས་འགལ་ལུགས་འགལ་གྱིས་འཛུགས་སྐྲུན་བྱེད་པ། རྩྭ་ཐང་ཡུལ་སྐོར་གསར་སྤེལ་གྱིས་གུར་གང་བྱུང་དུ་ཕུབ་པ་དང་ཁང་པ་གང་བྱུང་དུ་རྒྱག་པ་སོགས་ཀྱི་གནད་དོན་ལ་གཅིག་བསྡུས་བཅོས་སྒྲིག་བྱས་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་བ༨པར། ནགས་ལས་འབྱུང་ཁམས་འཛུགས་སྐྱོང་ཁང་གི་ཡོན་ཧྲེ་དང་ཆེད་མཁས་པའི་ལས་དོན་ས་ཚུགས་ཞེས་པ་མོང་ཧྲུའུ་གསར་གཏོད་ལྟེ་གནས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེས་སྤུས་ལེགས་ཀྱི་སྡོང་ཕྲུག་སྣེ་རིགས་གསར་པ་མང་པོ་གསོ་སྤེལ་བྱ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་ཐུབ་པ་མ་ཟད། ནང་སོག་གི་སྔོ་ལྗང་རིག་སྟོབས་བྱང་གསུམ་ས་ཁུལ་དང་དེ་བཞིན་ས་ཁུལ་སྔར་བས་མང་བའི་ཐང་རྒོད་བཅོས་སྒྲིག་དང་འབྱུང་ཁམས་སླར་གསོའི་ལས་གྲྭའི་ཁྲོད་དུ་ཁྱབ་གདལ་གཏོང་ཐུབ་ཀྱི་ཡོད།
ནང་སོག་རང་སྐྱོང་ལྗོངས་ཀྲུང་གོ་དང་མོང་གོལ་ཨུ་རུ་སུ་བཅས་མཉམ་ལས་ཞིབ་འཇུག་ཁང་གི་འགོ་འཛིན་ལེའུ་ཤིང་ཕོ་ཡིས། རི་ཆུ་ནགས་གསུམ་དང་། རྩྭ་མཚོ་ས་ཞིང་དང་། བྱེ་ཐང་བཅས་གཅིག་གྱུར་བཅོས་སྒྲིག་བྱས་ནས་པེ་ཅིང་དང་ཐན་ཅིན་གྱི་བྱེ་རླུང་གི་འབྱུང་ཁུངས་བཅོས་སྒྲིག་དང་། བྱང་གསུམ་འགོག་སྲུང་ནགས་ར། རང་བྱུང་ནགས་རའི་ཐོན་ཁུངས་སོགས་ཀྱི་ལས་གྲྭ་ལག་བསྟར་ཞིབ་ཚགས་བྱས་ཏེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དུས་མཇུག་ཏུ་སླེབས་དུས་ནགས་ཚལ་ཁེབས་ཚད་བརྒྱ་ཆ་ཉི་ཤུ་རྩ་གསུམ་ཟིན་པ་དང་། རྩ་ཐང་གི་བརྩི་ཤིང་ཁེབས་ཚད་བརྒྱ་ཆ་བཞི་བཅུ་ཞེ་ལྔ་ཟིན་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།
སྤྱི་ལོ་༢༠༡༧ལོའི་ཚོགས་ཆེན་གཉིས་ཀྱི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་ཡག་པ་སྐྱེལ་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད། ལོ་གཉིས་ནང་། ཤིན་ཅང་གིས་མངག་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ཤིང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་ཡུན་རིང་བདེ་འགོད་ཡོང་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་བརྟན་ལྷིང་འགན་སྲུང་དང་། མཐུན་སྒྲིལ་ཡར་སྐུལ། གོང་འཕེལ་དར་རྒྱས་ཡོང་བ་བྱས་ཏེ། དམངས་སེམས་གཅིག་ཏུ་སྒྲིལ་ནས་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱས་ཡོད།
གྲང་ངར་ཧ་ཅང་ཆེ་བའི་དགུན་དུས་ཀྱི་ཨུ་ལུམ་ཆིར། རྒྱལ་སྤྱིའི་པ་ཏྲའི་གོམ་བགྲོད་ཁྲོམ་གཞུང་དུ་གློག་སྒྲོན་ཆེམ་ཆེམ་དུ་འཕྲོ་བ་དང་། མི་ཚོགས་ཀྱིས་ཁེངས་ཡོད། ཚོང་དུད་ཕ་ལི་ཏན་ཨེ་ལིས། ད་ལྟ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན། གལ་ཏེ་དབྱར་དུས་ལ་སླེབས་ཚེ། ཚོང་ཧ་ཅང་ཡག་པོ་ཡོད་ཅེས་བཤད་འདུག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས། བརྟན་ལྷིང་དམ་འཛིན་བྱེད་པ་དང་དུས་མཚུངས། གོང་འཕེལ་གྱི་འདུ་ཤེས་ལག་བསྟར་བྱེད་དགོས། སྤུས་ཚད་མཐོ་བའི་གོང་འཕེལ་དང་། ཕན་འབྲས་ལྟེ་བར་བཟུང་རྒྱུ་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་བོར་བཟུང་ནས་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་གསོ་སྤེལ་དང་སྟོབས་ཆེར་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་གསུམ་རྣམ་གྲངས་ཤིན་ཅང་དུ་གསར་སྤེལ་བྱ་རྒྱུར་བཀག་འགོག་ནན་པོ་བྱེད་པ། སྦགས་བཙོག་འགོག་བཅོས་དང་བྱེ་འགོག་བྱེ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བཤངས་ནས་ཉ་མོ་བཟུང་བའི་བྱ་བའི་རིགས་མི་བྱེད་པར་ངེས་པར་དུ་གནམ་སྔོ་ཞིང་ཆུ་དྭངས་བའི་མཛེ་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱན་འཁྱོངས་བྱུང་བས། ཤིན་ཅང་གི་ཡུལ་སྐོར་ལས་རིགས་འཕར་སྣོན་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཡོད། སྤྱི་ལོ་༢༠༡༨ལོར། ཤིན་ཅང་གིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལ་སྣེ་ལེན་ཞུས་ཏེ་བརྒྱ་ཆ་༤༠འཕར་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་རིང་། ཤི་ཅང་ལྷོ་བྱང་གཉིས་ཀྱིས་ཡུལ་སྐོར་སྣེ་ལེན་ཞུས་པའི་མི་གྲངས་དང་། ཡུལ་སྐོར་ཡོང་འབབ་གཉིས་ཀ་བརྒྱ་ཆ་༧༠འཕར་ཡོད།
ཤིན་ཅང་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་སློབ་ཁྲིད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ལི་ཏན་གྱིས། ཡུལ་སྐོར་ལས་རིགས་གོང་འཕེལ་མགྱོགས་པོ་བྱུང་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་བླང་བྱ་དོན་འཁྱོལ་ལག་བསྟར་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་པའི་ཆབ་སྲིད་ཀྱི་འགན་འཁྲི་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཁོང་གིས། དམངས་འཚོར་ཕན་པའི་དོན་དངོས་བྱ་བ་མང་ཙམ་བསྒྲུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། གནད་འཕིགས་དབུལ་སྐྱོར་དང་། གནད་སྨིན་དབུལ་གྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་དབུལ་སྒྲོལ་འགག་གཏོར་གྱི་འཐབ་ས་གཙོ་བོར་བརྩིས་ནས་གྲོང་གསེབ་ཀྱི་བདེ་སྡོད་དང་། འབྲོག་པ་གཏན་སྡོད་ཀྱི་ལས་གྲྭ གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ། ཞིང་འབྲོག་ཁུལ་དང་། མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱ་དགོས་པའི་ནན་བཤད་གནང་ཡོད།
ཉེ་བའི་ལོ་ཤས་ནང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་ཀྱི་གནས་ཚུལ་ཤེས་རྟོག་དང་། མི་དམངས་ཀྱི་འཚོ་བར་ཕན་པ། མི་དམངས་ཀྱི་སེམས་པ་གཅིག་སྒྲིལ་ཡོང་བའི་ལས་དོན་རྒྱུན་མཐུད་ངང་སྤེལ་ཡོད། ལོ་ལྟར་ལས་བྱེད་པ་བདུན་ཁྲི་གྲོང་ཚོ་དང་སྡེ་ཁུལ་དུ་ཕྱིན་ནས་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་སྐྱོར་དཀའ་གྲོལ་གྱིས་དཀའ་གནད་སེལ་བ་བཅས་བྱས་ཡོད།
གནས་སྤོས་དབུལ་སྐྱོར་ནས་དམངས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་དང་། རིན་མེད་རྩལ་ནུས་གསོ་སྐྱོང་ནས་ངལ་ནུས་སྤོ་སྒྱུར་ལས་ཞུགས་བར་ལ་ཤིན་ཅང་མི་དམངས་ཀྱི་འཚོ་བ་ཡག་ཏུ་ཕྱིན་ཡོད་པ་དང་། དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད། ཁཱ་ཧྲེའི་ཞིང་པ་ཙུ་ལི་ཧུ་དམར་གྱིས། དེ་སྔོན་ང་ཞིང་པ་ཞིག་ཡིན། ད་ཆ་ང་ཐོན་ལས་བཟོ་པར་གྱུར་ཡོད། ངའི་བསམ་པར་ང་དང་འདྲ་བའི་ན་གཞོན་དེ་བས་མང་བ་ཞིག་ལས་ཞུགས་ཐུབ་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་བ་ཡོད་ཅེས་བཤད་འདུག
ན་ནིང་། ཤིན་ཅང་གིས་ནོར་སྲིད་གཏོང་སྤྲོད་ཀྱི་བརྒྱ་ཆ་༧༠དམངས་འཚོ་འགན་ལེན་དང་ལེགས་སྒྲིག་བྱ་རྒྱུར་བཏང་བ་དང་། བརྒྱ་ཆ་དགུ་བཅུའི་དབུལ་སྐྱོར་གྱི་མ་དངུལ་དེ་ཤིན་ཅང་ལྷོ་རྒྱུད་ཀྱི་ས་གནས་དང་ཁུལ་བཞིར་བཏང་ཡོད། ཤིན་ཅང་ཡོངས་ཀྱི་དབུལ་ཕོངས་མི་འབོར་བཞི་འབུམ་བརྒྱད་ཁྲི་དྲུག་སྟོང་དབུལ་གྲོལ་ཐུབ་ཡོད་པ་དང་། དབུལ་ཕོངས་གྲོང་ཚོ་༥༡༣དབུལ་གྲོལ་ཐུབ་ཅིང་། དབུལ་ཕོངས་ཐོན་ཚད་བརྒྱ་ཆ་དྲུག་དང་གྲངས་ཆུང་ལྔ་བར་ཆག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་འཐུས་མི་ཚོགས་པར་བཀའ་མངགས་མང་པོ་གནང་ཡོད་པས། ཚང་མས་དེ་དག་སེམས་སུ་བརྟན་པོར་ངེས་ནས། དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། ལོ་གཉིས་ནང་། ཤིན་ཅང་གིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་མཛའ་འབྲེལ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཤིན་ཅང་ཡོངས་ཀྱི་ལས་བྱེད་པ་ས་ཡ་གཅིག་དང་ཆིག་འབུམ་ཉིས་ཁྲི་དང་གཞི་རིམ་གྱི་ལས་བྱེད་པ་ས་ཡ་གཅིག་དང་དྲུག་འབུམ་དགུ་ཁྲིས་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་ཡོད། ལོ་གཅིག་གི་ནང་འཚམས་འདྲི་ཐེངས་དྲུག་བྱེད་དགོས་པ་དང་། ཐེངས་གཅིག་ལ་ཉིན་བདུན་བསྡད་ནས་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་དང་སློབ་སྦྱོང་། མཉམ་དུ་རོལ་རྩེད་བཅས་བྱས་ནས། སྐད་ཆ་ཤོས་རེད་དང་སྤེལ་རེས་ཁྲོད་མཉམ་འདྲེས་བྱུང་ཡོད།
སྤྱི་ལོ་༢༠༡༦ལོའི་ལོ་མཇུག་ནས་ད་ལོའི་ཟླ་བ་དང་པོའི་བར། ཤིན་ཅང་གི་རྒྱ་ཆེའི་ལས་བྱེད་པས་ཆ་སྒྲིག་གཉེན་འཚོལ་བྱེད་སྒོའི་ནང་། རིམ་རྩིས་བྱས་ན་དངོས་ཟོག་བྱེ་བ་བཞི་དང་། མ་དངུལ་སྒོར་དྲུང་ཕྱུར་༦.བྱེ་བ་༤ཞལ་འདེབས་བརྒྱབ་ཡོད། སྨན་བཅོས་དང་། སློབ་ཞུགས། ལས་ཞུགས། ཐོན་སྐྱེད་གོང་འཕེལ་སོགས་ཀྱི་ཐད་གཞི་རིམ་མང་ཚོགས་ལ་ལས་ཀ་དངོས་དང་བྱ་བཟང་བྱེ་བ་གཅིག་དང་ས་ཡ་གཉིས་བསྒྲུབས་ཡོད། ཤིན་ཅང་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་བསླབ་གཞི་ཞིབ་འཇུག་པུའུ་ཡི་དགེ་རྒན་ཆེན་མོ་བ་གཞོན་པ་ལི་ཏན་གྱིས། གསོན་ཉམས་ལྡན་པའི་ལག་ལེན་རབ་དང་རིམ་པ་བྱས་པ་བརྒྱུད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་ཚད་སྔར་བས་ཟབ་ཏུ་ཕྱིན་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་མང་ཚོགས་རྨང་གཞི་ཡང་སྔར་བས་བརྟན་དུ་སོང་བས། མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་སྒྲིལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཐན་ཧྲན་རི་བོའི་ལྷོ་རྒྱུད་དུ་རྣམ་པར་བཞད་ངེས་རེད་ཅེས་གསུངས་ཡོད།
རྩོམ་སྒྲིག་པ། སྣང་རྡོ།