གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་མི་ཚེའི་བརྒྱུད་རིམ་བཤད་པ།

སྤེལ་དུས 2018-06-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
ནང་དོན་གནད་བསྡུས། འདིའི་ནང་དུ་གཙོ་བོ་ལུང་རྟོགས་གཉིས་ལ་མངའ་བཪྙེས་པའི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཁོང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ལ་མཁས་པ་གཞན་དང་ཐུན་མོང་མ་ཡིན་པའི་རིགས་རུས་གདུང་རྒྱུད་དང་ཁྱིམ་ཚང་གི་རྒྱབ་ལྗོངས་ཡོད་པ་ལ་བརྟེན་ནས། ཁོང་ནི་གདུང་རྒྱུད་བླ་མ་ཡིན་པར་ངོས་བཟུང་བ་དང་། གཞན་ཡང་མཆོག་གྱུར་གྱི་བུ་སློབ་མང་དུ་བསྐྱངས་པ་དང་ཆབས་ཅིགབཀའ་གདམས་ཆུ་བོ་གཉིས་ཀྱི་རྒྱུན་མུ་མཐུད་དུ་དར་སྤེལ་མཛད་པ་དང་། ཁོང་གིས་གསུང་ལས་བསྐྱངས་པའི་བུ་སློབ་མང་དུ་ཡོད་པའི་ནང་ནས་རྗེ་རིན་པོ་ཆེ་ལ་སོགས་བུ་སློབ་མང་ཏུ་བསྐྱངས་ཏེ་བོད་གངས་ཅན་ལྗོངས་ཀྱི་བཀའ་གདམས་བསྟན་པའི་སྲོལ་བསྐྱངས་པ་ཡིན་ནོ། །
བརྡ་ཆད་གཙོ་བོ།  ལྷོ་བྲག་ནམ་མཁའ་རྒྱལ་མཚན། མི་ཚེའི་བརྒྱུད་རིམ། མཛད་རྗེས།

གླེང་གཞི།
           དེ་ཡང་གནའ་མིའི་ཁ་དཔེར་ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། ། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས། ། ཟེར་བ་ལྟར་ལྷོ་བྲག་ཡུལ་ནི་མི་རྣམས་ཀྱིས་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་། ཕྱིས་སུ་རྒྱ་གར་ནས་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་འགྲིབ་ཐོག་གོ་གནས་མི་དམན་པ་ཞིག་བཟུང་ཡོད་ལ། ལྷག་པར་དུ་ས་འདིའི་མི་རྣམས་ནི་བཙན་པོ་གདུང་རྒྱུད་འཁྲུལ་མེད་དང་སྐྱེས་ཆེན་དམ་པ་མང་པོ་བྱུང་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན། དེས་ན་ངས་སྐབས་འདིར་རིགས་ཤུད་པུ་དང་འབྲེལ་བའི་ལྷོ་བྲག་ཡུལ་གྱི་ལོ་རྒྱུས་ཀྱི་ཁུངས་བཙལ་བ་དང་ཆབས་ཅིག རྗེ་རིན་པོ་ཆེའི་སློབ་དཔོན་དམ་པ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་མི་ཚེའི་བརྒྱུད་རིམ་སྐོར་ལ་ཅུང་ཙམ་གླེང་བར་བྱ།

དང་པོ། ལྷོ་བྲག་ཡུལ་གྱི་གནས་ཚུལ་དངོས་གླེང་བ།
གཅིག  ཡུལ་ཁུངས་འདེད་པ།   
           ལྷོ་བྲག་ཡུལ་ནི་སྔར་བོད་སིལ་བུར་འཐོར་རྗེས་འབངས་གྱེན་ལོག་གི་རྐྱེན་ངན་གཞིར་བྱས་ཏེ་བྱུང་བའི་རུ་ཆེན་བཞིའི་ནང་ཚན་གཡོ་རུ་ཡིན་པར་འདོད་ལ། དེ་ཡང《ཆོས་འབྱུང་མཁས་བའི་དགའ་སྟོན》ནང་དུ་བཀོད་པའི་སྟོང་སྡེ་བཅུ་ནི་ཡར་ལུང་དང་ཕྱིང་ལུང་། འཕྱོངས་རྒྱས་གཉིས་ཡར་མཚམས་དང་གཡུ་འབངས་གཉིས། དྭགས་པོ་དང་ཉ་གཉི་གཉིས། གཉལ་དང་ལྷོ་བྲག་གཉིས། ལྷོ་ཁའི་ཁོངས་ལོ་རེ་སྟོད་སྨད་དང་སྟོང་བུ་ཆུང་གི་སྡེ་བཅས་ཡིན་①པར་གསུངས་པའི་གཡོ་རུའི་ཁོངས་གཏོགས་ཡིན། གཞན《རྒྱལ་པོའི་བཀའི་ཐང་ཡིག》ལས་ཀྱང་། གཡོ་རུའི་ཡུལ་གྲུ་བཅུ་དྲུག་ནི།  དྭགས་པོ་པ་རབ་གུང་མོ་ཡར་ལུང་དང་། འགྲངས་ཏེ་གཉལ་ལོ་རོ་དང་འཁག་པ་དང་། གཏམ་ཤུལ་གྲ་ལུང་དོལ་གཞུང་དང་། ཡར་འབྲོག་སོགས་ལ་ངོས་བཟུང་ཡོད། ②དེ་ཡང་པུར་རྒྱལ་གདོང་དམར་བོད་ཀྱི་བཅོས་བསྒྱུར་པ་གྲགས་ཅན་དར་མ་འུ་དུམ་བཙན་པོ་དེ་ཉིད་ཀྱིས་རང་ཉིད་ཀྱི་ཐབས་དང་ཤེས་རབ་ལ་བརྟེན་ནས་འཛམ་གླིང་ས་ཡི་སུམ་གཉིས་དབང་བསྒྱུར་བར་བྱེད་པའི་པུར་རྒྱལ་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྤྱི་ལ་དམིགས་ཏེ་ཕྱོགས་ཡོངས་ནས་དག་ཐེར་བྱེད་མགོ་བསླངས་བ་ན་ཆབ་སྲིད་ཀྱི་བློ་མིག་ལྡོངས་ཤིང་། བསམ་བློའི་འཁྱེར་སོ་དོག་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་ཅལ་འདྲོགས་དུག་མདའ་རྐང་གཅིག་གིས་བོད་ཁམས་སུལ་བུར་གཏོར་སོང་། དེ་ནས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ཆར་རྗེས་ཀྱི་ཤ་འོད་བརྡོལ་བ་བཞིན་བཙན་པོའི་བརྒྱུད་པ་རྣམས་མཐའ་འཁོབ་ཡུལ་དུ་སྤྱུགས། བོད་ཁམས་ཕྱོགས་བཞིར་གྱེས་ནས་ལུང་བ་རེར་འགོ་བ་རེ་དང་ཚོ་བ་རེར་ཚོ་དཔོན་རེ་བྱུང་བའི་དཔེ་ལྟར་བོད་ཀྱི་ཡུལ་གྲུ་རྣམས་དཔོན་རྗེ་ཚན་པ་དགུའམ་ཚན་པ་བཅུ་ཙམ་བྱུང་ནས་བོད་ཡུལ་འདི་ཉིད་སིལ་བུར་འཐོར་ཏེ་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་བོད་ཡུལ་མུན་པའི་གླིང་དུ་བྱུང་། 
གཉིས། ལྷོ་བྲག་དང་རིགས་ཤུད་པུ།   
           དེ་ཡང་ལྷོ་བྲག་ཆོས་འབྱུང་དུ། གཏམ་ལྷ་སྤུན་དགུ་ལྷ་ཡི་ཞུ་བ་བྱས། ། བྱ་ཚང་གུང་སྣང་བཙན་པོའི་མཁར་ལ་བརྟེན། ། སྙེ་བ་ཤུད་པུས་མ་ཕྱར་བྱས་ནས་ནི། ། གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་བྱུང་། ། ①ཞེས་འཁོད་པ་ལྟར། སྐབས་དེར་གྱེན་ལོག་གི་འགོ་གཙོ་སྙེ་བ་དང་ཤུད་པུས་གཙོ་བྱས་པའི་བྱ་ཚང་གུང་སྣང་གཏམ་ཤུལ་གྲོང་བརྡལ་གྱི་མཁར་ཤུལ་ཞིག་བཙན་པའི་མཁར་ལ་བསྟེན་པ་ལྷོ་བྲག་གཏམ་ཤུལ་ལྟེ་བར་གྱུར་བའི་ཡུལ་གྲུ་མང་བོར་དབང་བསྒྱུར་བྱས་ཤིང་། དེ་ནས་རབ་བྱུང་བཞི་བའི་ནང་དུ་ས་སྐྱ་བས་བོད་ཀྱི་སྲིད་དབང་སྐྱོང་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་ལྷོ་བྲག་ཤར་བརྒྱུད་དང་མཚོ་སྨད་གཏམ་ཤུལ་ཁུལ་ནི་དབུས་ཀྱི་ཁྲི་སྐོར་གྱི་ཡ་གྱལ་ཏེ་གཡའ་བཟང་ཁྲི་སྐོར་གྱི་ཁོངས་སུ་འདུ་ལ། ལྷོ་བྲག་ནུབ་རྒྱུད་ཁག་ཅིག་ཡར་འབྲོག་ཁྲི་སྐོར་གྱི་ཁོངས་སུ་གཏོགས།  འདི་ནས་རིགས་འདེད་བྱེད་ཐུབ་པ་ཞིག་ལ་རིགས་ཤུད་པུ་ནི་སྔར་བོད་བོད་པུར་རྒྱལ་བཙན་པོའི་གདུང་རྒྱུད་རྣལ་མ་ཡིན་ཞིང་། དེ་ཡང་གོང་དུ་བཀོད་པ་ལྟར་སྐབས་དེར་འབངས་གྱེན་ལོག་གི་རྐྱེན་ངན་གཞིར་བྱས་ཏེ་བྱུང་བའི་བོད་དབུས་གཙང་རུ་བཞིའི་ནང་ཚན་གཡོ་རུའི་ཆར་གཏོགས་ཤུད་པུ་ཡིས་དབང་སྒྱུར་བའི་ལྷོ་བྲག་གི་གནས་འདི་ནི་ས་ཆ་གཞན་དག་དང་བསྡུར་ན་ལྟོས་བཅས་ཀྱི་སྲིད་འབྱོར་རིག་གསུམ་གང་གི་ཐད་ནས་ཀྱང་རྨང་གཞི་ཅུང་ལེགས་པོ་ཡོད་པ་དང་། མཁན་ཆེན་ཁོང་ཉིད་ཀྱང་ཡབ་ཤུད་ཕུའི་རིགས་སུ་སྐུ་འཁྲུངས་བས་གཞི་ནས་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་བ་ལ་འབྲེལ་བ་ཡོད་པར་སྣང་ངོ་། 
གསུམ། ལྷོ་བྲག་ཡུལ་དུ་འཁྲུངས་བའི་སྐྱེས་ཆེན་དང་གནས་ཁྱད་པར་ཅན།
           གཞན་ཡང་ལྗོངས་འདིར་སྐྱེས་ཆེན་དམ་པ་མང་པོ་བྱུང་མྱོང་སྟེ། དཔེར་ན།  གངས་ཅན་ལྗོངས་འདིར་ཚེ་གཅིག་ལུས་གཅིག་ལ་ས་བཅུ་ལམ་ལྔའི་རྟོགས་པ་མཐོན་པོ་མངའ་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་བ་ལྟ་བུའི་སྐྱེས་ཆེན་དམ་པ་འདི་ཉིད་གྱིས་བཞེངས་བའི་ཁྱད་དུ་འཕགས་པའི་དྲན་རྟེན་གྱི་རྡོ་རིང་ལྟ་བུའི་སྲས་མཁར་དགུ་ཐོག་ནི་ཡུལ་གང་དུའང་ཤིན་ཏུ་མཐོང་དཀོན་པའི་འཛམ་གླིང་གི་མཆོད་སྡོང་གཅིག་པུར་ཁོ་ན་ཡིན་པ་དང་། དེ་བཞིན་སྤྲུལ་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་སུའང་མཐའ་འདུལ་ཡང་འདུལ་གཙུག་ལག་ཁང་གི་གྲས་མཁོ་མཐིང་གསེར་གྱི་ལྷ་ཁང་དང་སྐྱེར་ཆུ་ལྷ་ཁང་གཉིས་དང་། དེ་མ་ཟད་བོད་ན་ཉི་ཟླ་ལྟར་གྲགས་པའི་གཏེར་སྟོན་གོང་འོག་གཉིས་ལས་གོང་མ་ཉི་མ་འོད་ཟེར་གྱི་ཕྱག་བཏབ་པའི་སྨྲ་བོ་ལྕོག་དགོན་དང་འོག་མ་གུ་རུ་ཆོས་དབང་གིས་བཞེངས་བའི་གུ་རུ་ལྷ་ཁང་གཉིས། གཏེར་སྟོན་པདྨ་གླིང་བའི་གདན་ས་ལྷ་ལུང་དགོན།  ཐོག་མར་ཤུད་པུའི་གྲུབ་ཐོབ་ཟླ་བ་རྒྱལ་མཚན་པས་ཕྱག་བཏབ་ཅིང་ཕྱིས་སུ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལམཚན་གྱི་གདན་ས་ཐིག་ཕྱིས་དགོན། དེ་མིན་ད་དུང་དཔལ་ལྡན་བཀའ་བརྒྱུད་ཀུན་གྱི་ཆུ་མགོ་གནས་མཆོག་གྲོ་བོ་ལུང་ལ་སོགས་པ་ཡང་ལྷོ་བྲག་ཁུལ་དུ་གནས་ཡོད།  དེ་དང་ཆབས་ཅིག་གནས་འདི་ནི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཆེན་མི་སྣ་འཁྲུངས་མྱོང་བའི་ས་ཁུལ་ཞིག་སྟེ།  རེ་རེ་བཞིན་བགྲང་ན་དཔལ་བཀའ་བརྒྱུད་ཀུན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པ་བཞིའི་མཆོག་གྱུར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།  (1326-1402) གཏེར་སྟོན་རྒྱལ་བོ་ལྔ།  མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གོང་མ་ཉང་རལ་ཉི་མ་འོད་ཟེར་དང་གུ་རུ་ཆོས་ཀྱི་དབང་ཕྱུག ལྷོ་བྲག་ནམ་མཁའི་སྙིང་བོ།  འབྲུག་པ་བཀའ་བརྒྱུད་ཀྱི་གཙོ་བོ་ཡབ་སྲས་གསུམ་ལས་སྟོད་འབྲུག་པ་རྒོད་ཚང་བ་མགོན་པོ་རྡོ་རྗེ། རིག་འཛིན་ཆེན་མོ་འཕྲིན་ལས་ལྷུན་གྲུབ།  གཞན་ཡང་བོད་ཀྱི་རི་མོ་བ་བཞིའི་ནང་གི་ཉི་ཟླ་ལྟར་གྲགས་པ་སྨན་མཁྱེན་གཉིས་ཞེས་བའི་སྨན་ལུགས་གསར་གཏོད་མཁན་སྨན་བླ་དོན་གྲུབ་སོགས་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་མྱོང་བ་རེད། ད་དུང་རྩ་ཆེ་བའི་དཔེ་རྒྱུན་དཀོན་པོའི་རིགས་མང་དུ་མཆིས་བ་དཔེར་ན། 《མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རྣམ་ཐར》དང་། 《ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ》《གཏེར་སྟོན་གུ་རུ་ཆོས་དབང་གི་རྣམ་ཐར》《རྒྱལ་རབས་གསལ་བའི་མེ་ལོང》《རྣམ་རིག་སྐར་རྩིས》《པདྨ་གླིང་བའི་གསུང་འབུམ》《ཆོས་འབྱུང་མཁས་བའི་དགའ་སྟོན》སོགས་རིན་བྲལ་དཀོན་པོའི་རིགས་མང་དུ་མཆིས། མདོར་ན་ལྷོ་བྲག་ཡུལ་ནི་གཞན་གྱི་ཡུལ་རང་ག་བ་ཞིག་དང་གཏན་ནས་མི་འདྲ་བར་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གང་གི་ཐད་ནས་གཞན་དང་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ལྡན་ནོ།། 

གཉིས་པ། མི་ཚེའི་ལོ་རྒྱུས།
གཅིག   འཁྲུངས་འདས་ཀྱི་ལོ་ཚིགས།   
           དེ་ཡང་དམ་པ་ཁོང་ཉིད་མའི་རུམ་དུ་འཇུག་པ་ན་མའི་རྨི་ལམ་དུ་ཁོག་ནང་ཐམས་ཅད་པོ་ཏི་གླེགས་བམ་གྱིས་ཁེངས་པ། ཚེས་བཅོ་ལྔའི་ཟླ་བ་ལུས་ལ་ཤར་བ།  འོད་ཟེར་ཕྱོགས་ཀུན་ལ་ཁྱབ་པ། བདེ་སྟོང་གི་ཏེང་ངེ་འཛིན་བཟང་བོ་རྒྱུད་ལ་སྐྱེས་པ། མའི་ཁོག་ན་མགུལ་བ་ཤེས་བའི་དུས་ན་།  ཡེ་ཤེས་ཀྱི་མཁའ་འགྲོ་མང་བོས་གྲིབ་སེལ་བ་དང་བསྟོད་སྒྲ་བྱེད་པ་བྱུང་།  དེ་ནས་མེ་ཕོ་སྟག་གི་སྤྱི་ལོ་༡༣༢༦ལོར་ཡབ་ཤུད་ཕུའི་སློབ་དཔོན་ནམ་མཁའ་བཟང་བོ་དང་ཡུམ་སྲས་མོ་རིན་ཆེན་རྒྱན་ཞེས་བྱ་བའི་སྲས་སུ་ལྷོ་བྲག་བན་པ་རུ་སྐུ་འཁྲུངས། དགུང་གྲངས་དོན་བདུན་ལ་ཕེབས་པ་རབ་བྱུང་བདུན་པའི་ཆུ་རྟ་ལོར་༡༤༠༢ལོར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བ་རྣམས་རྫོགས་པ་ན། ལྕགས་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས། ① ②དགུང་སྙིང་རྩུབ་པར་ཡབ་རིང་བོ་མ་བཞུགས་པར་འདས། མགོན་པོ་གྲི་གུག་གིས་མིང་གི་བདེ་ལྡན་རྡོ་རྗེ་ཞེས་ཟེར།  སྐུ་གདུང་ཞལ་ཆེམས་ལྟར་ལ་མོ་དང་དགའ་ལྡན་བར་གྱི་རི་འགྲམ་ཞིག་ཏུ་ས་འབུམ་ཆེན་པོ་ཞིག་བཞེངས་པའི་ནང་མ་ཉམས་པར་བཞུགས་སུ་གསོལ་བ་དེར་ཡོངས་གྲགས་སུ་ལྷོ་བྲག་འབུམ་པ་ཟེར། འདིའི་ཐད་ནས《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》དང་《ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ》《དུང་དཀར་ཚིག་མཛོད》རྣམས་དགོངས་པ་གཅིག་ཏུ་ངེས་བས་སོ།  
གཉིས། དགེ་བའི་བཤེས་གཉེན་གང་དག་བསྟེན་ཚུལ།   
           ཁོང་ཉིད་ཆུང་ངུའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཛད་སྤྱོད་ཁྱད་པར་ཅན་མངའ་དགུང་ལོ་གསུམ་པར་ཕུར་བའི་དབང་ཐོབ་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པའི་སྣང་བ་ཤར་པས་གར་བསྒྱུར་གྱི་ཕྱག་རྒྱ་མང་པོ་མཁྱེན། དགུང་ལོ་བདུན་པའི་སྟེང་ཁུ་བོ་རྒྱལ་སྲས་བཟང་བོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།  དགུང་ལོ་ཉི་ཤུ་བར་རྒྱ་མ་རིན་ཆེན་སྒང་དུ་བྱོན་ཏེ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  དགེ་བའི་བཤེས་མཉེན་རི་ཟངས་རྟོག་པ་དང་བླ་བདེ་བའི་འབྱུང་གནས། དགེ་བཤེས་མོན་གྲྭ་བ་སོགས་བསྟེན་ནས་སློབ་གཉེར་ལེགས་པར་གནང་། ཁུ་བོ་དཔལ་མགོན་གྱི་དྲུང་དུ་ལྷ་མོའི་སྒྲུབ་སྐོར་མང་དུ་གསན།  མཁན་ཆེན་མོན་གྲ་པའི་དྲུང་ནས་བློ་སྦྱོང་ཚིགས་བརྒྱད་མ་དང་། མཁན་ཆེན་མཚོ་སྣ་བས་མཛད་པའི་ལམ་རིམ་སོགས་གསན།     
           དེ་ཡང་དགུང་ལོ་བཅུ་བར་ཁུ་བོའི་དྲུང་དུ་སྣེའུ་ཟུར་པ་ནས་བརྒྱུད་པ་དང་བྱ་ཡུལ་བ་ནས་བརྒྱུད་པའི་ལམ་རིམ་དང་། ཐུགས་རྗེ་ཆེན་པོ་དང་།  མི་གཡོ་བ་རྟ་མགྲིན་། ལྷ་བཞིའི་སྒྲོལ་མ་ཉེར་གཅིག་ལ་སོགས་པའི་ཆོས་སྐོར་མང་དུ་ཞུས། དགུང་ལོ་གསུམ་པར་ཕུར་བའི་དབང་ཐོབ་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པའི་སྣང་བ་ཤར་པས་གར་བསྒྱུར་གྱི་ཕྱག་རྒྱ་མང་པོ་མཁྱེན། དགུང་ལོ་བཅུ་བར་ཁུ་བོ་རྒྱལ་སྲས་བཟང་བོ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་པ་ལ་ཕུར་བ་ཁྲོ་བཅུས་སྐོར་བ་ཞིག་ལ་བསྙེན་པ་དུམ་རེ་མཛད་པས་ངག་ནུས་ཆེ་བའི་བློས་སྡིག་པ་ལ་སྔགས་ཆུ་རེག་པས་ཤི་བ་ལ་སྙིང་རྗེ་འཁྲུངས་ནས་བཤུམས་པས་ཕལ་དངོས་སུ་གཟིགས། དགུང་ལོ་བཅུ་བར་འདུལ་བའི་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་བར་རྒྱ་མ་རིན་ཆེན་སྒང་གི་བླ་མ་བཀྲ་ཤིས་རྒྱལ་བོ་སོགས་ལ་བསྙེན་པར་རྫོགས།①
གསུམ། རྗེ་རིན་པོ་ཆེ་དང་མཇལ་བའི་དུས་སྐབས་ཀྱི་རྟགས་རྟེན་འབྲེལ་ལ་དཔྱད།   
           དེ་ཡང་རྗེ་ཙོང་ཁ་པ་ནི།  ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གིས་ཇི་སྐད་དུ། ཇོ་བོ་འདས་ནས་སུམ་བརྒྱ་གསུམ་འདས་པ། ། མེ་མོ་བ་ལ་ཙོང་ཁའི་ཡུལ་དུ་ནི། ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ། ། ཁམས་གསུམ་འགྲོ་བའི་གཉེན་གཅིག་སྐུ་བལྟམས་སོ། ། ②ཅེས་གསུངས་བ་ལྟར། མེ་མོ་བྱའི་ལོ་སྟེ༡༣༥༧ལོར་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། མཁན་ཆེན་ཁོང་ཉིད་དགུང་ལོ་བདུན་ཅུ་བ་རབ་བྱུང་བདུན་པའི་ཤིང་ཕག་ལོར་༡༣༩༥ལོར་རྗེ་རིན་པོ་ཆེ་དང་མཇལ། ③ བཀའ་གདམས་ཀྱི་ཆོས་སྐོར་དང་། མན་ངག་པ་ལམ་རིམ་པའི་གདམས་ངག  མཁན་ཆེན་ཉིད་ཀྱི་དག་སྣང་ཆོས་སྐོར་ལུང་བསྟན་མང་བོ་གནང་ནས་སློབ་མའི་གཙོ་བོར་རྗེས་སུ་བཟུང་། གྲུབ་ཆེན་འདི་ཉིད་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པ་བཞིའི་མཆོག་གཅིག་ཡིན་ཏེ།  ལས་ཀྱི་རྡོ་རྗེ་བླ་མའི་མཆོག བློ་བཟང་གྲགས་པ་སློབ་མའི་མཆོག བདུད་རྩིའི་སྨན་མཆོག་ཆོས་ཀྱི་མཆོག་④ཅེས་རྣམ་ཐར་ལས་བྱུང་བ་ལྟར་དགུང་ལོ་བདུན་ཅུ་བར་འཇམ་མགོན་ཆོས་ཀྱི་རྒྱལ་བོ་དགུང་ལོ་༣༩བཞེས་དུས་དང་མཇལ་ཞིང་། རྗེ་རིན་པོ་ཆེ་དང་མཇལ་བའི་དུས་སུ་ངོ་མཚར་བའི་གཟིགས་སྣང་དང་། རྟགས་རྟེན་འབྲེལ་བྱུང་ཚུལ་རགས་རིམ་ཙམ་ཞིག་བརྫོད་ན། རྗེ་ཙོང་ཁ་བའི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་བ་གཡས་ན་འཇམ་དཀར་བཞུགས། གཡོན་ན་དབྱངས་ཅན་མ།  ཆོས་སྐྱོང་དང་མཁའ་འགྲོ་མང་པོས་སྐོར།  ལྷ་འདྲེ་མང་བོའང་ཆོས་ཉན་གྱིན་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་གསུང་།  རྗེ་ཙོང་ཁ་པ་ལ་བདག་གིས་ཆོས་བཀའ་མ་ལུས་བ་ཡོངས་སུ་ཕུལ།  རྗེ་ཙོང་ཁ་པའི་འཁོར་བླ་མ་འཇམ་དཀར་སོགས་ཕུན་སུམ་ཚོགས་པ་རྣམས་ལའང་ཆོས་ལུང་མང་དུ་ཞུས་དཔོན་སློབ་ཐམས་ཅད་ལ་དད་པ་ཐོབ། བདག་གིས་ཆོས་བསྟན་པའི་དུས་སུ་རྗེ་ཙོང་ཁ་པའི་གཟུགས་སྣང་ལ་ངའི་མགོ་ཐོག་ཏུ་ཤཱཀྱ་ཐུབ་པ་དང་། གཡས་སུ་ཕྱག་ན་རྡོ་རྗེ། གཡོན་ཏུ་གདུགས་དཀར་ཅན་སོགས་བཞུགས་འདུག་པ་ནི་བར་ཆད་མི་འབྱུང་བའི་རྟགས་སུ་གྲུབ་གསུང་ལ། སྤྱི་ཚོགས་ཀྱི་དོན་དངོས་དང་སེམས་ཁམས་རིག་པའི་སྟེང་ནས་བསམ་ན། ཁོང་ཉིད་མཇལ་བའི་དུས་ན་རྗེ་རིན་པོ་ཆེའི་དབུའི་སྟེང་ན་དངོས་ནས་རྗེ་བཙུན་བྱམས་པ་བཞུགས་ཡོད་པ་སོགས་ནི་མི་སྲིད་པ་ཞིག་ཡིན་ལ། འོན་ཀྱང་རྣམ་རྟོག་ཁོ་ན་ཞིག་ཀྱང་མ་ཡིན་ཏེ། སྐབས་དེར་གཅིག་ནས་མཁན་སློབ་ཁོང་གཉིས་ཀ་ན་ཚོད་ཀྱི་དབང་དུ་བྱས་ན་གཞུང་དང་ལག་ལེན། ཐབས་ཤེས་རབ་གང་གི་ཆ་ནས་ཀྱང་ཆེས་ཡང་རྩེར་སོན་ཡོད་ལ།  རྗེ་རིན་པོ་ཆེ་ཡང་སློབ་གཉེར་བ་དག་གི་ཁྲོད་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་མངོན་པར་གསལ་ཞིང་ཁྱད་དུ་འཕགས། དེ་མ་ཟད་བོད་ཡུལ་ནས་ཡུལ་གྲུ་སོ་སོར་བསྐྱོད་ཏེ་དགོན་སྡེ་མང་པོར་འགྲིམ་པ་དང་ས་གང་ན་མཚན་སྙན་གྲགས་འབར་བའི་བླ་མ་ཡོད་ན་གནས་དེ་རུ་བསྐྱོད་ནས་དགེ་བའི་བཤེས་མཉེན་མང་པོའི་ཐོད་ལ་གཏུགས་ཤིང་། གདམས་ངག་བླངས། དབང་ལུང་མང་དུ་གསན་ཏེ།  ཁོང་གི་མཛད་འཕྲིན་གྱི་བྱ་བཞག་ནི་ལྷོ་རྔ་ཡབ་གླིང་གི་གནས་གང་ནའང་འབྲུག་གི་སྒྲ་བཞིན་ལྡིར་ལྡིར་དུ་གྲགས་བཞིན་ཡོད་པས་མཁན་ཆེན་ཁོང་ཉིད་ཀྱིས་མཐོང་མ་ཐག་དད་པའི་སྟོབས་ཀྱིས་མངོན་པའི་རྣམ་རྟོག་གི་འདུ་ཤེས་ཞིག་ཡིན་པར་འདོད། གཞན་ཡང་རྗེ་ཙོང་ཁ་པའི་གཟུགས་སྣང་ལ་མཁན་ཆེན་གྱི་དབུ་ན་ཤཱཀྱ་ཐུབ་པ་བཞུགས་ཡོད་པ་ནི་མཁན་ཆེན་ཁོང་ཉིད་སྐབས་དེར་བོད་ཡུལ་ན་སྙན་གྲགས་ཆེས་ཆེར་རྒྱས་ཡོད་ལ་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་སུ་ཞུགས་ཡོད་པས་དད་པའི་སྟོབས་ཀྱིས་མངོན་པའི་གཟུགས་སྣང་ཤིག་ཏུ་འདོད།
     
གསུམ་པ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་མཛད་རྗེས།
གཅིག      བུ་སློབ་མང་དུ་བསྐྱངས་ཚུལ།   
           དེ་ཡང་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》ལས། དེ་ལ་སློབ་མ་ཇི་ལྟར་བྱུང་ཚུལ་ནི་། ཡི་དམ་གྱི་ལུང་བསྟན་ལས།  དད་པ་ཐོབ་པ་འབུམ་ཚོ་གཅིག། ངེས་པར་གྲོལ་བ་ལྔ་བཅུ་སྟེ། ། རྩོད་མེད་གྲུབ་ཐོབ་བརྒྱད་དུ་ངེས། ། འགྲན་གྱི་དོ་མེད་བློ་བཟང་ཡིན། ། ①ཞེས་གསུངས་པ་ལྟར་ཡོངས་སུ་གྲགས་པའི་བུ་ཆེན་བརྒྱད་ནི། རྗེ་བློ་བཟང་གྲགས་པ།  གྲགས་པ་བློ་གྲོས།  ཀུན་དགའ་བཟང་བོ། འཇམ་དབྱངས་ཁ་ཆེ། སྐྱེས་མཆོག་སྨོན་ལམ་པ།  གུ་རུ་གཞན་ཕན་རྡོ་རྗེ། མོན་ཨཱ་ཡུ། ཆོས་རྗེ་སྒྲོལ་མ་རྣམས་ཡིན་ལ།  འདིས་གདན་ས་བཟུང་ནས་འགྲོ་དོན་བསྐྱངས་པས་འཕྲིན་ལས་ཆེ་བར་བྱུང་། མདོར་ན། མཁན་ཆེན་ལས་ཀྱི་རྡོ་རྗེ་ལ་བུ་སློབ་མང་དུ་བྱོན་པ་རྣམས་ཀྱི་ནང་ནས་བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་གངས་ཅན་འདིར་ཆེ་ཆེར་རྒྱས་བར་བྱེད་པ་ནི་རྗེ་རིན་པོ་ཆེ་ཡིན་པར་སྣང་ངོ་། ། 
གཉིས། ལམ་རིམ་བླ་བརྒྱུད་ཐད་ཀྱི་མཛད་རྗེས།   
           དེ་ཡང་ལས་དང་པོ་བའི་ས་ནས་སངས་རྒྱས་ཀྱི་ས་ལ་ཁྲིད་པའི་སྐྱེས་བུ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་སྲོལ་ཆུ་བོ་སུམ་འདྲེས་ཀྱི་གདམས་པ་སྡེ་སྣོད་གསུམ་གྱི་ཉིང་ཁུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་བརྒྱུད་པ་དང་འཇིན་སྐྱོང་སྤེལ་གསུམ་ཐད་ལ་བྱས་རྗེས་མངོན་པར་གསལ་བ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཇི་སྐད་དུ། བཀའ་གདམས་བརྒྱུད་པ་གསུམ་ནི་གཅིག་ནི་དགེ་བཤེས་པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང་། དེ་ནས་ལོ་ཙཱ་བ་སྐྱེས་མཆོག་དཔལ་བཟང་བོ་བར་བརྒྱུད་པའི་བཀའ་གདམས་གཞུང་བའི་བརྒྱུད་པ་དང་། གཉིས་ནི་དགེ་བཤེས་སྤྱན་སྔ་བ་ནས་དགེ་བཤེས་བྱ་ཡུལ་ལ་བརྒྱུད་པ་དང་། དེ་ནས་ལྷོ་བྲག་ནམ་མཁའ་ནམ་མཁའ་རྒྱལ་མཚན་གྱི་བར་བརྒྱུད་པའི་བཀའ་གདམས་མན་ངག་པའི་བརྒྱུད་པ།  གསུམ་ནི་དགེ་བཤེས་དགོན་པ་བ་ནས་དགེ་བཤེས་སྣེའུ་ཟུར་བ་ལ་བརྒྱུད་པ་དང་། དེ་ནས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་བར་བརྒྱུད་པ་ལ་བཀའ་གདམས་ལམ་རིམ་པ་ཞེས་བརྗོད་པ་ཡིན། ①ཞེས་གསུངས་ལྟར་མཁན་ཆེན་ཁོང་ཉིད་ནི་བཀའ་གདམས་མན་ངག་པ་དང་།  བཀའ་གདམས་ལམ་རིམ་པ་བརྒྱུད་པའི་ཐད་ལ་བྱས་རྗེས་བླ་མེད་བསྐྲུན་མཁན་ཡིན་ལ་ལམ་རིམ་བླ་བརྒྱུད་ཁྲོད་ན་བསུབ་ཏུ་མེད་པའི་རྡོ་རིང་ཞིག་བསླངས་ཡོད་པ་མ་ཟད།  དུས་རབས་བཅོ་ལྔ་བའི་མགོར་ཁོང་གི་དངོས་སློབ་རྗེ་ཙོང་ཁ་པ་ཆེན་པོས་སྔར་ཡོད་བོད་ཀྱི་ནང་བསྟན་སྲོལ་བཟང་ཉམས་པ་རྣམས་དག་ཐེར་དང་ཡོད་པ་རྣམས་བརྒྱུད་འཛིན་གོང་འཕེལ་ཏུ་བཏང་བ་དང་ཆབས་ཅིག  མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་གནས་གཞི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕག་བཏབ་པ་ནས། བཀའ་གདམས་གསར་མའམ་དགེ་ལུགས་པའི་གྲུབ་མཐའ་དར་སྤེལ་བྱུང་ཞིང་། བཀའ་གདམས་ཀྱི་སྡེ་དགོན་རྣམས་དགེ་ལུགས་པར་གཅིག་འདྲིས་བྱུང་བ་ཡིན། 
གསུམ། ཁོང་གི་གསུང་རྩོམ་ཐད་ཀྱི་མཛད་རྗེས།   
           དེ་ཡང་དམ་པ་ཁོང་ཉིད་ཀྱི་གསུང་རྩོམ་ཐད་ནས་བསྟོད་རྩོམ་གྱི་སྐོར་ལ《བསྟོད་པ་ནོར་བུའི་ཕྲེང་བ》དང་《རྣམ་འཇོམས་ཀྱི་མངོན་རྟོགས་བསྟོད་པ》། རྣམ་ཐར་གྱི་སྐོར་ལ《གསང་བའི་རྣམ་ཐར་ལོག་རྟོག་མུན་སེལ》དང་《གྲུབ་ཆེན་རིན་པོ་ཆེ་ཕྱག་རྡོར་བའི་བཀའ་འབུམ་ལས་ཕྱིའི་རྣམ་ཐར་བདུད་རྩིའི་ཕྲེང་བ》《ནང་ཏེང་ངེ་འཛིན་གྱི་ཉམས་སྣང་རྣམ་ཐར་དུ་བཀོད་པ་སྙན་བརྒྱུད་ཀྱི་ལྡེ་མིག》《སློབ་དཔོན་ཀུན་བློའི་རྣམ་ཐར》《ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བའི་ཕྱིའི་རྣམ་ཐར་གདུངས་རབས་དང་བཅས་བ་བཞུགས་སོ》། ཞུ་ལན་གྱི་སྐོར་ནས《ཞུ་ལན་སྨན་མཆོག་བདུད་རྩི》དང་《ཞུ་ལན་རྡོ་རྗེ་ཕྲེང་བ》《ཞུ་ལན་གནད་ཀྱི་མེ་ལོང》། ཁྲིད་ཡིག་གི་སྐོར་ནས《གཅེས་ཕྲེང་ཡི་གེ་བཞི་བའི་ཁྲིད་ཡིག》དང་《དཔལ་གསང་བ་བསམ་གྱི་མི་ཁྱབ་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་རིམ》《དོན་སེམས་སེམས་བསྐྱེད་ཀྱི་རྗེས་གནང་དང་ཁྲིད་ཡིག》སོགས་མང་པོ་མཛད་ཡོད། ①

བཞི་པ། མཁན་ཆེན་ཁོང་ཉིད་གདུང་རྒྱུད་བླ་མ་ཡིན་པར་ངོས་བཟུང་བ།
           ད་ལྟའང་ངག་རྒྱུན་དུ།  མི་རྒྱུད་ལྷ་ལས་ཆད་པ་དང་།  ཆུ་རྒྱུད་གངས་ནས་ཆད་པ་ལྟར་ཤུད་པུ་ལྷ་ནས་ཆད་པའི་ལོ་རྒྱུས་ཡོད་ཞེས་ཁོང་གི་གསུང་འབུམ་ནང་བཀོད་ཡོད།  མི་རྒྱུད་ལྷ་ལས་ཆད་པ་ནི་ཁོངས་གཏུགས་ན་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་བཙན་པོ་རྒྱལ་བོ་འགའ་ལ་གཏུགས་ཆོག་པར་གསུངས་ཡོད། རིམ་བཞིན་བོད་སུལ་བུར་འཐོར་རྗེས་སུའང་གོང་ནས་བཤད་པ་ལྟར་གཡོ་རུ་བཟུང་ཡོད་ལ། ཤུད་པུ་དཔལ་གྱི་སེང་གེ་ནས་བཟུང་སྟེ་ཤུད་པུ་རིགས་ཀྱིས་ཆོས་སྲིད་གཉིས་ཀྱི་ཐད་ནས་བོད་སྤྱི་ཚོགས་སྟེང་གོ་གནས་གལ་ཆེན་བཟུང་ཡོད། དེ་ཡང་ཤུད་པུ་དཔལ་གྱི་སེང་གེ་ནས་བཟུང་སྟེ་རིམ་བཞིན་བུ་ནས་བུ་བརྒྱུད་པའི་བླ་མ་མང་པོ་བྱུང་ཡོད་པ་ནི《ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བའི་རྣམ་ཐར་གདུང་རབས》ལས། ཤུད་པུའི་བླ་མ་གྲུབ་ཐོབ་རིམ་པར་བྱུང་བ་གསལ་བོར་བརྗོད་ཡོད་ལ།  དེ་ཡང་རེ་རེ་བཞིན་བགྲང་ན།  ཤུད་པུ་ལོ་ཙཱ་བ་དཔལ་གྱི་སེངེའྒི་སྲས་ཤུད་པུ་བསོད་ནམས་སེང་གེ་དང་ཤུད་པུ་ཆོས་ཀྱི་སེང་གེ་གཉིས།  ཤུད་པུ་བསོད་ནམས་སེང་གེའི་སྲས་ཤུད་པུ་ཉི་མ་སེང་གེ དེའི་སྲས་ཤུད་པུ་ཟླ་བའི་སེང་གེ   དེའི་སྲས་ཤུད་པུ་ཆོས་ཀྱི་བློ་གྲོས། དེའི་སྲས་ཤུད་པུ་བསོད་ནམས་བློ་གྲོས། དེའི་སྲས་ཤུད་པུ་དགའ་བའི་བློ་གྲོས།  དེའི་སྲས་ཤུད་པུ་བདེ་བའི་བློ་གྲོས།  དེའི་སྲས་ཤུད་པུ་ཆོས་ཀྱི་རྒྱལ་བོ། ཤུད་པུ་ཆོས་ཀྱི་རྒྱ་མཚོ།  གཉིས།   ཤུད་པུ་ཆོས་ཀྱི་རྒྱལ་བོའི་སྲས་ཤུད་པུ་མེ་ཚབ་རྒྱལ་བོ་དང་། ཤུད་པུ་ཁྱི་ཐུལ་ཅན་གཉིས། ཤུད་པུ་མེ་ཚབ་རྒྱལ་བོའི་སྲས་ཤུད་པུ་ཟླ་བ་རྒྱལ་མཚན།  ཤུད་པུ་མེ་ཚབ་དཔལ་གཉིས། ཤུད་པུ་མེ་ཚབ་དཔལ་གྱི་སྲས་ཤུད་པུ་སངས་རྒྱས་སྒྲ་འོད་དང་ཤུད་པུ་དཔོན་ཆེན་སེང་གེ་གཉིས། ཤུད་པུ་དཔོན་ཆེན་སེང་གེའི་སྲས་ཤུད་པུ་དཔོན་ཆེན་ཉི་མ་འོད་ཟེར། དེའི་སྲས་ཤུད་པུ་སློབ་དཔོན་དགྲ་འདུལ།  དེའི་སྲས་ཤུད་པུ་དཔོན་ཆེན་ཉི་མ་རྒྱལ་བོ།  དེའི་སྲས་ཤུད་པུ་དཔོན་ཆེན་དཀོན་མཆོག་སྐྱབས། མཁན་ཆེན་སེང་གེ། སློབ་དཔོན་སྔགས་པ་གསུམ།  ཤུད་པུ་དཔོན་ཆེན་དཀོན་མཆོག་སྐྱབས་ཀྱི་སྲས་ཤུད་པུ་སློབ་དཔོན་ཇོ་དབངས། དེའི་སྲས་མཁན་ཆེན་ནམ་མཁའ་རྒྱལ་བོ། ཤུད་པུ་དཔོན་ཆེན་སེང་གེ   ཤུད་པུ་སློབ་དཔོན་རྡོ་རྗེ། ཤུད་པུ་དཔོན་ཆེན་བློ་གྲོས། རྒྱལ་འགོང་ཉི་མ་གྲགས་པ་དང་ལྔའོ།  རྒྱལ་འགོང་ཉི་མ་གྲགས་པའི་སྲས་མཁན་ཆེན་རྒྱལ་ལ་དཔལ་བཟང་། དཔོན་པོ་ལི་བུ། སློབ་དཔོན་ཤཱཀྱ་བཟང་བོ། སློབ་དཔོན་བཀྲ་ཤིས་བཟང་བོ་དང་བཞི། ཤུད་པུ་སློབ་དཔོན་ལི་བུའི་སྲས།  ཤུད་པུ་སློབ་དཔོན་བསོད་ནམས་བཟང་བོ།  དེའི་སྲས་མཁན་ཆེན་རྒྱལ་སྲས་བཟང་བོ། སློབ་དཔོན་བཀྲ་ཤིས་བཟང་བོའི་སྲས། ཤུད་པུ་སློབ་དཔོན་ནམ་མཁའ་བཟང་བོ་དང་སློབ་དཔོན་རྒྱལ་མཚན་བཟང་བོ་གཉིས། སློབ་དཔོན་ནམ་མཁའ་བཟང་བོའི་སྲས།  གྲུབ་ཆེན་ནམ་མཁའ་རྒྱལ་མཚན། ཤུད་པུ་སློབ་དཔོན་རྒྱལ་མཚན་བཟང་བོའི་སྲས། ཤུད་པུ་སློབ་དཔོན་རྒྱལ་མཚན་དཔལ་བཟང་བོ། དེའི་སྲས་ཤུད་པུ་སློབ་དཔོན་ཨབ་བསོད་བཟང་བོ་གསུམ་①ཡོད་པ་སོགས་ལ་དམིགས་ན།  མཁན་ཆེན་ཁོང་ཉིད་ནི་ཕ་ནས་བུ།  བུ་ནས་བུ་ལ་བརྒྱུད་པའི་བླ་མ་དང་།  སྔ་མ་སྔ་མ་ཕྱི་མ་ཕྱི་མའི་ཕ་དང་སློབ་དཔོན་གཉིས་ཀའི་ཚུལ་དུ་གནས་ཡོད་ལ། ཡང་ཟུར་གཞན་ཤིག་ནས་བལྟས་ན། སྐབས་འདིར་ཏག་ཏག་བོད་ལ་སྤྲུལ་སྐུ་ལམ་ལུགས་བྱུང་ཟིན་ཡོད་ནའང་བཀའ་གདམས་ཀྱི་སྐུ་མཆེད་གསུམ་གཙོ་བྱས་པའི་མཁས་བ་རིམ་བྱོན་།  ཁོང་གི་དགེ་རྒན་དང་ཁོང་རང་ཉིད་སོགས་ལ་སྤྲུལ་སྐུ་འཚོལ་བའི་ལུགས་མ་བྱུང་བ་ནི་སྐབས་འདིར་ཁོ་རང་ཚོས་ཆོས་དང་རིག་གནས་ལ་ཁ་ཕྱོགས་པ་ལས་སྤྱི་ཚོགས་ཀྱི་ཟང་ཟིང་དང་སྲིད་ལ་ཐེ་གཏོགས་བྱས་མེད་པ་ཁོ་རང་སོ་སོའི་རྣམ་ཐར་དག་ལས་གསལ། དེ་བས་བདག་གིས་མཁན་ཆེན་ཁོང་ཉིད་ནི་གདུང་རྒྱུད་བླ་མར་ངོས་བཟུང་ན་ཆོག་སྙམ།                      སྡོམ་བྱང་།
           དེ་ཡང་ལུང་རྟོགས་གཉིས་ལ་མངའ་བཪྙེས་པའི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཁོང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ལ་མཁས་བ་གཞན་དང་ཐུན་མོང་མ་ཡིན་པའི་རིགས་རུས་གདུང་རྒྱུད་དང་ཁྱིམ་ཚང་གི་རྒྱབ་ལྗོངས་ཡོད་ལ། ཕྱི་ལྷོ་བྲག་ཡུལ་ལ་མཚོན་ནའང་བོད་ཀྱི་ལོ་རྒྱུས་སྟེང་མཁས་པ་མང་པོ་ཞིག་འཁྲུངས་མྱོང་བས་ཁོང་གི་མཛད་འཕྲིན་ལ་ཕྱི་ཁོར་ཡུག་གི་མཐུན་རྐྱེན་ཡོད་ལ་ནང་ཁྱིམ་ཚང་གི་ཆ་རྐྱེན་ལྡན། དེ་བས་ཁོང་གིས་མཆོག་གྱུར་གྱི་བུ་སློབ་མང་དུ་བསྐྱངས་བ་དང་ཆབས་ཅིག  བཀའ་གདམས་ཆུ་བོ་གཉིས་ཀྱི་རྒྱུན་མུ་མཐུད་དུ་སྤེལ་ཐུབ་པ་བྱུང་།  གཞན་ཡང་ཁོང་གིས་གསུང་ལས་བསྐྱངས་བའི་བུ་སློབ་མང་དུ་ཡོད་པའི་ནང་ནས་རྗེ་རིན་པོ་ཆེ་ལ་སོགས་བུ་སློབ་མང་པོ་བསྐྱངས་ཏེ་བོད་གངས་ཅན་ལྗོངས་ཀྱི་བཀའ་གདམས་བསྟན་པའི་སྲོལ་བསྐྱངས་པ་ཡིན་ནོ།།  (རྩོམ་པ་པོ་ངོ་སྤྲོད། གཅོད་པ་དོན་གྲུབ།  ཕ་ཡུལ།  མཚོ་སྔོན་ཞུན་ཧྭ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་རབ་འབྱམས་པ། ) (མཛུབ་སྟོན་དགེ་རྒན། གོ་ཤུལ་གྲགས་པ་འབྱུང་གནས། )  
①དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་བའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོར་པར། ཤོག་ངོས་357
②གཏེར་སྟོན་ཨུ་རྒྱན་གླིང་བའི་གཏེར་ནས་བཏོན་པའི《རྒྱལ་བོའི་བཀའི་ཐང་ཡིག》མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1996ལོར་པར། ཤོག་ངོས་2l8
①དཔའ་བོ་གཙུག་ལག་ཕྲེང་བ། 《ལྷོ་བྲག་ཆོས་འབྱུང》བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2005ལོར་པར།  ཤོག་ངོས་37
①ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 མི་རིགས་དཔེ་སྐྲུན་ཁང་།   སྤྱི་ལོ་2001པར།   ཤོག་ངོས་2l8
②གངས་ཅན་རིག་མཛོད་ཀྱི་དེབ་39《ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ》 བོད་ལྗོངས་བོད་ཡིག་ཡིག་ཪྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2004ལོར་པར། ཤོག་ངོས་347
①ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1990ལོར་པར། ཤོག་ངོས་303
②ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》། མི་རིགས་དཔེ་སྐྲུན་ཁང་གིསསྤྱི་ལོ200lལོར་པར། ཤོག་ངོས་320 
③འབྲུག་རྒྱལ་དབང་ཆོས་རྗེ། 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》མི་རིགས་དཔེ་སྐྲུན་ཁང་། 2001ལོར་པར།  ཤོག་ངོས་218
④དུང་དཀར་རིན་པོ་ཆེ། 《དུང་དཀར་ཚིག་མཛོད》། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་2001ལོར་པར། ཤོག་ངོས་108l
①ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》མི་རིགས་དཔེ་སྐྲུན་ཁང་། 2001ལོར་པར། ཤོག་ངོས་225
①མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད》མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར།  ཤོག་ངོས་l083
①གངས་ཅན་རིག་མཛོད་ཀྱི་དེབ་39《ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ》 བོད་ལྗོངས་བོད་ཡིག་ཡིག་ཪྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2004ལོར་པར། ཤོག་ངོས་147
①གངས་ཅན་རིག་མཛོད་ཀྱི་དེབ་39《ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ》། བོད་ལྗོངས་བོད་ཡིག་ཡིག་ཪྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2004ལོར་པར། ཤོག་ངོས་58