ཝང་དབྱང་གིས་འགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས།
སྤེལ་དུས 2019-02-28
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན
རྩོམ་པ་པོ།
ཚེས་ཉེར་དྲུག་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གཏམ་བཤད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གཏམ་བཤད། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་མི་དམངས་སྲིད་གྲོས་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།
ཝང་དབྱང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་པ་དང་། ད་ལོའི་གྲོས་ཚོགས་གཉིས་བཟང་བོར་སྒྲུབ་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ནི་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཆེས་མཐོའི་རྣམ་པ་ཡིན་ལ། ནན་ཏན་གྱི་སྒོ་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བར་རྩ་འཛུགས་བཟང་བོ་བྱེད་པ་དང་། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཅིག་མཐུན་གྱི་ལྟ་ཚུལ་ལ་ཡར་སྐུལ་གཏོང་བ་དང་། མི་སེམས་གཅིག་ཏུ་བསྡུས་ཏེ་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་བྱ་བར་འགོ་བཟང་བོ་ཞིག་རྩོམ་པར་བྱས་རྗེས་འཇོག་དགོས་ཟེར།
གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་སྲིད་གླེང་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་འབྲེལ་ཡོད་ཚོད་ལྟའི་བསམ་འཆར་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་སྤུས་ཚད་ལ་གདེང་འཇོག་བྱེད་པའི་བྱ་བའི་ཚོད་ལྟའི་བྱེད་ཐབས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
ཝང་དབྱང་གིས་བསྟན་དོན། སྤུས་ཀ་ལེགས་པོ་ཡོང་རྒྱུ་དེ་སྲིད་གྲོས་བྱ་བའི་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོས་མོལ་སྲིད་གླེང་གི་སྤུས་ཚད་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་སྣོན་བྱས་ཏེ། གྲངས་ཀ་དང་ཕྱི་ཚུལ་ལ་མཐོང་ཆེན་བྱེད་པ་ནས་སྤུས་ཚད་དང་ཕན་འབྲས་ཀྱི་ཕྱོགས་ལ་བསྒྱུར་བར་འབད་བརྩོན་གྱིས་མངོན་འགྱུར་བྱེད་དགོས། ངེས་པ་དོན་གྱིས་གྲོལ་མོལ་སྲིད་གླེང་ལ་གདེང་འཇོག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཨུ་ཡོན་གྱི་འགན་ནུས་བྱ་བར་སྐུལ་སློང་དང་མཛུབ་སྟོན་གྱི་བྱེད་ནུས་ཐོན་པར་བྱེད་པ་དང་། ཨུ་ཡོན་གྱི་ཆབ་སྲིད་ཚོད་འཛིན་ནུས་པ་དང་རྟོག་དཔྱོད་ཞིབ་འཇུག་ནུས་པ། མི་དམངས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ། སྤྱི་དོན་མཉམ་ལས་བཅས་ཀྱི་ནུས་པར་སྣེ་སྟོན་བྱས་ནས། མི་དམངས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཟེར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་དང་ཞ་པའོ་ལུང་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གསལ་བཤད་དང་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཆི་པའོ་དང་ཏུང་ཅིན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ་སོགས་གྲོས་ཚོགས་ལ་ཞུགས། །
རྩོམ་སྒྲིག་པ། སྣང་རྡོ།