རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཨུ་ཡོན་༡༤ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་གྱི་གཏམ་བཤད་སྤེལ་ཡོད།
སྤེལ་དུས 2019-03-10
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་སྤྱི་ཚེས་༩ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་ལ་ཞུགས་ཡོད། ཨུ་ཡོན་༡༤ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་ཁུར་བ་ཚོགས་ཆེན་ལ་ཕེབས་ཏེ་གཏམ་བཤད་གསན་ཡོད།
ཨུ་ཡོན་ཡང་ཝུའེ་མིང་གིས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཁོག་བརྟན་པོ་ཡོད་ཅིང་བརྟན་པོའི་ཁྲོད་འགྱུར་ལྡོག་འགྲོ་བ་དང་། འགྱུར་ལྡོག་ཁྲོད་སེམས་ཁྲལ་ལྷག་བསྡད་ཡོད། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཀྱང་འཕྲད་ཡོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་རྣམ་པ་བཟང་པོར་ཕྱོགས་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། ཀྲུང་གུང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཁྲོམ་རའི་གཙོ་གཟུགས་ཀྱི་རྒྱུན་ཆད་མེད་པའི་གསར་གཏོད། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་འབད་བརྩོན་བཅས་ལ་བརྟེན་ནས་མིག་མདུན་གྱི་དཀའ་ངལ་ལ་ཁྱད་བསད་བྱས་ན། མདུན་ཕྱོགས་སུ་འོད་སྣང་གིས་ཁེངས་ཡོད་ཅེས་གསུངས་ཡོད།
ཨུ་ཡོན་ལིང་ཡིས་ཧྥུས་ཏང་ཤོག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་སྤེལ་དུས། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་ཅིང་། འགྱུར་ལྡོག་གང་ཡིན་རུང་ཉེན་ཁ་དང་གོ་སྐབས་མཉམ་དུ་གནས་ཡོད། ཐག་གཅོད་འོས་འཚམ་ཐུབ་ན་དེས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་གལ་ཆེའི་གོ་སྐབས་སྤྲད་སྲིད། དེ་ལས་གལ་ཆེ་བ་ཞིག་ནི་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ཤིང་གཙོ་གནད་འགལ་བ་དམ་འཛིན་བྱེད་དགོས། བསྒྱུར་བཅོས་ཀྱི་འགག་གནད་ཡང་དག་འཚོལ་ཐུབ་པ་བྱས་ནས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད།
ཨུ་ཡོན་ཁྲེན་ཀྲེ་སླེད་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་སྦྲེལ་ཚོགས་པའི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱིས་དམངས་གཉེར་ཁེ་ལས་པ་བློ་བདེ་བར་གྱུར་ཡོད། དམངས་གཉེར་ཁེ་ལས་པའི་ཡིད་ཆེས་སྔར་བས་བརྟན་དུ་སོང་བ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་གསལ་པོ་ཆགས་པ། སྲིད་འཛིན་དང་ཚོང་ལས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་དང་གཙང་མར་གྱུར་ཡོད། དམངས་གཉེར་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་དང་། དུས་སྐབས་དང་བསྟུན་ནས་མདུན་དུ་བསྐྱོད་དགོས། ཁེ་ལས་སྟོབས་ཆེན་དང་ལེགས་པོ། ཡུན་རིང་ཡོང་བ་བྱས་ནས། སྔར་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་དགོས་ཞེས་གསུངས་ཡོད།
ཨུ་ཡོན་ལི་ཧྲེ་ཇལ་གྱིས་ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། འགུལ་ཤུགས་གསར་རྙིང་བརྗེ་བསྒྱུར་བརྒྱུད་རིམ་ཁྲོད་ཁེ་ལས་ཀྱིས་ཁ་ཕྱོགས་པའི་ལམ་བུ་བརྗེ་བསྒྱུར་བྱེད་མི་འདོད་པ་དང་། གསར་གཏོད་ལ་ཞེད་ནས་བརྗེ་བསྒྱུར་མི་འདོད་པ། དངོས་ཤུགས་མི་འདང་བས་བརྗེ་བསྒྱུར་བྱེད་མི་རུང་བ་བཅས་ཀྱི་གནད་དོན་ཐུག་ཡོད། རྒྱལ་ཁབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། སྟེབས་བུ་གསར་གཏོད་ཀྱི་ནུས་པ། ཚན་རྩལ་མི་སྣའི་འགན་སྲུང་། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་བཅས་ཕྱོགས་བཞིའི་ཐད་ལ་ཕྱོགས་བསྡུས་ནུས་པ་བཏོན་ན། ཁེ་ལས་ཀྱི་གཙོ་གཟུགས་གསར་གཏོད་གསོན་ཤུགས་འཕེལ་ཐུབ་ཅེས་གསུངས་ཡོད།
ཨུ་ཡོན་ལིའུ་ཡུང་ཧའོ་ཡིས་གཏམ་བཤད་གནང་སྐབས། གྲོང་གསེབ་དར་རྒྱས་དང་ཐོན་ལས་དར་སྤེལ་མངོན་འགྱུར་བྱེད་པ་ནི་གཙོ་གནད་རེད། ཐོན་ཁུངས་ཕྱོགས་རུབ་ཐུབ་པ་དང་། མ་རྩ་འཁོར་རྒྱུགས་ཐུབ་པ། ཞིང་ལས་སྟོབས་ཆེར་གྱུར་བ། གྲོང་གསེབ་མཛེས་སྡུག་ལྡན་པ། ཤེས་ལྡན་མི་སྣ་མང་དུ་འགྲོ་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། གྲོང་གསེབ་དར་རྒྱས་ཡོང་བའི་ཐོན་ལས་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད།
ཨུ་ཡོན་ཅང་ཙོ་ཅུན་གྱིས་ཀྲུང་གོའི་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ས་ཆ་གལ་ཆེན་ཡིན། སྐྱེ་ཁམས་བདེ་འཇགས་ཀྱི་ཚན་རིག་ཞིབ་འཇུག་དང་ཕྱོགས་བསྡུས་བལྟ་ཞིབ་མ་ལག་དང་། ནུས་པ་འཛུགས་སྐྱོང་། གནོད་འཚེ་དང་ཉེན་ཁའི་དཔྱད་དཔོག་དང་བརྡར་ཤ་གཅོད་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་གསུངས།
ཨུ་ཡོན་ལི་ཏའོ་ཁུའི་ཡིས། རང་རྒྱལ་ནི་སྔར་བཞིན་ཐབས་ཇུས་གོ་སྐབས་གལ་ཆེན་གྱི་དུས་མཚམས་སུ་གནས་ཡོད་པ་དང་། སེམས་བརྣལ་དུ་ཕབ་པ་དང་སྒོ་དབྱེའི་སེམས་ཁམས་ཀྱི་ཐོག་ནས་འགྲན་རྩོད་ལ་ལུགས་མཐུན་ངང་ཁ་གཏད་གཅོག་དགོས་པ་དང་། འབད་བརྩོན་མཁན་ལ་རྒྱབ་སྐྱོར་དང་། གསར་བསྐྲུན་མཁན་ལ་སྐུལ་ལྕག འགན་ཁུར་ཕོད་མཁན་ལ་སྲུང་སྐྱོབ། ལེགས་སྐྱེས་འབུལ་མཁན་དྲིལ་བསྒྲགས་བཅས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་མ་གནས་བརྟན་དུ་གཏོང་བ་དང་ཤུགས་ཆེར་གཏོང་བ། བསྒྱུར་བཅོས་སྒོ་འབྱེད་ལ་འགྱུར་མེད་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྔར་བས་མཚར་སྡུག་ལྡན་པ་ཞིག་གཏོད་དགོས་ཞེས་གསུངས་ཡོད།