གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྒྱ་གར་གྱི་སྲིད་ལུགས་སྟོན་པའི་གཞུང་དོན་གྱི་བསྟན་བཅོས།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།
          གནའ་བོའི་རྒྱ་གར་དུ་དེ་ལྟར་རྒྱལ་པོ་དང་རྒྱལ་སྲིད་སྔོན་དུ་འགྲོ་བའི་སྲིད་ལུགས་སྔ་མོ་ནས་དར་རྒྱས་སུ་སོང་བ་དང་བསྟུན་ནས། དེའི་སྐོར་གྱི་ཤེས་བྱ་དང་ཉམས་མྱོང་རྣམས་ཡི་གེར་བཏབ་པའི་བསྟན་བཅོས་ཀྱང་རིམ་གྱིས་བྱུང་། དེ་ཡང་ངྷརྨ་སཱུཏྲ་སྟེ་ཆོས་ཀྱི་མདོའམ་ངྷརྨ་ཤཱསྟྲ་སྟེ་ཆོས་ཀྱི་བསྟན་བཅོས་སུ་གྲགས་པ་རྣམས་ནི་དེ་ཡིན་ལ།  དེ་ལས་གྲགས་ཆེ་བ་ཞིག་ནི།  མ་ནུའི་ཁྲིམས་ཡིག་བྱ་བ་རིག་བྱེད་ཀྱི་གཞུང་གི་དོན་སྙིང་པོར་དྲིལ་ནས་ལག་ལེན་དུ་བྱར་རུང་བ་ཁྲིམས་ཡིག་བཞིན་བཅོས་པ་བམ་པོ་བཅུ་གཉིས་ཚིགས་བཅད་ཉིས་སྟོང་དྲུག་བརྒྱ་གྱ་བཞི་ཅན་དེའོ། ། ལེགས་སྦྱར་གྱི་སྐད་དུ་འདི་ལ་མཱ་ན་བ་ངྷརྨ་ཤཱསྟྲ་སྟེ། ཐད་སོར་བསྒྱུར་ན་མ་ནུའི་ཆོས་ཀྱི་བསྟན་བཅོས་ཞེས་པར་འགྱུར། མཱ་ན་བའམ་མ་ནུ་ནི་ཤེད་བུ་བྱ་བ་སྟེ། རང་རེ་ལ་ཤེད་བུ་དང་ཤེད་ལས་སྐྱེས་ནི་མིའི་རིགས་ཀྱི་ཐོག་མ་ཡིན་པའི་སྒྲོས་ཤིག་ཡོད་པ་དེ་འདི་ལས་བྱུང་ངོ་།  ། འདིའི་བམ་པོ་བདུན་པས་རྒྱལ་པོ་དང་རྒྱལ་རིགས་ཀྱི་སྤྱོད་པ་བསྟན་པ་དང་།  གཞན་ཡང་བམ་པོ་བརྒྱད་པ་དང་དགུ་པ་སོགས་ནི་སྲིད་ལུགས་དང་ཤིན་ཏུ་འབྲེལ་ཆེ། འདི་ནམ་བྱུང་བའི་དུས་ལ་བཤད་ཚུལ་མང་ཡང་མཁས་པ་ཕལ་ཆེ་བས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ནས་སྤྱི་ལོའི་དུས་རབས་གཉིས་པའི་བར་ཡིན་པར་འདོད།  རྒྱའི་མཁས་པ་མ་ཞང་ཞོ་བྱ་བས་འདི་ཧྥ་རན་སིའི་འགྱུར་ལས་རྒྱ་ཡིག་ཏུ་བསྒྱུར་ནས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་དཔར་དུ་བཏབ་འདུག། བོད་སྐད་དུ་ད་ལྟའི་བར་མ་འགྱུར་མོད། བྲམ་ཟེ་རྣམས་ཀྱི་གཞུང་གལ་ཆེན་ཞིག་ཡིན་པས། གནའ་བོའི་རྒྱ་གར་གྱི་རིག་གནས་ཞིབ་འཇུག་བྱེད་པ་ལ་ཤིན་ཏུ་མཁོ་ཆེ།     
          གནའ་བོའི་རྒྱ་གར་དུ་ཆོས་ཀྱི་མདོའམ་ཆོས་ཀྱི་བསྟན་བཅོས་བྱ་བའི་རིགས་སུ་གཏོགས་པའི་ནཱི་ཏི་ཤཱསྟྲ་སྟེ་ལུགས་ཀྱི་བསྟན་བཅོས་བྱ་བ་མང་དུ་བྱུང་ཞིང་། སྐབས་འདིའི་ལུགས་ཞེས་པ་ནི་འཇིག་རྟེན་མི་ཆོས་སམ་སྲིད་ལུགས་ཏེ།  ད་ལྟའི་ཆབ་སྲིད་ཅེས་པའི་དོན་ཡིན་པས། ལུགས་ཀྱི་བསྟན་བཅོས་བྱ་བ་ནི་འཇིག་རྟེན་མི་ཆོས་ཀྱི་སྐོར་གཙོ་བོར་སྟོན་པའི་ཆབ་སྲིད་རིག་པའི་གཞུང་ངོ་། ། རྒྱ་གར་པའི་ལུགས་ཀྱི་བསྟན་བཅོས་རྣམས་ལས་ཀུན་གྱིས་ངེས་པར་ཤེས་འོས་པ་ཞིག་ནི།  བྲམ་ཟེ་བི་ཥ་ཎུ་ཤར་མན་གྱིས་བྱས་པར་གྲགས་པའི་པཉྩ་ཏནྟྲ་འམ་རྒྱུད་ལྔ་པ་ཞེས་པ་སྟེ།  བཅད་ལྷུག་སྤེལ་མར་བརྩམས་པའི་ལུགས་ཀྱི་བསྟན་བཅོས་གྲགས་ཅན་དེའོ། ། དེའི་ལྷུག་པའི་རྣམ་པ་ཅན་གྱི་ཆ་ནི་སྒྲུང་ངམ་གཏམ་རྒྱུད་དང་། དེ་དག་གི་བར་སྐབས་རྣམས་སུ་འཇིག་རྟེན་མི་ཆོས་སམ་སྲིད་ལུགས་ལས་བརྩམས་པའི་ལེགས་ཉེས་བླང་དོར་ཇི་ལྟར་བྱ་ཚུལ་སྟོན་པའི་བསླབ་བའི་རིམ་པ་ཚིགས་བཅད་དུ་བསྡེབས་པ་དག་ཡོད། དེ་ལ་དཔེ་རྒྱུན་མི་འདྲ་བ་དུ་མ་ཡོད་པ་ལས་དཔེ་སྔ་ཤོས་ནི་དུས་རབས་གཉིས་པའམ་གསུམ་པ་ཙམ་ལ་བྱུང་བར་ཚོད་འཇོག་བྱེད་ཅིང་།  ཆེས་ཤིན་ཏུ་འཕྱི་བ་ནི་དུས་རབས་བཅུ་གཉིས་པ་ལ་གཅེར་བུ་པའི་དགེ་སྦྱོང་ཞིག་གིས་བསྒྲིགས་པའི་དཔེ་ཞིག་ཡོད་པ་དེར་བྱེད།  བསྟན་བཅོས་ཀྱི་ལུས་ནི་སྤྱིའི་གླེང་གཞི་དང་བམ་པོ་ལྔ་ལས་གྲུབ་ཅིང་། བམ་པོ་རེའི་ཐོག་མ་ན་ཡོད་པའི་སྒྲུང་གིས་བམ་པོ་དེར་བྱུང་བའི་སྒྲུང་གཞན་པ་དག་གཅིག་ཏུ་བརྒྱུས་ཡོད་པས། སྒྲོམ་གཞི་རོ་སྒྲུང་དང་ཆ་འདྲ་བ་ཞིག་གོ། གོང་གི་གཅེར་བུ་པའི་དགེ་སྦྱོང་གི་དཔེ་དེ་གཞིར་བྱས་ན།  བམ་པོ་ལྔ་གའི་སྒྲུང་དང་པོ་རྣམས་ཕུད་རྗེས་ཁྱོན་ལ་སྒྲུང་དོན་བརྒྱད་དང་། ཚིགས་བཅད་ནི་གླེང་གཞི་ལས་བྱུང་བ་ལྔ་ཕུད་རྗེས་ཚིགས་བཅད་བརྒྱད་བརྒྱ་སོ་བརྒྱད་ཡོད་པས།  རང་རེའི་ས་སྐྱ་ལེགས་བཤད་དང་བསྡུར་ན། འདི་སྒྲུང་ཉེར་བཞི་དང་ཚིགས་བཅད་སུམ་བརྒྱ་གྱ་གཅིག་གིས་མང་། འདི་ནི་རྒྱལ་པོ་དང་། རྒྱལ་བུ་དང་། རྒྱལ་རིགས་སོགས་དབང་བསྒྱུར་བྱེད་མཁན་རྣམས་ཀྱིས་བསླབ་པར་བྱ་བའི་ཆབ་སྲིད་ཀྱི་སློབ་དེབ་ཏུ་སྣང་སྟེ།  འདིའི་གླེང་གཞི་ལས་ཀྱང་སྔོན་ཡུལ་མ་ཧི་ལ་རོ་པྱའི་རྒྱལ་པོ་ཨ་མ་ར་ཤཀྟི་བྱ་བ་ལ་བུ་རྟུལ་བོ་གསུམ་ཡོད་པ་བློན་པོ་སུ་མ་ཏིས་བྲམ་ཟེ་བི་ཥ་ཎུ་ཅུ་ཤར་མན་བྱ་བ་ལུགས་ཀྱི་བསྟན་བཅོས་ལ་མཁས་པ་ཞིག་ཡོད་པ་དེར་སྤྲད་ན་ཤེས་རབ་སྐྱེད་ནུས་པར་བཤད་པ་བཞིན་རྒྱལ་པོས་ཀྱང་སྤྲད་པས།  བྲམ་ཟེས་རྒྱལ་བུ་དག་གི་ཆེད་དུ་འདི་བརྩམས་སོགས་བྱུང་།  རྒྱུད་ལྔ་པ་ཟེར་བ་ནི་བསྟན་བཅོས་ལ་བམ་པོ་ལྔ་ཡོད་པས་བམ་གྲངས་ཀྱི་སྒོ་ནས་བཏགས་པར་བསམས།  སྡེ་དགེའི་པར་གྱི་ས་སྐྱ་བཀའ་འབུམ་པོད་ན་པར་བཞུགས་པའི་ས་སྐྱ་པཎྜི་ཏའི་རྣམ་ཐར་ལས།    
          འཇིག་རྟེན་གྱི་བྱ་བ་དང་།  ལུགས་ཀྱི་བསྟན་བཅོས་ལ་རབ་ཏུ་མཁས་པར་གྱུར་ཏེ།  ཙ་ན་ཀ་དང་།  བ་སུ་རཀྵ་དང་། ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ་ལ་སོགས་པ་དང་། སྐྱེ་བོ་གསོ་བ་ལ་སོགས་པ་མང་དུ་རྗེ་བཙུན་རིན་པོ་ཆེ་ལས་གསན་ཅིང་བྱང་བར་མཛད་དོ། །     
          ཞེས་འབྱུང་བའི་ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ་ཞེས་པ་ནི་པཉྩ་ཏནྟྲ་བྱ་བ་འདི་ཡིན་ངེས་ཤིང་།  དེས་ན་འདིའི་བཀླག་ཚུལ་ཡང་ལུགས་ཆེན་པོའི་གཏམ་ཞེས་ཡར་བཅད་རྗེས་འཕྲོ་མ་རྣམས་བཀླག་དགོས་པ་ཤེས་སླའོ། ། ས་པཎ་རྣམ་ཐར་དུ་བྱུང་བ་འདི་ཙམ་ལས་ཁོ་བོས་མཐོང་ཐོས་སུ་གྱུར་པའི་ཆོས་འབྱུང་དང་། དེབ་ཐེར། རྣམ་ཐར་གཞན་རྣམས་སུ་བསྟན་བཅོས་འདིའི་མིང་ཙམ་ཡང་མ་བྱུང་། དེས་ན་རྗེ་ས་པཎ་གྱིས་ལེགས་སྦྱར་གྱི་སྐད་ལས་བསྟན་བཅོས་འདི་གསན་སྦྱོང་བས་པ་ཡིན་ངེས་ཤིང་། ཁོང་ཙམ་མ་གཏོགས་ཇོ་ནང་ཀུན་མཁྱེན་དང་མཁས་དབང་དགེ་ཆོས་སོགས་རྒྱ་གར་ལ་རྒྱུས་ཞིབ་པའི་ལོ་ཙཱ་བ་དང་མཁས་པ་ཚོའི་ཞལ་ལས་ཀྱང་འདིའི་སྐོར་གྱི་གཏམ་མ་བྱུང་བས།  བོད་བྱིངས་ནི་བསྟན་བཅོས་འདི་ལ་རྒྱུས་མེད་པར་སྣང་ངོ་། ། ས་པཎ་གྱིས་པཎྜི་ཏ་སུ་ག་ཏ་ཤྲཱི་ལས་ཕྱི་རོལ་པའི་རིག་བྱེད་བཞི་ལའང་སྦྱངས་པར་བཤད[1]པས། ཁོང་གིས་བོད་སྐད་དུ་མ་འགྱུར་པའི་ཕྱི་ནང་གི་གཞུང་མང་པོ་ཞིག་ནི་ཁ་ཆེ་དང་བལ་བོའི་པཎྜི་ཏ་དེ་ཚོའི་མདུན་ནས་ཐད་ཀར་ལེགས་སྦྱར་གྱི་སྐད་དང་ཡི་གེ་ལས་བསླབས་པར་ངེས་སོ། །    
          འཛམ་གླིང་གི་ཡུལ་གྲུ་གཞན་དུ་པཉྩ་ཏནྟྲ་བྱ་བ་འདི་ཤིན་ཏུ་གྲགས་ཆེ་སྟེ། སྤྱི་ལོའི་དུས་རབས་དྲུག་པ་ཙམ་ནས་ཡོ་རོབ་དང་ཨ་ར་བྷིའི་ཡུལ་དུ་དར་ཞིང་།  དེ་ནས་ལོ་ངོ་ཆིག་སྟོང་ལྷག་གི་རིང་ལ།  རྒྱ་གར་རང་གི་ཡི་གེ་དུ་མ་དང་།  དེ་ནས་ཨ་ར་བྷིའི་ཡི་གེ། སུ་རི་ཡའི་ཡི་གེ།  འཇར་མན་གྱི་ཡི་གེ།  གྷི་རིག་གི་ཡི་གེ།  ཨི་ཏ་ལིའི་ཡི་གེ། ལཱ་ཌེན་གྱི་ཡི་གེ།  ཨུ་རུ་སུའི་ཡི་གེ།  ཏི་བྷི་ལའི་ཡི་གེ།  ཧྥ་རན་སིའི་ཡི་གེ།  དབྱིན་ཇིའི་ཡི་གེ།  ཏ་ཟིག་གི་ཡི་གེ།  ཏུ་རུ་ཀའི་ཡི་གེ།  སུ་ཕེན་གྱི་ཡི་གེ།  སོག་པོའི་ཡི་གེ་སོགས་ཡིག་རིགས་དུ་མར་འགྱུར་ཞིང་། སྤྱི་ལོ1914ལོར་རྩིས་བརྒྱབ་པའི་གྲངས་ཀ་ཞིག་གཞིར་བྱས་ན། བསྟན་བཅོས་འདི་སྔ་ཕྱིར་རྒྱ་གར་གྱི་སྐད་ཡིག་བཅོ་ལྔ་དང་། དེ་ལས་གཞན་པའི་ཨེ་ཤེ་ཡའི་སྐད་ཡིག་བཅོ་ལྔ། ཨ་ཧྥེ་རི་ཀའི་སྐད་ཡིག་གཉིས། ཡོ་རོབ་ཀྱི་སྐད་ཡིག་ཉིར་གཉིས་བཅས་ཁྱོན་འཛམ་གླིང་གི་སྐད་ཡིག་ལྔ་བཅུ་ང་བཞིར་འགྱུར་ཡོད་ཅིང་། དེ་དག་ལས་སྐད་ཡིག་གཅིག་ལ་འགྱུར་མི་འདྲ་བ་དུ་མ་ཅན་ཡང་ཤིན་ཏུ་མང་སྟེ། དབྱིན་ཇི་དང་། འཇར་མན། ཧྥ་རན་སི་རྣམས་ཀྱི་སྐད་ཡིག་ལ་སོ་སོར་འགྱུར་མི་འདྲ་བ་བཅུ་ལྷག་ཡོད་ཟེར། [1]དེས་ན་བསྟན་བཅོས་འདི་སྔ་མོ་ནས་འཛམ་གླིང་གི་གླིང་ལྔའི་ཁྱོན་ལ་ཡོངས་སུ་ཁྱབ་ཡོད་པ་ཡིན་ལ། གོང་གི་སྡོམ་རྩིས་ཀྱི་དུས་དེ་ནས་ད་ལྟའི་བར་ལ་དུས་རབས་གཅིག་འགོར་ཉེར་ཡོད་པས། དེའི་ཚུན་ལ་ཡང་འཛམ་གླིང་དུ་སྐད་ཡིག་སོ་སོའི་འགྱུར་གསར་བ་ཤིན་ཏུ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་ངེས་སོ། ། ཤེས་རབ་ཅན་ནི་འདི་ཙམ་ལས་ཀྱང་རྒྱ་གར་གྱི་རིག་གནས་ལ་ཧ་ལས་རྒྱུ་འབྱུང་ངོ་། ། སྔོན་རྒྱ་ནག་ལ་བསྟན་བཅོས་འདི་མ་འགྱུར་མོད། དུས་རབས་སྔོན་མར་སྐུ་ཞབས་ཅི་ཞན་ལིན་གྱིས་ལེགས་སྦྱར་གྱི་སྐད་ནས་རྒྱའི་སྐད་ཡིག་ཏུ་ཆ་ཚང་བར་བསྒྱུར་ཏེ། སྤྱི་ལོ1959ལོར་དཔེ་སྐྲུན་འགྲེམ་སྤེལ་བས། རྒྱ་ཡིག་གི་འགྱུར་གྱི་མ་དཔེ་ནི་གོང་དུ་སྨོས་པའི་གཅེར་བུ་པའི་སློབ་དཔོན་ཞིག་གིས་བསྒྲིགས་པའི་དཔེ་དེ་ཡིན་ནོ། །     
          འཛམ་བུ་གླིང་གི་ཡུལ་ལུང་མང་པོ་ཞིག་ཏུ་འདི་སྒྲུང་གི་རིགས་གྲགས་ཅན་ཞིག་ཏུ་མཐོང་བ་ཡིན་མོད།   རྒྱ་གར་པ་རྣམས་ཀྱིས་འདིའི་སྒྲུང་ལས་ཀྱང་སྒྲུང་གི་བསྟན་བྱའི་གནས་ལུགས་གཙིགས་ཆེན་དུ་བྱས་ནས་འདི་ལུགས་ཀྱི་བསྟན་བཅོས་སུ་འཛིན་པ་ཡིན་ཏེ།  《པཉྩ་ཏནྟྲ》འདིའི་མཇུག་ཏུ་གཏམ་རྒྱུད་སྡེ་ལྔའམ་མིང་གཞན་རྒྱུད་ལྔ་པ་ཞེས་བྱ་བའི་ལུགས་ཀྱི་བསྟན་བཅོས་རྫོགས་སོ[2]ཞེས་འབྱུང་བ་ལས་རྟོགས་པ་ཡིན་ནོ།  ། དེ་གཉིས་ནི་འཛིན་སྟངས་མི་འདྲ་བའི་ཁྱད་པར་ཏེ།  གཅིག་ནི་དང་པོ་དེའི་ཚིག་ལྷུག་གི་ཆའམ་སྒྲུང་གི་ཆ་རྣམས་ངོ་མཚར་དུ་བརྩིས་ནས་གཙོ་བོར་ཡིད་ལ་བཞག་ཅིང་། དེ་ནས་དེ་ཡིས་བསྟན་བྱ་ནི་འདི་འདྲ་བ་ཞིག་སྟོན་གྱིན་ཡོད་ཅེས་པའི་ཚུལ་དང་། ཅིག་ཤོས་ནི་དང་པོ་དེའི་ཚིགས་བཅད་ཀྱི་ཆའམ་བསྟན་བྱའི་གནས་ལུགས་དེ་སྙིང་པོར་བཟུང་ཞིང་། དེ་ནས་དེ་སྟོན་བྱེད་དུ་སྒྲུང་འདི་འདྲ་བ་ཡོད་དོ་ཞེས་པའི་ཚུལ་ཏེ། དེའང་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་པའོ ། འོན་ཀྱང་མཛོ་རྒྱུས་ལ་མཛོ་བདག་གི་འདོད་པ་དབང་བཙན་པར་བྱས་ན་ལེགས་པས། འདི་ཡང་གཙོ་བོ་ལུགས་ཀྱི་བསྟན་བཅོས་ཀྱི་ཆ་ནས་བཟུང་ན་ལེགས་པ་ཡིན་ནོ། ། དུས་རབས་བཅུ་པའི་ཡས་མས་ཤིག་ལ་ནཱ་ཡ་རཱ་ཡ་ཎ་བྱ་བའི་མཁས་པ་ཞིག་གིས་པཉྩ་ཏནྟྲ་ཅུང་ཟད་གཞན་དུ་བྱས་པའི་སྟེང་ལ་རང་ཉིད་ཀྱིས་ཀྱང་གསར་དུ་བསྣན་ཏེ། ཧི་ཏོ་པ་དེ་ཤ་སྟེ་ཕན་པའི་ངག་བྱ་བ་གཏམ་རྒྱུད་སོ་བརྒྱད་དང་ཚིགས་བཅད་བདུན་བརྒྱ་སུམ་ཅུ་ཅན་གྱི་བསྟན་བཅོས[1]གྲགས་ཅན་ཞིག་བརྩམས་པ་དེས་ཀྱང་ཚིགས་བཅད་ཀྱི་ཆ་གཙོ་བོར་བྱས་སྣང་ལ། ལྷག་པར་དུས་རབས་བརྒྱད་པའི་སྟོད་ཀྱི་ཆ་ལ་བྱོན་པའི་ཀཱ་མན་ད་ཀས་བྱས་པའི་ནི་ཏི་སཱ་ར་སྟེ་ལུགས་ཀྱི་སྙིང་པོ་བྱ་བའི་བསྟན་བཅོས་ལས་སྲིད་ལུགས་ཀྱི་བླང་དོར་སྟོན་པའི་ཚིགས་བཅད་མང་དུ་བླངས་འདུག[2]པས། ལུགས་ཀྱི་བསྟན་བཅོས་ཞེས་པའི་ལུགས་རྣམས་ནི་མདོ་དོན་སྙིང་པོར་དྲིལ་བའི་ཚིགས་བཅད་ཀྱི་ཆ་དེ་དག་གིས་ལྷག་པར་སྟོན་པ་ཡིན། ཚིག་ལྷུག་གམ་སྒྲུང་གི་ཆ་རྣམས་ཀྱིས་ལུགས་མི་སྟོན་པ་ག་ལ་ཡིན་ཡང་།  དེ་ནི་གཙོ་བོ་སྒྲུང་གི་ངོས་ནས་འཛིན་དགོས་པ་ཡིན། གནའ་བོའི་རྒྱ་གར་གྱི་གཏམ་རྒྱུད་ལ་པཉྩ་ཏནྟྲ་དང་། སྟོན་པའི་སྐྱེས་རབས། གཏམ་གྱི་ཆུ་བོའི་རྒྱ་མཚོ་གསུམ་ལས་གྲགས་ཆེ་བ་མེད་པ[3]དང་། དེ་ལས་ཀྱང་པཉྩ་ཏནྟྲ་འདི་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པར་བཤད་པ[4]ནི་གཙོ་བོ་འདིའི་སྒྲུང་གི་ཆ་བརྗོད་པ་ཡིན་ཞིང་། སྐུ་ཞབས་ལུའུ་ཞུན་གྱིས་རྒྱ་གར་གཏམ་རྒྱུད་ཀྱིས་ཕྱུག་པ་ནགས་ཆེན་པོའི་ཆུ་མིག་ཟབ་མོ་དང་འདྲ་ཞིང་།  ཡུལ་གཞན་གྱི་རྩོམ་ལ་དེའི་ཤན་མང་དུ་ཐེབས་པའི་གཏམ་རྟག་ཏུ་ཐོས[5]ཞེས་པའང་གཙོ་བོ་དེ་དག་ཡིན་དགོས།  དེ་བས་པཉྩ་ཏནྟྲ་ནི་ལུགས་ཀྱི་བསྟན་བཅོས་སམ་ལེགས་བཤད་ཀྱི་མཛོད་ཡིན་པའི་ཞར་ལ་གཏམ་མམ་སྒྲུང་གི་མཛོད་ཡིན་པའང་བསྙོན་དུ་མེད་དོ།  །    
          རྒྱ་གར་པའི་ལུགས་ཀྱི་བསྟན་བཅོས་ལས་ལྷག་པར་ངོ་མཚར་བ་ནི་ཀ་ཨུ་ཊི་ལི་ཡ་ཨརྠ་ཤཱསྟྲ་སྟེ།  ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་ཞེས་པའོ ། ཀ་ཨུ་ཊི་ལྱའི་ནི་འདིའི་རྩོམ་པ་པོ་སྟེ། འདིའི་ལོ་རྒྱུས་ནི་མཽརྱའི་རྒྱལ་རབས་ཇི་ལྟར་བཙུགས་པའི་ལོ་རྒྱུས་དང་འབྲེལ་ཆེ་བས་དེ་དང་འབྲེལ་ནས་ཅུང་ཟད་སྤྲོས་ན། འདི་ནི་སྲིད་ལུགས་ལ་ཤིན་ཏུ་མཁས་པའི་བྲམ་ཟེའི་སློབ་དཔོན་ཞིག་ཡིན་ཞིང་།  རྒྱལ་པོ་ཙནྟྲ་གུཔྟ་སྟེ་ཟླ་བ་སྦས་པ་ཞེས་པས་འདིའི་རམ་འདེགས་ལ་བརྟེན་ནས་མཽརྱའི་རྒྱལ་རབས་བཙུགས། ཕ་འཁྲུག་ལོང་དུ་འདས་པས་ཙནྟྲ་གུཔྟ་ཆུང་ངུ་ནས་སྡུག་ལ་འཁྱར་ཞིང་། རྔོན་པ་དང་ཕྱུགས་རྫི་རྣམས་ཀྱིས་གསོས་ནས་ནར་སོན། ཕྱིས་ཁོ་རང་ཀ་ཨུ་ཊི་ལྱ་དང་འཕྲད་དེ་དེའི་སློབ་མར་གྱུར་ཅིང་། དེ་དང་ལྷན་དུ་གྷནྡྷ་རའི་རྒྱལ་པོའི་ཁབ་རྡོ་འཇོག་ཏུ་ཕྱིན་ནས་སློབ་གཉེར་བྱས། དེ་ནི་གྷི་རིག་པ་རྣམས་རྒྱ་གར་ལ་དཔུང་འཇུག་བྱེད་སྐབས་དང་པོར་བཟུང་པའི་ཡུལ་ཡིན་པས་ཙནྟྲ་གུཔྟས་དེ་རུ་གྷི་རིག་པའི་དཔུང་སྒར་གྱི་ཚུལ་མཐོང་ཞིང་ཤེས་པར་གྱུར། དེ་དཔའ་སྙིང་ཆེ་བས་ཐེངས་ཤིག་གྷི་རིག་གི་དམག་དཔོན་ཨེ་ལེག་ཟན་དར་གྱི་གམ་དུ་བཅར་ཏེ་ཁེངས་དྲེགས་ཀྱི་གཏམ་གྱིས་དམག་དཔོན་གདུག་པ་ཅན་དེ་རབ་ཏུ་ཁྲོས་པར་བྱས་པས་ཙནྟྲ་གུཔྟ་ཨེན་ཙམ་གྱིས་སྲོག་འཆོར་བ་ལ་ཐུག་ཟེར།  དེ་ནས་ཁོས་ཀ་ཨུ་ཊི་ལྱ་དང་མཉམ་དུ་དམག་བསྡུས་ཏེ་མ་ཆི་ཏུན་རྣམས་ལ་རྒོལ་བར་བྱས། སྐབས་དེ་ལ་རྒྱ་གར་ནུབ་བྱང་གི་ཡུལ་དུ་མ་ཆི་ཏུན་རྣམས་ལ་རྒོལ་བའི་ཟིང་ལོང་ཆེ་ཞིང་། དེའི་ཁྲོད་ཁོའི་དཔུང་ཤུགས་ཀྱང་ཀུན་ནས་རྒྱས་པར་གྱུར་ཏེ། སྤྱི་ལོའི་སྔོན་གྱི་ལོ324ལ་ཁོས་རང་ཉིད་རྒྱལ་པོར་བསྐོས་ཤིང་། མ་ཆི་ཏུན་རྣམས་རྒྱ་གར་ནུབ་བྱང་གི་ཡུལ་ནས་སྐྲོད་པའི་འགན་རང་གིར་བླངས།  ལོ་འགའ་ལ་འཐབ་རྗེས་མ་ཆི་ཏུན་རྣམས་བསྐྲད་དེ་རྒྱ་གར་གྱི་ཡུལ་སྔ་སོར་བཙུད།  དེའི་རྗེས་སུ་ཀ་ཨུ་ཊི་ལྱའི་ཇུས་ཀྱི་རོགས་རམ་ལ་བརྟེན་ནས་ནནྟའི་རྒྱལ་པོའི་རྒྱལ་ས་པ་ཊ་ལི་པི་ཊ་ལ་དམག་དྲངས་ནས་ཕབ་ཅིང་ནནྟའི་རྒྱལ་པོ་མཐའ་མ་བསད་དེ་འདིས་བཙུགས་པའི་མཽརྱའི་རྒྱལ་རབས་ཀྱིས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཡོངས་སུ་བདག་གིར་བྱས། ཕྱིས་སུ་གྷི་རིག་པ་སེ་ལུ་ཀ་བྱ་བས་ཨཕགཱནིསྟཱན་དང་རྒྱ་གར་བྱང་ཕྱོགས་སླར་གཟུང་བའི་ཕྱིར་དམག་དྲངས་པའང་འདིས་བཟློག་སྟེ་མངའ་ཁོངས་ལྷག་ཏུ་རྒྱ་བསྐྱེད། མཐར་རྒྱ་གར་ལྷོ་ཕྱོགས་སུའང་མངའ་ཁོངས་རྒྱ་བསྐྱེད་དེ་རྒྱ་གར་གྱི་ལོ་རྒྱུས་ལས་ཐོག་མར་བྱུང་བའི་གཅིག་བསྡུས་ཀྱི་ཚད་དང་མངའ་ཁོངས་རྒྱ་བསྐྱེད་པའི་ཚད་ཆེས་ཆེ་བའི་བཙན་པོའི་རྒྱལ་རབས་བཙུགས། ཙནྟྲའི་རྒྱལ་རབས་ཀྱི་རྒྱལ་པོ་གཉིས་པ་ནི་ཙནྟྲ་གུཔྟའི་བུ་བིནྡྷུ་ས་རའམ་བིན་དུ་ས་ར་སྟེ་སྙིང་པོ་ཐིག་ལེ་དང་། རྒྱལ་པོ་གསུམ་པ་ནི་བིན་དུ་ས་རའི་བུ་ཨ་ཤོ་ཀ་སྟེ་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་། [1]དེའི་སྐོར་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་འདི་ལྟར་འབྱུང་སྟེ།    
          འདི་དང་དུས་མཚུངས་སུ་མཽརྱའི་རྒྱལ་རབས་ཀྱི་མགོ་ཚུགས། རྒྱལ་པོ་དང་པོ་ལ་ཙནྟྲ་གུཔྟར་གྲགས། མ་མུ་ར་བྱ་བའི་བུ་ཡིན་པས་རྒྱལ་བརྒྱུད་དེ་སྐད་གྲགས་ཟེར། གང་ལྟར་ཡང་རྒྱལ་པོ་འདི་ཡང་གོང་དུ་སྨྲས་པའི་ནནྟའི་རྒྱལ་རིགས་སུ་སྐྱེས་པ་ལས་གཉེན་རྣམས་ཀྱིས་མ་ག་ངྷ་ནས་བསྐྲད་པས་དྲི་ཟའི་ཡུལ་དུ་བསྡད། ནམ་ཞིག་ཨེ་ལེག་ཟན་དར་ཤི་བའི་གཏམ་ཐོས་པ་ན། ཡུལ་མིའི་མགོ་བསྡུས་ནས་ཡ་ལྦ་ན་ལ་ངོ་ལོག་སྟེ་སྟོན་པ་འདས་རྗེས་ཀྱི་ལོ་ཉིས་བརྒྱ་ཉེར་གསུམ་པར་རང་ཉིད་ཡུལ་དེར་རྒྱལ་པོ་བྱས།  དེ་ནས་རྡོ་འཇོག་གི་བྲམ་ཟེ་ཙ་ན་ཀའམ་ཀཻ་ཏུ་ལྱ་བྱ་བས་གྲོགས་བྱས་ཏེ།  མ་ག་ངྷར་འོངས་ནས་ནནྟའི་རྒྱལ་པོ་ཁྲི་ལས་ཕབ།  བྲམ་ཟེ་དེ་ཙ་ན་ཀའི་རྒྱལ་པོའི་བསྟན་བཅོས་གྲགས་ཆེན་དེའི་རྩོམ་པ་པོར་བྱེད། [2]ཅེས་དང་།    
          མི་རིང་བར་གྷི་རིག་གི་དམག་དཔོན་སེ་ལུ་ཀ་བྱ་བ་སིནྡྷུ་འཛིན་དུ་འོངས་པ་ཡང་ཕམ་པར་བྱས་ནས་སླར་བསྐྲད། ཀ་བི་ལ་དང་ཧེ་ར་ཏ་ཆབ་འོག་ཏུ་བྱས། རིམ་གྱིས་ཤར་ཀ་མ་རུ་པ་ནས་ནུབ་ཏ་ཟིག་གི་མཐའ་ལ་ཐུག་གི་བར་མོརྱའི་རྒྱལ་ཁམས་སུ་བྱས་ཏེ། ཆོས་ཀྱི་རྒྱལ་སྲིད་ལོ་ཉེར་ལྔའི་བར་དུ་བསྐྱངས། [3]ཞེས་སོ། །    
          འདིར་བཤད་པའི་བྲམ་ཟེ་ཀཻ་ཊི་ལེ་ཞེས་པ་ནི་གོང་གི་ཀ་ཨུ་ཊི་ལྱ་ཞེས་པ་དང་མི་གཅིག་ཡིན་པས་འདིའི་མིང་གི་བྲི་ཚུལ་གཞན་ཞིག་ཡིན་ངེས། དེའི་མིང་གཞན་ལ་ཙ་ན་ཀ་ཡང་ཟེར་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པར་མ་ཟད། རྒྱ་གར་ཉེ་རབས་ཀྱི་མཁས་པ་ཀོ་སམ་པི་ཟེར་བས་བརྩམས་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཤེས་རིག་གི་བྱུང་བའི་རྩ་གནད་བྱ་བར་ཡང་།  དེའི་རྩོམ་པ་པོ་ནི་ཙ་ན་ཀའམ་ཀ་ཨུ་ཊི་ལྱ་ཞེས་པའི་བྲམ་ཟེ་ཞིག་སྟེ། སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་མཇུག་གི་ཆ་ལ་མཽརྱའི་ཙནྟྲ་གུཔྟའི་བློན་དུ་གྱུར[4]ཞེས་འབྱུང་ཞིང་།  ཉི་ཧོང་གི་མཁས་པ་ཆེན་པོ་ན་ཁ་མུ་ལ་ཧ་རྗིས་མེ་ཞེས་པའི་རྒྱ་གར་གྱི་བསམ་བློའི་ལོ་རྒྱུས་དང་།  ཉི་ཧོང་ཐཱོ་ཁྱཱོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཧ་ཡ་ཞིས་མ་ཁིས་ཡོ་ཞིས་ཡོ་སོགས་ཀྱིས་བརྩམས་པའི་རྒྱ་གར་གྱི་བསམ་བློའི་འོ་རྒྱུས་བཅས་སུའང་ཙ་ན་ཀ་དང་ཀ་ཨུ་ཊི་ལྱ་མི་གཅིག་ཡིན་པར་བཤད།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་འབྱུང་བའི་ཙ་ན་ཀའི་རྒྱལ་པོའི་བསྟན་བཅོས་ཞེས་པ་ནི་གོང་གི་ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་ཞེས་པ་སྟེ།  དེ་ནི་རང་རེའི་བསྟན་འགྱུར་ལས་འབྱུང་བའི་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་དང་མིང་གཅིག་པ་ཙམ་དུ་བྱུང་ཡང་ཡིན་པ་ནི་བསྟན་བཅོས་སོ་སོ་བ་ཡིན་ལ། དེ་གཉིས་ཀྱི་འབྲེལ་བ་ནི་འོག་ཏུ་སྐབས་སུ་བབ་ན་བཤད་པར་འགྱུར་རོ། ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས།    
          དེ་ནས་རྒྱལ་པོ་ཟླ་བ་སྦས་པ་ཞེས།  ། ཛམྦྷ་ལ་གྲུབ་རྒྱལ་སྲིད་ལོངས་སྤྱོད་རྒྱས།  ། [1]   ཞེས་དང་།    
          དེ་ཡི་བུ་ནི་སྙིང་པོ་ཐིག་ལེ་ཞེས།  ། སྔོན་དུས་བྱིས་པར་གྱུར་ཚེ་རྩེད་མོའི་ཕྱིར།  །      
          རྒྱལ་བའི་མཆོད་རྟེན་བྱེ་མ་ལས་བྱས་མཐུས།  ། སྐྱེ་བ་ལྔ་བརྒྱར་ལྷ་ཡི་བདེ་མྱོང་ནས།  །     
          དེ་ནས་ཤི་འཕོས་མི་ཡི་རྒྱལ་པོར་གྱུར། ། བྱིས་པའི་དུས་ནས་རྒྱལ་པོར་ཅོད་པན་བཅིངས། །
          འཇམ་དཔལ་དང་ནི་སྒྲ་ཡི་རིག་པ་གྲུབ།  ། ཆོས་བཞིན་རྒྱལ་སྲིད་ལོ་ནི་བདུན་ཅུར་བྱེད། །    
          དེ་ཡི་བློན་པོ་བྲམ་ཟེ་ཙ་ན་ཀས།  ། གཤིན་རྗེ་གཤེད་གྲུབ་ཁྲོ་བོས་ཟིལ་མནན་ཏེ།  །     
          རྒྱལ་པོ་གསུམ་གྱི་རིང་ལ་མངོན་སྤྱོད་ཀྱིས།  ། ཤིན་ཏུ་མི་བཟད་སྡིག་ཆེན་བྱས་པར་གྱུར།  ། [2]  
           ཞེས་འབྱུང་ལ།  ཇོ་ནང་ཏཱ་ར་ཎ་ཐའི་རྒྱ་གར་ཆོས་འབྱུང་ལས།   
          དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་ཡུལ་གོ་རར་བྱུང་བ་ལོ་སུམ་ཅུ་སོ་ལྔ་རྒྱལ་སྲིད་བྱས།  སློབ་དཔོན་བྲམ་ཟེ་ཙ་ན་ཀ་ཞེས་བྱ་བས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་བསྒྲུབས་ཏེ་ཞལ་མཐོང་བས་རིག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ་བར་གྱུར། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཙམ་གྱི་རྒྱལ་པོ་དང་བློན་པོ་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་བསད་ཅིང་། དེའི་ཤུལ་དུ་རྒྱལ་པོས་དམག་བྱས་པས་ཤར་ནུབ་ཀྱི་ཕྱིའི་རྒྱ་མཚོ་ལ་ཐུག་པ་ཙམ་ལ་དབང་བསྒྱུར་དེ་ལ་བྲམ་ཟེ་དེས་བསད་པའི་ལས་ཀྱི་སྦྱོར་བས་སྐྱེ་བོ་སུམ་སྟོང་ཙམ་བསད། སྨྱོ་བའི་སྦྱོར་བས་ཀྱང་སྐྱེ་བོ་ཁྲི་ཙམ་སྨྱོ་བར་བྱས། དེ་བཞིན་དུ་བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། ངག་ལྐུགས་པར་བྱས་པ་ལ་སོགས་པ་སྐྱེ་བོ་མང་པོ་ལ་གནོད་པ་བྱས་པའི་ཛཱག་པས་ལུས་ཚལ་བར་གས་པའི་ནད་ཀྱིས་ཤི་ནས་དམྱལ་བར་སྐྱེས་སོ།། [1]   
          ཞེས་འབྱུང་བ་དང་།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས།    
          དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེས་ཡུལ་གཽ་རར་རྒྱལ་སྲིད་ལོ་སོ་ལྔར་བྱས་ཤིང་།  བློན་པོ་བྲམ་ཟེ་ཙ་ན་ཀ་(སྲན་མ)ས་ཁྲོ་བོ་གཤིན་རྗེ་གཤེད་བསྒྲུབས་ཏེ་ཡུལ་ཊི་ལི་སོགས་ཀྱི་གྲོང་ཁྱེར་བཅུ་དྲུག་གི་རྒྱལ་བློན་སོགས་མངོན་སྤྱོད་ཀྱིས(3000)དགུམ་རེངས་རྨོངས(10000)སོགས་བྱས་ཤུལ་དུ་རྒྱལ་པོས་དམག་གིས་ཐམས་ཅད་ལ་མངའ་བསྒྱུར་ལ། བློན་པོ་ཚེ་ཕྱི་མར་དམྱལ་བ་དང་གཤིན་རྗེ་ཆོས་རྒྱལ་དང་ཀླུ་དང་ཡི་དྭགས་སུ་སྐྱེས་ནས་སླར་མི་ཡུལ་དུ་རིགས་ངན་སོགས་སུ་སྐྱེས་པའི་མཐར་གཤིན་རྗེ་གཤེད་ཀྱི་མཐུས་མི་རིང་བར་རང་སངས་རྒྱས་སུ་གྱུར་ནས་གྲོལ་བར་འཇམ་དཔལ་རྩ་རྒྱུད་སོགས་ལས་གསུངས་སོ།  ། [2]   
          ཞེས་འབྱུང་།  འདི་དག་ལ་གཞིགས་ན་ཙ་ན་ཀ་བྱ་བ་འདིས་སྔོན་ཡུལ་དང་གྲོང་ཁྱེར་མང་པོ་བཅོམ་པ་དང་སྐྱེ་བོ་མང་པོ་བསད་པ་མཐུན་པར་བྱུང་བས། རྒྱལ་པོ་ཙནྟྲ་གུཔྟ་སོགས་ཀྱིས་རླབས་ཆེན་གྱི་འཕྲིན་ལས་གྲུབ་པ་འདིའི་བློ་གྲོས་དང་དགྲ་ཐབས།  གྲོགས་དང་མཐུན་འགྱུར་བྱས་པ་ལ་ངེས་པར་བལྟོས་པ་ཤེས་པར་འགྱུར།  བོད་ཀྱི་ཆོས་འབྱུང་གྲགས་ཅན་དེ་གསུམ་ག་ཞལ་མཐུན་པར་འདི་རྒྱལ་པོ་སྙིང་པོ་ཐིག་ལེའི་བློན་ཡིན་པར་བཤད་པས།  ཙནྟྲ་གུཔྟ་གཤེགས་རྗེས་འདི་བིན་དུ་ས་རའི་བློན་ཡང་བྱས་ཡོད་མཆི།  རྒྱལ་པོ་གསུམ་གྱི་རིང་ལ་མངོན་སྤྱོད་ཀྱིས། ། ཞེས་པ་བདེན་ན་འདི་ཆོས་རྒྱལ་མྱ་ངན་མེད་ཀྱི་བློན་ཡང་ཡིན་དགོས་ཀྱང་རྒྱ་གར་དང་ཕྱི་གླིང་དང་ཉི་ཧོང་གི་མཁས་པས་བརྩམས་པའི་འབྲེལ་ཡོད་ཀྱི་ཡི་གེ་མིག་ལམ་དུ་གྱུར་པ་ལས་རྒྱལ་པོ་ཕྱི་མ་གཉི་གའི་བློན་བྱས་པའི་སྒྲོས་མ་མཐོང་། གང་ལྟར་ཙནྟྲ་གུཔྟ་མེས་དབོན་གསུམ་གྱིས་མཽརྱའི་བཙན་རྒྱལ་ཚུགས་པ་བློན་འདིའི་བྱས་པ་དང་འབྲལ་དུ་མེད་པས། ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་གླིང་དབང་དུ་བྱེད་སྐབས་ཀྱང་འདིའི་གཞུང་ལས་ལེགས་པའི་བློ་སྐྱེད་མང་དུ་རྙེད་ཡོད་ངེས། འདི་ཤིན་ཏུ་གྲགས་ཆེ་བས་ནང་པའི་ཆོས་གཞུང་དུའང་འདིའི་མིང་ཐོན་པ་དང་། པོ་བབ་བློན་པོ་དང་བྲམ་ཟེ་ཡིན་པའང་གསལ་ཁ་ཐོན། གཤིན་རྗེ་གཤེད་བསྒྲུབས་པ་སོགས་ནི་དཔྱད་པར་བྱ་བའི་གནས་ཏེ། ཁོའི་དོན་གྱི་བསྟན་བཅོས་ལ་བལྟས་ན་ནང་པ་ནི་ཡིན་བཟོ་མི་འདུག ། གཞན་དུ་ན་གཤིན་རྗེ་གཤེད་ནི་ཕྱི་རོལ་པའི་ལྷ་ཡང་ཡིན་དགོས།  ཙནྡྲ་གུཔྟས་ཛམྦྷ་ལ་གྲུབ་པ་དང་བིན་དུ་ས་རས་འཇམ་དབྱངས་གྲུབ་པ་སོགས་ཀྱང་བདེན་པར་མ་ངེས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ》ལས། ཙནྟྲ་གུཔྟ་འདི་མུ་སྟེགས་གཅེར་བུ་པ་ལ་བླ་མར་འཛིན་ཅེས་གྲགས་ཤིང་། [1]ཞེས་གསུངས་པས་སོ། ། དེས་ན་སྔོན་གྱི་བོད་ཀྱི་ཆོས་འབྱུང་གྲགས་ཅན་དག་ལས་འབྱུང་བའི་འདིའི་སྐོར་གྱི་ལོ་རྒྱུས་རྣམས་ལ་ནང་པའི་ཁ་དོག་ཅུང་ཟད་བསྒོས་པ་ཡིན་ཡང་སྲིད་མོད། རྩ་བའི་ཆ་ནས་ལོ་རྒྱུས་ཀུན་བཞེད་པ་མཐུན་པར་སྣང་སྟེ།  ཀ་ཨུ་ཊི་ལྱ་ནི་གནའ་བོའི་རྒྱ་གར་གྱི་མཽརྱའི་བཙན་རྒྱལ་འཛུགས་པ་ལ་བས་པ་ཤིན་ཏུ་ཆེ་ཞིང་། སྲིད་ལུགས་དང་།  དགྲ་ཐབས་དང་། ཕྱི་འབྲེལ་ལ་ཤིན་ཏུ་མཁས་པའི་བྲམ་ཟེའི་རིགས་ཀྱི་བློན་པོ་ཆེན་པོ་དཔེར་ན་རང་རེའི་མགར་སྟོང་བཙན་དང་སྟག་སྒྲ་ཀླུ་གོང་ལྟ་བུ་ཞིག་ཡིན་ནོ། །    
          སྐབས་འདིའི་དོན་གྱི་བསྟན་བཅོས་བྱ་བ་ནི་བྲམ་ཟེ་རྣམས་ཀྱི་གཞུང་གི་རིགས་ཤིག་སྟེ། བྲམ་ཟེའི་གཞུང་འཐུས་ཚང་བའི་རྣམ་པ་ལ་བེ་ད་སམ་ཧི་ཏཱ་སྟེ་རིག་བྱེད་ཀྱི་བསྡུས་པ་དང་། པྲཱཧྨཎ་སྟེ་ཚངས་པའམ་ཚངས་པའི་མདོ། ཨུ་པ་ནི་ཥ་ད་སྟེ་ཉིར་གུས་སམ་འཁོར་ཉན། སཱུཏྲ་སྟེ་མདོ་བཅས་བཞི་ཡོད་ཅིང་། དེ་ལས་མདོ་ལ་ཐོས་པའི་མདོ་དང་། ཁྱིམ་གྱི་མདོ་དང་། ཆོས་ཀྱི་མདོ་གསུམ་དང་། ཆོས་ཀྱི་མདོ་ལའང་ཆོས་ཀྱི་བསྟན་བཅོས་དང་དོན་གྱི་བསྟན་བཅོས་བྱ་བའི་རིགས་གཉིས་མཆིས་པ[2]ལས་སྔ་མ་ནི་གོང་དུ་བཤད་པའི《མ་ནུའི་ཁྲིམས་ཡིག》སོགས་དང་། ཕྱི་མ་ནི 《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》འདི་ལ་སོགས་པའོ ། །ཡང་ཁ་ཅིག་གིས་རིག་བྱེད་ལ་རིག་བྱེད་ཀྱི་བསྡུས་པ་བཞི་དང་། རིག་བྱེད་མཐའི་བསྟན་བཅོས་གསུམ་སྟེ།  《ཚངས་པའི་མདོ》 དང་།  《ནགས་ཀྱི་མདོ》 དང་།  《ཉེར་གུས》 གསུམ་དང་།  རིག་བྱེད་ཀྱི་ཡན་ལག་དྲུག་དང་། རིག་བྱེད་ཕལ་བ་བཞི་སྟེ། ཨ་ཡུརྦེ་ད་ཚེའི་རིག་བྱེད། ནུརྦེ་ད་འཕོངས་དཔྱད། གནྡྷརྦ་བེ་ད་དྲི་ཟའི་རིག་བྱེད།  ཨརྠ་ཤཱསྟྲ་དོན་གྱི་བསྟན་བཅོས་ཟེར་བ[1]ལྟར་ན།  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ནི་རིག་བྱེད་ཕལ་བའི་རིགས་སུ་གཏོགས་པའི་བསྟན་བཅོས་ཤིག་གོ ། ། འདིའི་དོན་ཞེས་པ་ཕུན་ཚོགས་སྡེ་བཞིའི་ཡ་གྱལ་དོན་གྱི་སྡེ་ཞེས་མང་དུ་ཐོས་པ་བཙལ་བ་དང་ནོར་གསོག་སྲུང་བྱེད་པའི་དོན་ཅན་དེ་ཡིན་པས། དོན་གྱི་བསྟན་བཅོས་ཞེས་པའི་ཚིག་གི་ངོ་གདོང་གི་དོན་ནི་དཔལ་འབྱོར་གྱི་ཁེ་ཕན་སྐོར་གྱི་གཞུང་ལུགས་ཞེས་པ་ཡིན་ཞིང་། དེ་ཡང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ལས་སྒེར་གྱི་ལ་མི་གོ།   སྐབས་འདིར་སྒོས་སུ་འཚོ་ཚིས་དང་སྲིད་ལུགས་སོགས་དང་འབྲེལ་བའི་རིག་གནས་དང་དེའི་སྐོར་སྟོན་པའི་བསྟན་བཅོས་ལ་བྱ[1]སྟེ། ད་ལྟའི་སྐད་དུ་ན་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ་བྱ་བའོ། ། དེས་ན་འདི་ལ་ཆབ་སྲིད་དཔལ་འབྱོར་རིག་པ་མ་ཡིན་ཏེ་དཔལ་འབྱོར་ཆབ་སྲིད་རིག་པ་ཟེར་རུང་ངམ་སྙམ། རྒྱ་གར་དུ་དོན་གྱི་བསྟན་བཅོས་ཞེས་པའི་མིང་གི་འོག་ཏུ་སྲིད་ལུགས་དང་འཚོ་ཚིས་སོགས་མིའི་འཚོ་བ་དངོས་དང་འབྲེལ་བའི་རིག་གཞུང་དང་ཡིག་ཆ་མཐའ་དག་འུབས་ཀྱིས་བསྡུ། དེ་ལས་ཀྱང་ཆེས་གཙིགས་ཆེར་འཛིན་པ་ནི་སྲིད་ལུགས་ཡིན་ཞིང་། དེ་རིག་གཞུང་རང་རྐྱ་བ་ཞིག་ཏུ་བཟུང་ནས་ནཱི་ཏི་ཤཱསྟྲའམ་ལུགས་ཀྱི་བསྟན་བཅོས་ཞེས་ཀྱང་བྱ་སྟེ་ཆབ་སྲིད་རིག་པའོ། ། སྲིད་ལུགས་སམ་ཆབ་སྲིད་ཅེས་པ་རྒྱ་གར་དུ་གཙོ་བོ་རྒྱལ་པོའི་སྲིད་ལུགས་ལ་བྱེད་པས་འདི་ལ་རཱ་ཛ་ནཱི་ཏིའམ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཏེ་རྒྱལ་པོའི་ཆབ་སྲིད་རིག་པ་ཞེས་ཀྱང་བྱ་ཞིང་། ཡང་སྲིད་འཛིན་གྱི་ཐབས་བཀོད་གཙོ་བོ་ནི་ཞལ་ལྕེའམ་ཆད་གཅོད་ཀྱི་དབང་ལག་ཏུ་བསྟར་བ་ཡིན་པས། དཎྜ་ནི་ཏིའམ་ཆད་པའི་ལུགས་ཞེས་ཀྱང་བྱ་སྟེ་ཆད་གཅོད་ཆབ་སྲིད་རིག་པའོ ། [3]《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ནི་སྲིད་ལུགས་དང་།  དགྲ་ཐབས།  ཕྱི་འབྲེལ་བཅས་ཀྱི་དོན་གསལ་བའི་མེ་ལོང་ལྟ་བུའི་བསྟན་བཅོས་ཡིན་པའི་ཆ་ནས་ད་ལྟའི་བར་མཐོང་དུ་ཡོད་པའི་རྒྱ་གར་གྱི་དོན་གྱི་བསྟན་བཅོས་བཅུ་གསུམ་དུ་གྲགས་པ་ལས་སྔ་ཤོས་དང་གལ་ཆེ་ཤོས་ཡིན།  འདི་ནི་བམ་པོ་བཅོ་ལྔ་དང་ལེའུ་བརྒྱ་དང་ལྔ་བཅུའི་བདག་ཉིད་ཅན་གྱི་རྒྱལ་ཐབས་རྒྱས་པར་སྟོན་པའི་བསྟན་བཅོས་ཤིག་སྟེ།  བམ་པོ་དང་པོ་ལ་ལེའུ་ཉེར་གཅིག་ཡོད་པ་བསྟན་བཅོས་སྤྱིའི་ས་བཅད་དང་རྒྱལ་པོའི་སྐོར་སྤྱིར་བཤད་པ།  བམ་པོ་གཉིས་པར་ལེའུ་སོ་དྲུག ། རྒྱལ་ཁབ་ཀྱི་ལས་ཚན་གྱི་སྐོར།  བམ་པོ་གསུམ་པར་ལེའུ་ཉི་ཤུ།  གཉེན་སྒྲིག་དང་རྒྱུ་ནོམ་གྱིས་གཙོས་པའི་དམངས་ཁྲིམས་ཀྱི་སྐོར། བམ་པོ་བཞི་པར་ལེའུ་བཅུ་གསུམ། ཆད་ཁྲིམས་ཀྱི་སྐོར།  བམ་པོ་ལྔ་པར་ལེའུ་དྲུག ། བློན་ལ་གོ་བབ་ཇི་འདྲ་སྤྲོད་པ་དང་ནོར་ཇི་ལྟར་སྡུད་པ་སོགས་ཀྱི་སྐོར། བམ་པོ་དྲུག་པར་ལེའུ་གཉིས། རྒྱལ་སྲིད་ཡན་ལག་བདུན་དང་དགྲ་ཟླ་དང་ཞི་བདེ་སོགས་ཀྱི་སྐོར།  བམ་པོ་བདུན་པར་ལེའུ་བཅོ་བརྒྱད་། ཕྱི་འབྲེལ་གྱི་སྐོར། འདི་ནི་འཐབ་འཁྲུག་དང་ཞི་བདེའི་ཐབས་ལམ་སྲིད་ཀྱི་ཡན་ལག་དྲུག་དང་བཅས་པའོ ། བམ་པོ་བརྒྱད་པ་ལ་ལེའུ་ལྔ། རྒྱལ་པོའི་ཞེན་མོས་དང་ཆག་སྒོ་སྣ་ཚོགས་ཀྱི་སྐོར། བམ་པོ་དགུ་པར་ལེའུ་བདུན། གཡུལ་དུ་ཆ་བའི་རྒྱལ་པོས་ཤེས་པར་བྱ་བའི་སྐོར། བམ་པོ་བཅུ་པར་ལེའུ་དྲུག ། གཡུལ་གྱི་སྐོར། བམ་པོ་བཅུ་གཅིག་པར་ལེའུ་གཅིག ། དབྱེན་དང་གསང་སྟབས་སུ་དགུམ་པའི་ཐབས།  བམ་པོ་བཅུ་གཉིས་པར་ལེའུ་ལྔ།  སྒྱུ་ཐབས་སྣ་ཚོགས་ཀྱིས་དགྲ་འདུལ་བའི་ཐབས།  བམ་པོ་བཅུ་གསུམ་པར་ལེའུ་ལྔ།  དགྲ་ཟླའི་མཁར་ཇི་ལྟར་འབེབ་པའི་ཐབས། བམ་པོ་བཅུ་བཞི་པར་ལེའུ་བཞི། གསང་བའི་ཐབས་སྣ་ཚོགས་ཀྱི་སྐོར།  བམ་པོ་བཅོ་ལྔ་པར་ལེའུ་གཅིག། བསྟན་བཅོས་ཀྱི་དོན་བསྡུ་བ་དང་ལུས་རྣམ་པར་གཞག་པའི་སྐོར་བཅས་སོ ། [1]རྩོམ་པ་པོ་ཀ་ཨུ་ཊི་ལྱ་ཡིན་པས་འདི་བརྩམས་པའི་དུས་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ལ་བྱེད་མོད། རྒྱ་གར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་འགའ་རེས་བསྟན་བཅོས་འདིའི་ད་ལྟའི་རྣམ་པ་ཡོངས་སུ་རྫོགས་པའི་དུས་ནི་སྤྱི་ལོའི་དུས་རབས་དང་པོའི་སྔ་ཕྱིའམ་དེ་ལས་ཀྱང་འཕྱི་བའི་སྤྱི་ལོའི་དུས་རབས་གསུམ་པ་ཙམ་ཡིན་ནམ་ཟེར་ཏེ། དེ་ལྟར་དོགས་སློང་བྱེད་པའི་རྒྱུ་མཚན་ནི་བསྟན་བཅོས་དེ་ལས་རྒྱ་ནག་གི་དར་ཟབ་ཀྱི་སྒྲོས་བྱུང་བ་སོགས་ཡིན།     
          《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ནི་རཱ་ཛཱ་རཱ་ཛྱཾ་ཞེས་རྒྱལ་པོ་ཉིད་ནི་རྒྱལ་སྲིད་ཡིན་པའི་བློ་གཞིར་བཞག་གིས་བརྩམས་པས།  ཁོས་རྒྱལ་སྲིད་ནི་རྒྱལ་པོའམ་རྒྱལ་པོའི་ཁེ་ཕན་བསྒྲུབ་པ་ཁོ་ན་རུ་བལྟས་ཏེ།  མངའ་ཁོངས་ཇི་ལྟར་རྒྱ་སྐྱེད་པ་དང་།  རྒྱལ་པོའི་ཁེ་ཕན་ཇི་ལྟར་ཆེ་རུ་གཏོང་བ་ལ་བློ་ཀུན་ནས་གཏད་འདུག ། རྩ་བ་འབངས་ལ་མ་བཙུགས་ན་རྒྱལ་པོ་ཉམས་ཉེས་པར་བཤད་མོད།  འབངས་ནི་ཐབས་ཙམ་དུ་མཐོང་བར་ཟད་དེ།  སྐྱེ་བོ་ཕལ་བ་སྟོང་གུད་པ་ལས་སྐྱེ་བོའི་འདྲེན་པ་གཅིག་གུད་པ་གྱོང་ཆེ་ཟེར།  རྒྱལ་པོའི་གསང་ཇུས་ལ་གཙིགས་ཆེ་བར་བྱེད་ཀྱང་རྒྱལ་པོ་ཉིད་ནི་ལུགས་ཀྱི་བསྟན་བཅོས་ཀྱི་ཕྱི་ལ་མི་གཞུག་ཏུ་མི་རུང་ཞིང་། ཚུལ་མིན་གྱི་སྲིད་ལུགས་ལས་རྒྱལ་སྲིད་ཉམས་ཤིང་རང་ཉིད་ཀྱང་བརླག་པར་བཤད། མནའ་འབྲེལ་བྱེད་དུ་རུང་ན་ཡུལ་གཞན་དང་གཙིགས་བཅའ་བར་འོས་ཟེར་ནས་ཕྱི་འབྲེལ་གྱི་ཐབས་མང་དུ་བསྟན། འོན་ཏེ་གཞན་དང་གྲོགས་བཅའ་བ་དྲག་ཤེད་ཀྱིས་མ་གཏོགས་མི་བཏུབ་པར་འདོད། དམག་དཔུང་བསྒྲིག་པ་དང་མཁར་བརྩིག་པ་ལ་ཤུགས་འདོན་འོས་པར་བཤད་ཅིང་།  དགྲ་ཟླ་ལས་རྒྱལ་བའི་ཕྱིར་གྱི་བསྲུང་བྱ་དུ་མ་བསྟན།  དྲག་ཤེད་ཆེ་རུ་རྒྱས་པ་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་འཛུགས་ལེགས་བཅོས་དང་དཔལ་འབྱོར་གྱ་ནོམ་པ་ངེས་པར་དགོས་ཤིང་།  འཇོན་སྟོབས་ཆེ་བའི་སྐྱེ་བོ་བློན་ཆེན་གྱི་གོ་སར་འཇུག་འོས་ཟེར་ནས། གཙོ་བོ་དཔོན་རིགས་ལ་བརྟེན་ཏེ་བྱ་བཞག་མཐའ་དག་འགྲུབ་ཏུ་གཞུག་དགོས་པར་སེམས། དམག་དཔུང་གིས་མཛོད་གནད་དུ་གཟུང་འོས་ཏེ།  མཛོད་ནི་མཁར་རྫོང་ལས་ཀྱང་གལ་ཆེ་ཞིང་།  མཛོད་གྱ་ནོམ་པ་ཡོད་ན་འཐབ་མོའི་གྲ་སྒྲིག་གསར་དུ་རྒྱ་བསྐྱེད་བཏུབ་པར་མ་ཟད། མཛའ་མཐུན་གྱི་རྒྱལ་ཁབ་ཀྱང་རྙེད་པར་འགྱུར་ཟེར།  གཏེར་གྱི་རིགས་སྔོག་འདོན་དང་ས་སྟེང་གི་ལམ་གྱི་བཟོ་བཀོད་སོགས་ཀྱང་བརྗོད་ཡོད་ཅིང་། ས་ཞིང་གི་ལམ་ལུགས་ལེགས་བཅོས་དང་རྟོག་ཞིབ་ཀྱི་ལམ་ལུགས་གཟབ་ནན་དུ་གཏོང་བ་སོགས་བཙན་རྒྱལ་ཆེན་པོའི་སྒྲིག་འཛུགས་སྲུང་འཛིན་བྱེད་ཐབས་སུ་བློ་གྲོས་ཀྱི་རྩལ་སྣ་ཚོགས་བཏོན་ཡོད།    
          རྒྱལ་པོས་དང་པོ་རང་ཉིད་བསྲུང་བ་ལ་འབད་དགོས་པས།  རང་གི་བུ་དང་ཕོ་བྲང་སླས་ཀྱི་བུད་མེད་དག་ལའང་འཛེམ་དོགས་བྱ་དགོས་ཤིང་། གསང་མྱུལ་གྱིས་མི་སེམས་ཀྱི་གཡོ་འགུལ་ལ་རྟག་ཏུ་རྟོག་དགོས། སེང་གེ་རང་གི་ལུས་ཀྱི་འབུས་འཇིག་པས་བློན་པོ་གཡོན་ཅན་གྱི་རིགས་ལ་རྟག་ཏུ་ཟོན་བྱེད་པ་དང་། རྒྱལ་པོས་རང་གི་བློན་རྣམས་ནོར་དང་གྲགས་པ་ལ་སྦྱར་ནས་སེམས་དགུག་དགོས་མོད།  གློ་བ་རིང་བ་དག་ཚམ་ཚོམ་མེད་པར་ཆད་ལས་དྲག་པོ་ལ་སྦྱར་རིགས་པས།  ཡུལ་དུས་དགོས་དབང་ལ་བལྟོས་ཏེ་ཞི་དྲག་གི་ཐབས་སོ་སོར་ལག་ཏུ་བསྟར་འོས་ལ། འདོད་པའི་དོན་མངོན་པར་འགྲུབ་པའི་ཕྱིར་ཐབས་ལ་སྤྱད་དུ་མི་རུང་བ་མེད་ཟེར་ནས་གདུག་པའི་ཐབས་དུ་མའང་བསྟན། རྒྱལ་པོའི་འགན་བབས་ལ་རང་གི་མངའ་འབངས་སྲུང་བ་ལས་ལྷག་པ་མེད་པས། རང་ཉིད་བསྲུང་བའང་རུང་། ཡུལ་གཞན་ལ་བཙན་གྱིས་འཇུག་པའང་རུང་སྟེ། རྒྱལ་པོའི་བྱེད་སྤྱོད་མཐའ་དག་དེ་ཡིས་ཀུན་ནས་བསླངས་པ་དགོས། རྒྱལ་པོས་འབངས་ལ་མངའ་སྒྱུར་བའི་དམིགས་འབེན་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་ཡིན་པས། རྒྱལ་པོ་ནི་འབངས་ཀྱི་སྤྱི་ཞབས་པ་ཡིན་ཞིང་། འབངས་ཀྱི་འདོད་མོས་ལ་རྐང་བཙུགས་ཏེ་རྒྱལ་སྲིད་ཀྱི་བྱ་བ་སྣ་ཚོགས་ལག་ཏུ་བསྟར་དགོས།  རྒྱལ་པོས་ཤུགས་སྟོབས་ཆེན་པོས་མངའ་འབངས་དྲིན་གྱིས་སྐྱོང་བ་ལ་གཡེལ་མེད་དུ་འབད་དགོས་ཏེ།  ཆུ་ཚོད་བཞི་དང་ཕྱེད་ལ་མནལ་བ་དང་། ཆུ་ཚོད་གསུམ་ལ་ཟས་ཟ་བ་དང་ངལ་གསོ་བ་ལས་ལྷག་མའི་ཆུ་ཚོད་བཅུ་བདུན་དང་ཕྱེད་ལ་སྲིད་དོན་དུ་རྟུན་པ་བསྐྱེད་འོས། ཉའི་ལུགས་ཏེ་གཉོམ་ཤ་བཙན་ཟོས་བྱེད་པ་འགོག་པ་ལ་རྒྱལ་པོ་ངེས་པར་མཁོ་ཞིང་།  དེ་ནི་ཚོགས་པའི་སྐྱེ་བོ་ཀུན་གྱིས་རང་གི་སྟོན་ཐོག་དང་རྙེད་པའི་དྲུག་ཆ་ཕུལ་ནས་སྤྱི་པའི་ལས་ཁུར་བཅོལ་བའི་ཞལ་ལྕེ་པ་ཡིན།  དེ་ལས་སྤྱི་ཚོགས་ཆད་ཀའི་བློ་ཡང་མངོན་གསལ་དུ་མཐོང་བར་ནུས། རྒྱལ་པོས་ཚོགས་པའི་སྒྲིག་འཛུགས་ཀྱི་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་ཕན་བདེའི་དོན་དུ་འབངས་ཀྱི་སྐྱེ་བོ་ལས་འབབ་འོས་ཀྱི་དཔྱ་ཁྲལ་བསྡུ་བར་བྱ་ཡང་། ཐལ་ཆེས་ཏེ་ཁྲལ་གྱིས་མནར་བ་ནི་གནས་མ་ཡིན་ནོ། ། རྒྱལ་ཁབ་ནི་རྗེ་བོ་དང་།  བློན་པོ།  ཡུལ་འཁོར།  རྫོང་།  མཛོད།  དམག་དཔུང་།  གྲོགས་ཏེ།  ཆ་བདུན་གྱིས་གྲུབ་པ་ཡིན་ཞིང་།  དེ་དག་ལས་རྗེ་བོའམ་རྒྱལ་པོ་ནི་ཆེས་གཙིགས་ཆེན་དུ་བྱེད། རང་རེའི་བསྟན་བཅོས་རྣམས་ལས་འབྱུང་བའི་རྒྱལ་སྲིད་ཡན་ལག་བདུན་བ་བའང་འདི་དག་ཡིན།  རྒྱལ་ཁབ་ལ་ཟིང་ལོང་བྱུང་ན་དགྲ་ཟླའི་རྒྱལ་ཁབ་ནང་དུ་འཛུལ་བ་ལ་སྐབས་འབྱེད་ཅིང་། འབངས་རྣམས་ཉམ་ཐག་པའི་གནས་སུ་ལྟུང་ལ། མཐའ་བཞིའི་རྒྱལ་ཁབ་ནི་རང་བཞིན་གྱིས་དགྲ་ཡིན་ནོ། ། དེ་ནི་རང་རེས་ཕྱོགས་བཞིའི་དགྲ་བཞི་ཟེར་བ་དང་།  《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས།  རྒྱ་གར་རྒྱལ་པོ་སྦྲུལ་འདྲ་རྟག་ཏུ་འཁྲིལ། [1]སོགས་འབྱུང་བ་དང་འདྲའོ། །   
          དེ་ལྟ་ན་འདོད་བློ་དང་། རྩ་དོན་དང་། འགན་བབས་ཀྱི་རིགས་ནི་དྨརྨ་ཤཱསྟྲ་སྟེ་ཆོས་ཀྱི་བསྟན་བཅོས་ཀྱིས་གཙོ་བོར་བརྗོད་པ་དང་། ཨརྠ་ཤཱསྟྲ་སྟེ་དོན་གྱི་བསྟན་བཅོས་ཀྱིས་ནི་རྒྱལ་ཁབ་དང་མངའ་འབངས་སྐྱོང་བའི་ཐབས་ཇུས་བྱེ་བྲག་ཏུ་སྟོན་ནོ། ། ཆོས་ཀྱི་བསྟན་བཅོས་ལས་སྲིད་ལུགས་ཀྱི་སྐོར་འབྱུང་བ་དང་། དོན་གྱི་བསྟན་བཅོས་ལས་ཁྲིམས་ཀྱི་སྐོར་བརྗོད་དེ། བརྗོད་བྱ་ཕན་ཚུན་སྣོལ་མར་གྱུར་པའང་ཡོད་མོད། སྔ་མ་རྩ་དོན་གྱི་བཤད་པ་དང་ཕྱི་མ་ཐབས་ཀྱི་བཤད་པ་ཡིན་པ་ནི་བསྟན་བཅོས་རིགས་མི་འདྲ་བ་དེ་གཉིས་ཀྱི་རྩ་བའི་ཁྱད་པར་རོ། །    
          ཀ་ཨུ་ཊི་ལྱའི་མི་ཚེའི་ལྟ་བ་ནི་ཁེ་གཉེར་རིང་ལུགས་ལ་རྐང་བཙུགས་འདུག། དོན་ནི་ཀུན་ལས་ཀྱང་གཙོ་ཆེ་སྟེ། ཆོས་དང་འདོད་པའང་འདི་ལས་འབྱུང་བའི་ཕྱིར་ཞེས་དང་། ནོར་ནི་བྱ་བ་མཐའ་དག་འགྲུབ་པར་བྱེད་པ་སྟེ། ཆོས་དང་འདོད་པ་གང་ལས་འབྱུང་བའི་རྒྱུ་ཡང་ཡིན་ཟེར། རྒྱ་གར་པ་རྣམས་ཀྱིས་ཆེས་ཤིན་ཏུ་སྔ་མོ་ནས་དྨརྨ་སྟེ་ཆོས་དང་། ཨརྠ་སྟེ་དོན། ཀཱ་མ་སྟེ་འདོད་པ། མོཀྵ་སྟེ་ཐར་པ་བཅས་ལ་ཙ་ཏུར་བརྒ་སྟེ་སྡེ་བཞི་ཞེས་མི་ཚེའི་དམིགས་འབེན་ཆེན་པོ་བཞི་རུ་བྱས་ཡོད་ཅིང་། ཀ་ཨུ་ཊི་ལྱས་དེ་དག་ལས་དོན་ཁོ་ན་ནི་སྡེ་བཞིའི་རྩ་བ་ཡིན་པར་བལྟས་ཡོད། འགྲོ་མགོན་འཕགས་པས 《རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ》ལས།    
          གང་ཡོད་ན་ནི་བདག་གཞན་ཕུན་ཚོགས་ཤིང་། ། གནས་སྐབས་དགའ་དང་བདེ་བ་འཕེལ་བྱེད་ལ། །    
          ཐབས་ཀྱིས་ཟིན་ན་སྲིད་ཞིའི་དཔལ་སྐྱེད་པའི། ། ལོངས་སྤྱོད་ཆུད་མི་གསན་ཞིང་སྤེལ་བར་བགྱི། [2]   
          ཞེས་གསུངས་པའང་འདིའི་འདོད་པ་དང་ཤིན་ཏུ་འབྱོར་རོ །  
          འདིས་བིདྱཱ་སྟེ་རིག་གནས་ཞེས་པ་ཨཱན་བིཀྵ་ཀི་སྟེ་རྟོག་གེ་དང་། བེ་ད་སྟེ་རིག་བྱེད། བཱརྟྟཱ་སྟེ་འཚོ་ཚིས། འདི་ནི་གཙོ་བོ་ཞིང་ལས་དང་། ཕྱུགས་ལས། ཚོང་ལས་བཅས་ལ་ཟེར། དཎྜ་ནི་ཏི་སྟེ་ཆད་པའི་ལུགས་བཞི་ཡིན་ཞིང་། རིག་གནས་དེ་དག་ལ་བརྟེན་ནས་ཆོས་དང་དོན་རྣམས་རྟོགས་པར་འགྱུར་བས། དེ་བཞི་ག་ནི་ཡང་དག་པའི་རིག་གནས་ཡིན་པར་འདོད། གྲངས་ཅན་པ་དང་། རྣལ་འབྱོར་པ་དང་། འཇིག་རྟེན་རྒྱང་འཕེན་པ་ལ་རྟོག་གེ་ཞེས་བྱ་ཞིང་། རྒྱ་ལ་པོའི་དབང་ཤུགས་ནི་རྟོག་གེ་དང་། རིག་བྱེད་དང་། འཚོ་ཚིས་དར་རྒྱས་སུ་འགྲོ་བྱེད་དང་། དེ་ལག་ཏུ་བསྟར་བ་ནི་ཆད་པའི་ལུགས་སམ་སྲིད་ལུགས་ཞེས་པ་སྟེ། དེ་ནི་མ་ཐོབ་པ་འཐོབ་པར་བྱ་བ་དང་། ཐོབ་པ་བསྲུང་བར་བྱ་བ། བསྲུངས་པ་འཕེལ་བར་བྱ་བ། འཕེལ་བ་འོས་པའི་མི་ལ་བགོ་བར་བྱ་བ་ཡིན་ལ། འཇིག་རྟེན་གྱི་བྱེད་པ་སྣ་ཚོགས་ནི་དེ་ཉིད་གཞིར་བྱས་པ་ལས་འབྱུང་ཟེར། [1]   
          ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་ཞེས་པ་དེ་ནི་ཨརྠའམ་དོན་གྱི་སྡེའི་སྐོར་མ་ལག་ཚང་བར་སྟོན་པའི་བསྟན་བཅོས་ཤིག་ཡིན་ཞིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྟན་བཅོས་དེར་རྒྱལ་ཐབས་རྣམས་སྐོར་ཚོ་བཅོ་ལྔར་བསྡུས་ནས་བཀོད་ཅིང་། སྲིད་སྐྱོང་ལུགས་དེང་སང་གི་ཕྱིའི་རྒྱལ་ཁབ་དང་འདྲ་སེ་བ་ཞིག་བཤད། [2]ཅེས་གསུངས་པ་ལྟར། ལྷག་པར་དེ་ལས་བྱུང་བའི་སྲིད་ལུགས་ཀྱི་སྐོར་ནི་ཞིབ་ཅིང་ཆ་ཚང་བ་ཧ་ལས་པའི་ཚོད་ཡིན། སྲིད་སྐྱོང་ལུགས་ལ་གནའ་བོའི་འཛམ་གླིང་གི་ཡུལ་གྲུ་གང་དུའང་འདི་འདྲའི་བསྟན་བཅོས་ངོ་མཚར་བ་མེད་དེ།  གནའ་བོའི་གྷི་རིག་གི་མཁས་པ་ཆེན་པོ་པུ་ལ་ཐོའི་འདོད་མོས་ཀྱི་རྒྱལ་ཁབ་དང་། ཨྲི་ས་ཏོལ་གྱི་སྲིད་ལུགས་རིག་པ།  གནའ་བོའི་རྒྱ་ནག་གི་སུང་ཙེའི་དམག་གི་བསྟན་བཅོས། ཨུ་ཊི་ལིའི་མ་ཁིས་ཨ་བེ་ལིའི་རྒྱལ་པོའི་བསྟན་བཅོས་སོགས་ཀྱང་སྲིད་སྐྱོང་ལུགས་ཀྱི་ཐབས་ཇུས་བྱེ་བྲག་པ་ནི་འདིའི་ཆར་ཡང་མི་དོ། རྒྱལ་ཁབ་ཀྱི་ཁེ་ཕན་ཡོངས་སུ་གཉིར་རྒྱུ་གཙོ་བོར་བརྗོད་པའི་བརྩམས་ཆོས་འདི་ནུབ་ཕྱོགས་པ་ཚོས་རྟག་པར་མ་ཁིས་ཨ་བེ་ལིའི《རྒྱལ་པོའི་བསྟན་བཅོས》དང་གཤིབ་བསྡུར་བྱེད་ཅིང་། ཀ་ཨུ་ཊི་ལྱའང་རྒྱ་གར་གྱི་མ་ཁིས་ཨ་བེ་ལི་ཞེས་པའི་མིང་གིས་འབོད། འཇར་མན་གྱི་མཁས་པ་ཆེན་པོ་མ་ཁི་སི་བེ་པིར་གྱིས་ཁོས་བརྩམས་པའི་ལས་རིགས་སུ་བྱས་པའི་ཆབ་སྲིད་ཅེས་པར་དོན་གྱི་གནས་ཚུལ་དང་མཐུན་པའི་དཔྱད་གཏམ་འདི་འདྲ་བརྗོད་ཡོད་དེ།  “མ་ཁིས་ཨ་བེ་ལི་རིང་ལུགས་ངོ་མ་སྟེ།  དམིགས་ཡུལ་འགྲུབ་པའི་ཆེད་དུ་བྱེད་ཐབས་ཅི་ཡང་སྤྱད་རུང་བའི་བསམ་བློ་མཐར་ཐུག་པ་ནི།  རྒྱ་གར་པའི་བརྩམས་ཆོས་ལས 《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》སུ་མངོན་འདུག ། དེ་དང་བསྡུར་ན་མ་ཁིས་ཨ་བེ་ལིའི་རྒྱལ་པོའི་བསྟན་བཅོས་ནི་ད་དུང་ནར་མ་སོན་པའི་བྱིས་པ་དང་འདྲ། ”[1]ཞེས་སོ།  །  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》 ནི་རྒྱལ་པོའི་ཕོ་བྲང་དང་།  རྩིག་བཟོ།  རིན་པོ་ཆེ།  ལྕགས་རིགས།  ནགས་ཀྱི་དངོས་པོ།   གོ་མཚོན།  རྒྱ་མ་དང་སྲང་།  ཡུལ་དང་དུས་ཀྱི་ཚད།  འཁེལ་འཐག ། བཏགས་དངོས།  ཆང་བཟོ་བ།  འཁྱམས་མ།  གྲུ་གཟིངས།  བ་གླང་།  རྟ།  གླང་ཆེན། འགྲུལ་ཡིག ། རྒྱན་པོ་འགྱེད་པ་སོགས་ཕྱོགས་མང་པོའི་དོན་དང་འབྲེལ་བས།  དེའི་བརྗོད་བྱ་སྲིད་ལུགས་གཅིག་པུ་ཙམ་དུ་མ་ཟད་པར་ཤེས་བྱ་ཀུན་འདུས་ཀྱི་བསྟན་བཅོས་སུ་སྣང་བས། གནའ་བོའི་རྒྱ་གར་གྱི་སྤྱི་ཚོགས་དང་རིག་གནས་ཤེས་པ་ལ་རིན་ཐང་ཤིན་ཏུ་ཆེ་བའི་དཔྱད་ཡིག་ཅིག་ཡིན།    
          བསྟན་བཅོས་འདིས་ཕྱིས་ཀྱི་རྒྱ་གར་གྱི་རིག་གནས་ལ་ཤན་བཟོས་པའི་ཚུལ་ཡང་ངེས་པར་སྨྲ་བར་འོས། དེ་ནི་འདི་ཨརྠ་སྟེ་དོན་གྱི་སྡེ་རྣམས་ཤིན་ཏུ་ཆ་ཚང་ཞིང་པོ་རིམ་ལྡན་པར་བརྗོད་པའི་བསྟན་བཅོས་རྒྱས་པ་ཞིག་ཡིན་པ་ཁོ་ནས་མ་ཡིན་ཏེ། ཀཱ་མན་ད་ཀིའི་ནི་ཏི་སཱ་ར་སྟེ་ལུགས་ཀྱི་སྙིང་པོ་ཞེས་པ་གཙོ་བོར་བྱས་པའི་ཕྱིས་བྱུང་ལུགས་ཀྱི་བསྟན་བཅོས་དག་གི་ཕྱི་མོ་ནི་འདི་ཁོ་ནའོ། ། སིངྒྷ་ལ་དང་བོད་ཀྱི་ལུགས་ཀྱི་བསྟན་བཅོས་རྣམས་ཀྱང་གདུང་རྒྱུད་དེད་ན་རྩ་བ་འདི་ལ་ཐུག ། གཞན་དུ་སློབ་དཔོན་པཏྶ་ཡ་ནས་ཀྱང་བསྟན་བཅོས་འདིའི་རྩོམ་ལུས་ཀྱི་ལད་མོ་བྱས་ཏེ་ཀཱ་མ་ཤསྟྲ་སྟེ་འདོད་པའི་བསྟན་བཅོས་བརྩམས་ཤིང་།  དེ་རུ་དགའ་བའི་ཐབས་དང་།  འཁྱམས་མ་འབྲིད་པའི་ཐབས་ནི 《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ལས་བྱུང་བ་དང་ཆ་འདྲ་བ་མང་དུ་མཆིས། ལྷག་པར་གོང་དུ་བཤད་པའི་པཎྩ་ཏནྟྲ་རུ་དོན་གྱི་བསྟན་བཅོས་ཀྱི་བསམ་བློའི་རྒྱུན་བླངས་ཤིང་། སྲོག་ཆགས་ལ་རབ་རྟོག་བྱས་པའི་སྒྲུང་ལ་ཁ་གཡར་ཏེ། འཇིག་རྟེན་མི་ཆོས་ཀྱི་བླང་དོར་བསྟན་འདུག། སློབ་དཔོན་དཎྜིས་མཛད་པའི་གཞོན་ནུ་བཅུའི་འཇུག་པའི་སྐབས་ཕྱི་མའི་ལེའུ་བརྒྱད་པར་ཡང་དོན་གྱི་བསྟན་བཅོས་འདི་གཞིར་བྱས་ནས་རྒྱལ་པོའི་ལུགས་རང་ག་བ་ལ་སྨད་འདུག[1]དོན་གྱི་བསྟན་བཅོས་འདི་གོང་གི་བརྩམས་ཆོས་དེ་དག་དང་།  གཞན་ཡང་མ་ནུའི་ཁྲིམས་ཡིག་སོགས་དང་ཞིབ་ཏུ་བསྡུར་བར་ནུས་ན། འདིས་རྒྱ་གར་གྱི་རྩོམ་རིག་ལ་ཅི་འདྲའི་ཤན་ཐེབས་ཡོད་པ་རྟོགས་པར་འགྱུར་ཡང་། དེ་དག་ཕལ་ཆེ་བ་ད་དུང་བོད་ཡིག་དང་རྒྱ་ཡིག་གང་དུའང་འགྱུར་མེད་པས། རང་རེའི་སྐྱེ་བོ་མང་པོ་ཞིག་ལ་མཚོན་ན་ད་དུང་ཅུང་ཟད་ལྐོག་གྱུར་གྱི་གནས་སོ། ། མདོར་ན་འདི་དག་ལས་བསྟན་བཅོས་འདིའི་འཕྲིན་ལས་ཀྱི་འཇུག་པ་རྒྱུན་རིང་ཞིང་། རྒྱ་གར་གྱི་རིག་གནས་རྣམ་གྲངས་དང་ཉམས་འགྱུར་མང་བ་རྟོགས་ནུས།    
          དུས་རབས་བཅུ་དགུ་པའི་ཕྱེད་ཕྱི་མ་ཙམ་ནས་འཇར་མན་གྱི་མཁས་པ་ཁ་ཅིག་གིས་རྒྱ་གར་ལ་བསྟན་བཅོས་ངོ་མཚར་བ་དེ་འདྲ་ཞིག་ཡོད་པ་ཤེས་པར་གྱུར་མོད།  དེ་དུས་དེ་དཔེ་རྒྱུན་ཆད་ནས་ལོ་ངོ་བརྒྱ་ཕྲག་དུ་མ་ཕྱིན་པས། སྐྱེ་བོ་རྣམས་ཀྱི་བློ་ངོ་དང་མཆུ་སྒྲོས་སུ་གནས་པ་ཙམ་དུ་ཟད།  སྤྱི་ལོ1909ལོར་བསྟན་བཅོས་དེའི་དཔེ་བྲིས་མ་ཞིག་སྤྲུལ་བའི་གླེགས་བམ་བཞིན་སླར་རྙེད་པར་གྱུར་ཅིང་།  དེ་དཔར་དུ་བཏབ་རྗེས་འཛམ་གླིང་གི་ཡིག་རིགས་མང་པོར་བསྒྱུར།  ཉི་ཧོང་གི་སློབ་གྲྭ་ཆེན་མོ་དག་ཏུ་དུས་རབས་ཕྱེད་ཀྱི་སྔོན་ཙམ་ནས་རྒྱ་གར་གྱི་ལོ་རྒྱུས་དང་རིག་གནས་འཁྲིད་སྐབས་བརྩམས་ཆོས་འདི་ཅི་ནས་ཀྱང་ངོ་སྤྲོད་བྱེད་ཅིང་། ཐཱོ་ཁྱཱོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁ་མིས་མུ་ལ་ཁ་ཚུ་ཧིས་ཁོ་ཞེས་པས་བསྟན་བཅོས་འདི་ཆ་ཚང་བར་ཉི་ཧོང་གི་སྐད་དུ་བསྒྱུར་ནས་སྤྱི་ལོ1984ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས། རྒྱ་ཡིག་ཏུ་བསྟན་བཅོས་འདི་ད་དུང་འགྱུར་མེད་དོ། ། འོན་ཀྱང་ལོ་ཙཱ་བ་སྔ་མ་དག་གི་དྲིན་ལས་མ་ཁི་སི་བེ་པིར་ལྟ་བུའི་འཛམ་གླིང་ལ་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོས་ཀྱང་ལེགས་པར་བསྔགས་པའི་བསྟན་བཅོས་དེའི་དོན་གྱི་ཆ་ཤས་ཙམ་ནི་སྔ་མོ་ནས་བསྒྱུར་ཏེ་རང་རེའི་བསྟན་འགྱུར་དུ་བསྡུས་ཡོད་མོད།  མཁས་དབང་དགེ་ཆོས་ཀྱིས་མ་གཏོགས་ད་བར་དུ་རང་རིགས་སུས་ཀྱང་ཕ་ངོ་མ་ངོ་འཕྲོད་མེད་ལ། འཛམ་གླིང་སྐྱེ་བོ་གཞན་དག་གིས་ཀྱང་བོད་ལ་དེ་འདྲ་ཡོད་པ་ཤེས་ཡོད་ཚོད་མི་འདུག  
          སྤུ་རྒྱལ་བཙན་པོའི་དུས་ནས་རང་རེ་ལ་རྒྱ་གར་བའི་ལུགས་ཀྱི་བསྟན་བཅོས་དར་བའི་འགོ་བརྩམས།  བཀའ་ཆེམས་ཀ་ཁོལ་མའི་ལེའུ་བཅུ་བཞི་པ་ལྷ་གཅིག་བལ་བཟའ་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེངས་པའི་ལེའུར།    
          ཀ་བ་བུམ་པ་ཅན་གྱི་སྟེང་ན་རྒྱ་གར་གྱི་གྲོང་ཁྱེར་པར་མ་བུར་མ་བྱ་བ་ན།  རྒྱལ་བུ་རིགས་ཟླ་བ་བྱ་བས་རིགས་ངན་གྱི་བུ་མོ་བཙུན་མོར་འདོད་པ་ལ།  བློན་པོ་ན་གེས་འདོད་པ་ཕུང་གི་རྩ་བ་ཡིན་པར་གྲོས་བཏབ་པས། དེ་ལ་རྒྱལ་བུས་མ་ཉན་པས། བྱ་བ་ཐམས་ཅད་བརྟགས་ཤིང་བྱ། བྱ་བ་བརྟགས་ཤིང་མ་བྱས་ན། ། ཕྱིས་ནས་འགྱོད་པར་འགྱུར་ཏ་རེ།  ། བུད་མེད་དང་ནི་ནེའུ་ལེ་བཞིན།  ། བྱ་བ་གང་དང་གང་བརྩམས་པ།  ། དང་པོ་དེ་ཉིད་བསྒྲུབ་པར་བྱ ། དང་པོར་དེ་ཉིད་མ་བསྒྲུབས་ན།  ། ཕག་པ་ཤོར་བའི་རྔོན་པ་བཞིན།  ། བྱ་བ་གང་ལ་སོགས་པ་བྲམ་ཟེ་བུ་མོ་གཟུགས་ཀྱི་སྙེ་མ། གཤིན་རྗེའི་དྲིལ་བུ་མ་དང་བཅས་པའི་གཏམ་རྒྱུད་ཀྱི་སྣ་དྲངས་བྲིས་སོ། ། [1]   
          ཞེས་འབྱུང་བའི་ཚིགས་བཅད་དེ་གཉིས་དང་དེའི་བྱུང་རྐྱེན་གྱི་གཏམ་རྒྱུད་དང་བཅས་པ་ནི་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་རྒྱ་གར་བའི་ལུགས་ཀྱི་བསྟན་བཅོས་ཤ་ཐོན་རུས་ཐོན་ཞིག་གོ །  ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།    
          སློབ་དཔོན་ཐོན་མིས་པཎྜི་ཏ་རིག་པའི་སེང་གེ་ལས་སྒྲ་པཱ་ཎི་བྱཱ་ཀཱ་ར་ན།  རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། ཀ་ལ་པ། རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས། ཙནྟྲ་པ་རྣམས་ཀྱི་ས་རིས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས་ནས། [2]   
          ཞེས་འབྱུང་བ་ལྟར་ན།  སློབ་དཔོན་ཐོན་མིས་རྒྱ་གར་དུ་བསླབས་པའི་རིག་གནས་ཀྱི་གྲས་སུ་ལུགས་ཀྱི་བསྟན་བཅོས་ཀྱི་སྐོར་ཀྱང་ཡོད་ཅིང་། དེ་ཡང་བདེན་པར་ངེས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་ལ་རྒྱ་གར་གྱི་ཆོས་སྲིད་གཉི་ག་སྦྱང་རྒྱུའི་ལས་ཁུར་བཅོལ་ཡོད་པ་ནི་ཚུལ་ལུགས་དང་ཤིན་ཏུ་མཐུན་ནོ ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་ཀྱང་། དེ་ན(སློབ་དཔོན་ཐོན་མིས)ལྷ་ཆོས་དང་མི་ཆོས་ཀྱི་གདམས་པ་མང་དུ་བསྒྱུར་རོ ། [1]ཞེས་འབྱུང་བས། སློབ་དཔོན་ཐོན་མིས་མི་ཆོས་ཀྱི་གདམས་པ་བསྒྱུར་པ་ནི་ལུགས་ཀྱི་བསྟན་བཅོས་ཀྱི་སྐོར་ཡིན་ངེས་ཀྱང་།  ད་ལྟ་སྟོན་རྒྱུ་མེད་པས་དཔེ་རྒྱུན་ཆད་པ་ཡིན་ཡང་སྲིད།  གང་ལྟར་དེ་དག་གུང་བསྒྲིགས་ན།  རྒྱལ་པོ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་སོགས་རྒྱ་གར་དུ་ཆོས་དང་རིག་གནས་སློབ་ཏུ་མངགས་པའི་དུས་དེ་ཙམ་ནས་རྒྱ་གར་བའི་ལུགས་ཀྱི་བསྟན་བཅོས་བོད་དུ་སྤྱན་དྲངས་ཡོད་པར་ངེས། དེས་ན་བོད་ལ་རྒྱ་གར་ནས་སྤྱན་དྲངས་པའི་བསྟན་བཅོས་སྔ་ཤོས་ཀྱི་གྲས་སུ་གནའ་བོའི་རྒྱ་གར་གྱི་ཆབ་སྲིད་རིག་པའི་སྐོར་གྱི་བསྟན་བཅོས་དེ་དག་ཀྱང་ཚུད་ཡོད་སྙམ་ལ། བོད་ཀྱི་བཙན་པོ་སྔ་མ་ཚོ་དེ་ལྟར་རྒྱ་གར་པའི་ཆབ་སྲིད་ཀྱི་རིག་གནས་ལའང་ཆོས་ཀྱི་རིག་གནས་དང་མཉམ་པ་ཙམ་དུ་མཐོང་ཆེ་བ་ཡིན། བཀའ་ཆེམས་ཀ་ཁོལ་མ་ལས།    
          གཙུག་ལག་ཐང་ཁྲིམས་བཅུ་བཞི་སྤྱད་པའི་ཐབས།  ། ཚིག་གི་མཛོད་དང་ཚིག་གི་གཏེར་རྣམས་དང་།  །    
          ཚིག་གི་འཕྲུལ་དང་ཙ་ན་ཀ་ལ་སོགས། ། ལུགས་ཀྱི་བསྟན་བཅོས་མང་པོ་ཁྱོད་ལ་རྫོང་། ། [2]   
          ཞེས་ཡབ་ཀྱིས་ལྷ་གཅིག་ཀོང་ཇོ་ལ་ཞལ་ཏ་ཡིན་སྐད་དུ་བྲིས་པ་དེའང་རང་རེ་རྣམས་ཤིན་ཏུ་སྔ་མོ་ནས་བསྟན་བཅོས་དེ་རིགས་ལ་རྒྱུས་ཡོད་པའི་དན་རྟགས་ལས་ཅང་མ་ཡིན་ཏེ། དེ་འདྲའི་རྫོང་བ་ཞིག་སྟེར་རྒྱུ་ཡོད་མེད་རྒྱའི་ལོ་རྒྱུས་ལ་བལྟས་པས་ཁོ་ཐག་ཆོད་པར་འགྱུར། དགེ་འདུན་ཆོས་འཕེལ་གྱིས 《གཏམ་རྒྱུད་གསེར་གྱི་ཐང་མར》ཞ་ལུ་རི་ཕུག་ཏུ་བཞུགས་པའི་རྒྱ་དཔེའི་ཐོ་ཡིག་བཀོད་པ་ལས།  རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་དཔེ་ཐུང་སུམ་ཐིག་ལྡེབ་སོ་ལྔ་ཅུང་ཟད་ཆུད་ཟོས་པ། འདི་ཙ་ན་ཀ་ཡིན། ཞེས་འབྱུང་བས། ལུགས་ཀྱི་བསྟན་བཅོས་དེ་དག་གི་རྒྱ་དཔེའང་སྔར་ནས་བོད་དུ་འབྱོར་བ་ཡུན་རིང་བོའི་བར་དུ་ཉར་ཚགས་བྱས་འདུག་པ་རྟོགས་ནུས། 
[1]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་པོད་གསུམ་པ།  [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1992. 710
[1]ཅི་ཞན་ལིན་གྱི་གསུང་འབུམ།  (季羡林文集第十六卷.南昌: 江西教育出版社1996. 136. 137)
[2]ཅི་ཞན་ལིན་གྱི་གསུང་འབུམ།  (季羡林文集第十六卷.南昌: 江西教育出版社1996. 497)
[1]ཅི་ཞན་ལིན་གྱི་གསུང་འབུམ། (季羡林文集第十六卷.南昌: 江西教育出版社1996. 136)
སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས།  (金克木. 梵语文学史. 南昌: 江西教育出版社. 1999. 220)
[2]རྒྱ་གར་གྱི་གནའ་བོའི་རྩོམ་རིག་ལོ་རྒྱུས།  (季羡林主编. 印度古代文学史. 北京: 北京大学出版社, 1991. 328)
[3]གཏམ་གྱི་ཆུ་བོའི་རྒྱ་མཚོ་བདམས་བཀོད།  (黄宝生等译. 故事海选.北京: 人民文学出版社, 2001. 1)
[4] སཾསྐྲྀཏའི་བསྟན་བཅོས་དང་རྒྱའི་རྩོམ་ཡིག(郁龙余等. 梵典与华章,银川: 宁夏人民出版社. 2004. 89)
[5]ལུའུ་ཞུན་གྱི་གསུང་འབུམ།  (鲁迅全集第七卷[M]. 北京:人民文学出版社 1996 .166)
[1]འཛམ་གླིང་ལོ་རྒྱུས།  (朱龙华 世界历史上古部分[M] 北京: 北京大学出版社.  1991. 281-282)
[2]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1990.211~212
[3]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  199C0. 212
[4]རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཤེས་རིག་གི་བྱུང་བའི་རྩ་གནད།  ([印度]D. D. 高兽必著. 王树英等译.印度古代文化与文明史纲[M]. 北京:商务印书馆.  1998  ་ 159)
[1]དཔའ་བོ་གཙུག་ལག་ཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན་པོད་དང་པོ།  [M]མི་རིགས་དཔེ་སྐྲུན་ཁང་།  1986. 92 
[2]དཔའ་བོ་གཙུག་ལག་ཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན་པོད་དང་པོ [M]མི་རིགས་དཔེ་སྐྲུན་ཁང་།  1986. 92
[1]ཇོ་ནང་ཏཱ་ར་ཎ་ཐ།  རྒྱ་གར་ཆོས་འབྱུང་།  [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1986.115
[2]སུམ་པ་ཡེ་ཤེས་དཔལ་འབྱོར།  ཆོས་འབྱུང་དཔག་བསམ་ལྗོན་བཟང་།  [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1992. 170
[1]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1990་ 214
[2]རྒྱ་གར་གྱི་ལྟ་གྲུབ་དང་ཆོས་ལུགས་ཀྱི་བྱུང་བ།  ([日本]高楠顺次郎、 木村泰贤著. 高观庐译. 印度宗教哲学史[M]. 台湾商务印书馆. 1971. 35-55)
[1]སངས་རྒྱས་ཆོས་ལུགས་ཀྱི་བྱུང་བ།  (吴信如. 佛教缘起[M]. 中国藏学出版社, 2007. 18.32)
[2]རྒྱ་གར་གྱི་བསམ་བློའི་ལོ་རྒྱུས།  ([日本]早島鏡正、 高崎直道、 原実、 前田專学. 印度思想史[M]. 東京大学出版社, 1982. 54)
[3]རྒྱ་གར་གྱིབསམ་བློའི་ལོ་བྱུས།  ([日本] 早島鏡正、高崎直道、原実、 前田專学. 印度思想史[M]. 東京大学出版社, 1982. 54)
[1]ཀ་ཨུ་རྫི་ལུའི་དོན་གྱི་བསྟན་བཅོས།  ([日本]上村勝彦译. 考底利耶实利论[M]. 岩波文庫. 1984. 89
[1]མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1987. 226 
[2]འགྲོ་མགོན་འཕགས་པ། རྒྱལ་པོ་ལ་གདམས་པའི་རབ་བྱེད། [M]སྡེ་དགེ་པར་མའི་ས་སྐྱ་བཀའ་འབུམ། བ་པོད།  169
[1]རྒྱ་གར་གྱི་བསམ་བློའི་ལོ་རྒྱུས།  ([日本] 早島鏡正、 高崎直道、原実、 前田專学、印度思想史[M]. 東京大学出版社. 1982. 53)
[2]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ[M]བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་།  1990. 21
[1]ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས།  ([日本]上村勝彦译. 考底利耶实利论上[M]岩波文庫, 1984. 4)
[1] ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས།  ([日本]上村勝彦译. 考底利耶实利论下[M]. 岩波文庫, 1984. 447)
[1]བཀའ་ཆེམས་ཀ་ཁོལ་མ།  [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1989. 252
[2]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  [M]མི་རིགས་དཔེ་སྐྲུན་ཁང་།  1957. 20
[1]ཉང་ཉི་མ་འོད་ཟེར།  ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།  [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1988. 174
[2]བཀའ་ཆེམས་ཀ་ཁོལ་མ།  [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1989. 176