གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོའི་རྣམ་ཐར་རགས་བསྡུས།

སྤེལ་དུས 2018-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འཕགས་པ།
          ནད་དོན་གནད་བསྡུས། འདིར་གཙོ་བོ་དགེ་བའི་བཤེས་གཉེན་པོ་ཏོ་བ་མཆོག་གི་མཛད་རྣམ་ཐད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་པ་བརྒྱུད་ལག་སོན་བྱུང་བ་དག་ནི། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཉམས་སུ་བླངས། ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། ། ཞེས་པ་སྒྲོམ་གཞི་རུ་བླངས་ཏེ་པོ་ཏོ་བ་ཆེན་པོའི་རྣམ་ཐར་རགས་བསྡུས་སུ་འཁོད་ཡོད། 
          བརྡ་ཆད་གཙོ་བོ། པོ་ཏོ་བ། རྣམ་ཐར། བཀའ་གདམས་པ།           
དང་པོ། རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཚུལ།
གཅིག   དགེ་བཤེས་པོ་ཏོ་བ་ངོ་སྤྲོད་མདོར་བསྡུས།   
          པོ་ཏོ་བ་རིན་ཆེན་གསལ་མཆོག (1027-1105) ①ནི“འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆ་སྤྲས་བྲ་བོ་ཐང”②དུ་ཡབ་གཤེན་སྲིད་ལ་ཕྱུག་སྟེ་སྲིད་པོ་ཞེས་པ་དང་། ཡུམ་རིགས་རྣམ་པར་དག་པ་ལེ་མོ་ཞེས་གྲགས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ③གདུང་རུས་གཉོས་ལ་གཏོགས། དགེ་བཤེས་པོ་ཏོ་བར་མཚན་གྱི་རྣམ་གྲངས་མང་དུ་མཆིས་ཀྱང་པོ་ཏོ་བ་ཞེས་འབོད་པའི་རྒྱུ་མཚན་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་བྱང་རྭ་སྒྲེང་དུ་སྐུ་གཤེགས་རྗེས་རྭ་སྒྲེང་གི་གདན་ས་ལོ་གཅིག་བསྐྱངས་མཐར་རྨི་ལྟས་ལ་བརྟགས་ཏེ་དེར་མ་བཞུགས་པར་བྲག་རྒྱབ་ཏུ་ཕེབས་ཤིང་གནས་འདིའི་རི་པོ་ཏོ་སྟེ་པོ་ཐོ་ལྟ་བུ་ཞིག་ཡོད་པ་དེའི་སྟེང་དུ་དགོན་པ་བཏབ་ནས་བཞུགས་པས་པོ་ཏོ་བའམ་པུ་ཏོ་བར་གྲགས། རིན་ཆེན་གསལ་ཞེས་པ་ནི་ཡེར་པ་བ་རང་བ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་མཁན་པོ་དང་གླན་ཚུལ་བྱང་གིས་སློབ་དཔོན་མཛད་ནས་རབ་ཏུ་འབྱུང་སྐབས་བཏགས་པའི་མཚན་ཡིན། ①
གཉིས། བྱིས་པའི་དུས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད།   
          དགེ་བཤེས་པོ་ཏོ་བ་ནི་བྱིས་པའི་དུས་ནས་བྱམས་སྙིང་རྗེའི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་རང་བཞིན་དུ་མངའ་བ་ཞིག་སྟེ།  “བྱིས་པའི་དུས་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་གསན་ནམ་གཟིགས་ན་ཐུགས་ནན་ཏར་མི་བདེ། བདེ་སྐྱིད་ལ་སྤྱོད་པ་གསན་ནམ་གཟིགས་པའི་ཚེ་དགྱེས་སྤྲོ་ཚད་མེད་པ་བསྐྲུན། ”②ཞེས་དང་། ཡང་ལན་ཅིག་སྐྱེ་བོ་གཞན་དག་གིས་དབུས་གཙང་གི“ཆུ་འདི་ཐམས་ཅད་ཀོང་ཆུ་རླག་བྱ་བ་ཅིག་ཏུ་ཆ། དེ་ན་བྱ་འདམ་སེལ་བྱ་བ་ཡོད་པས། ཆུ་དེ་ལ་མི་རོ་རྟ་རོ་ཐམས་ཅད་གསིལ། བྱ་དེ་ཤི་དེ་གསིལ་མཁན་མེད་པས་ཆུ་འཁྱིལ་འོང་ཟེར་བ་གསན་པས། བྱ་དེ་ཤིན་ཏུ་གཅེས་པར་འདུག་གོ་གསུངས་ནས། བྱ་དེ་ཤིའི་དོགས་ནས་ཐུགས་ལས་སུ་གྱུར། རྒྱ་ལམ་གྱི་འགྲོན་པོའི་སར་ནས། འགྲོན་པོ་ཀུན་ཁྱེད་ཅག་ཡུལ་དུ་ལོ་ལེགས་པར་ཤོག    བྱེས་སུ་དོན་འགྲུབ་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་ཡིན་པར་གདའ་”③དགེ་བཤེས་པོ་ཏོ་བ་ཁོང་རང་གིས་ཀྱང་། རང་གིས་དྲན་པ་ཪྙེད་པ་ནས་ཕ་རོལ་པོ་རྒྱལ་ན་དགའ བདེ་ན་དགའ་སྐྱིད་ན་དགའ་བ་ལས། རང་རྒྱལ་བ་སོགས་བྱུང་ན་དགའ་སྙམ་པའི་རྟོག་པ་འོང་མ་མྱོང་ཞེས་གསུངས་པ་སོགས་ལས་དགེ་བཤེས་པོ་ཏོ་བ་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས་ཕྲུ་གུ་གཞན་དང་བསྡུར་ན་ཁྱད་པར་དུ་འཕགས་པའི་དགེ་མཚན་ལྡན་པ་རེད། 
གསུམ། དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ།    
          1.དགེ་བཤེས་སྟོན་པ་དང་མ་ཕྲད་པའི་སྔོན་དུ་བསྟེན་པའི་བླ་མ་དག   
          (l) ཡབ་གཤེན་སྲིད་ལ་ཕྱུག་ལས་བོན་ཆོག་བསླབས་པ།
          བོན་ཆོས་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ཞིང་ད་ལྟའི་བར་དུ་མ་ནུབ་པར་ཡོད་ལ། དགེ་བཤེས་པོ་ཏོ་བའི་ཡབ་ཀྱང་བོན་པོའི་སྐུ་གཤེན་ཞིག་ཡིན་པ་དང་། དགེ་བཤེས་ཁོང་སྐུ་ན་ཕྲ་བའི་དུས་སུ་ཡབ་ལས་བོན་ཆོག་བསླབས་ཡོད་དེ།  “ཡབ་དེ་བོན་པོ་ཡིན་པས་དགེ་བཤེས་ཀྱིས་ཀྱང་བྱིས་པ་ཙ་ན་བོན་འདྲ་བ་ཡང་མཛད་པ་ལ། མ་མཉེས་པའི་བཀའ་སྩལ་ཡང་གསུངས། ”①ཞེས་པ་ལས་མཚོན་ནུས་ཤིང་ཁོང་གི་ཡབ་ནི་བོན་གྱི་སྐུ་གཤེན་ཞིག་ཡིན་པའི་ཆ་ནས་རང་གི་བུ་ཕྲུག་བན་གྱི་ཆོས་སྒོར་ཞུགས་པར་ཡིད་འཐད་བྱུང་བ་ལས་ཁོང་ཡང་བློ་ཁོག་ཡངས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་མཚོན་ཐུབ་ལ་དགེ་བཤེས་པོ་ཏོ་བ་ནང་པའི་ཆོས་སྒོར་མ་ཞུགས་པའི་སྔོན་དུ་ཁོང་གི་ཤུགས་རྐྱེན་ཐེབས་ཡོད་པ་ནི་སྨོས་མེད་ཡིན་པས་ངེས་པར་གླེང་དགོས་པ་ཞིག་ཏུ་བསམ།    
          (2) བླ་མཆོད་སྦ་སྒོམ་བསྟེན་པ།   
          བྱིས་དུས་སུ་ཤ་ར་བ་ཤག་དབང་བྱ་བ་གཤེགས་པའི་སྤུར་སྦྱངས་པ་ལ། འཇའ་འོད་སོགས་བྱུང་བ་ཡབ་ལ་དྲིས་པས། སྒོམ་ཆེན་ཞིག་གྲོངས་པ་རེད་ཅེས་བཤད་པས་རང་ཉིད་ཀྱིས་ཀྱང་སྒོམ་བསླབ་ན་ཅི་མ་རུང་ཐུགས་ལ་དགོངས།  “དེ་ནས་ཡབ་ཀྱི་བླ་མཆོད་སྦ་སྒོམ་ཞེས་པ་གང་ཟག་ཁྱད་པར་ཅན་ཞིག་ཡོད་པ་དེ་ལས་བསྙེན་གནས་ཀྱི་སྡོམ་པ་བླངས”②ཤིང་ཕྱིས་སུ་སྦ་སྒོམ་ཁོང་ལ་མཉེས་པོ་ཡོད་ཅིང་གཉེན་པོ་དང་ལྡན་པ་ཅིག་འོང་བར་འདུག་དགོངས་ཏེ་ཡབ་ཡུམ་གཉིས་ལ་རབ་ཏུ་བྱུང་ལ་ཆོས་ཤིག་བྱེད་དུ་གཞུག་དགོས་ཞེས་ཡང་ཡང་བསྐུལ་ཞིང་གཞོན་ནུ་རང་ཉིད་ཀྱང་སྔོན་གོམས་པའི་བག་ཆགས་འཐུག་པོའི་མཐུས་སྤྱིར་འཁོར་བའི་གནས་ཐམས་ཅད་ཡིད་བརྟན་མི་རུང་བ་སྡུག་བསྔལ་གྱི་རང་བཞིན་དུ་རིག་ཅིང་། ཁྱད་པར་ཁྱིམ་གྱི་གནས་ནི་ཉོན་མོངས་དང་ཉེས་པར་སྤྱོད་པའི་འབྱུང་གནས་སྡུག་བསྔལ་གྱི་རྩ་བ་བཙོན་ར་ལྟ་བུར་གཟིགས་ནས་རབ་ཏུ་འབྱུང་བར་འདོད་འདུན་དྲག་པོ་སྐྱེས།    
          (3) རབ་བྱུང་གི་སྡོམ་པ་ལེན་སའི་བླ་མ་གཉིས།   
          དེ་ནས་སྦ་སྒོམ་གྱིས་ཕ་མ་གཉིས་ལ་རབ་ཏུ་བྱུང་ལ་ཆོས་ཤིག་བྱེད་དུ་གཞུག་དགོས་ཞེས་ཡང་ཡང་བསྐུལ་བ་དང་དགེ་བཤེས་རང་ཡང་རབ་ཏུ་འབྱུང་བར་འདོད་པའི་འདུན་པ་དྲག་པོ་ལྡན་པར་བརྟེན་ཕ་མ་གཉིས་ནས་ཀྱང་གནང་བ་ཐོབ་པར་བྱས།  “དེ་ནས་ཡེར་པ་བ་རང་དུ་རྔོག་བྱང་ཆུབ་འབྱུང་གནས་ཀྱི་མཁན་པོ། གླན་ཚུལ་བྱང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང་། མཚན་རིན་ཅན་གསལ་ཞེས་བྱ་བར་གསོལ”①བ་དང་། ཕྱིས་སུ་གླན་ཚུལ་བྱང་ལ་འདུལ་བ་གསན་པ་རེད།    
          (4) ཇོ་བོ་རྗེ་སོགས་ལས་ཆོས་གསན་པ།   
          “ཁུ་སྟོན་བརྩོན་འགྲུས་ལ་སོགས་པ་ལ་མཚན་ཉིད་ཀྱི་ཆོས་མང་དུ་གསན། གླན་ལ་འདུལ་བ་ཅུང་ཟད་གསན། ཇོ་བོ་ལ་ཡེར་པར་དགེ་བཤེས་སྟོན་པ་བྱུང་དུ་གསེར་འཚོལ་དུ་བཞུད་པའི་ཤུལ་དུ་ནག་ཚོས་ལོ་ཙཱ་བྱས་ནས་སྒོམ་རིམ་བར་པ་གཅིག་གསན་པ་ལ་སྐད་ནི་མ་ཤེས། བན་གསར་དུ་སོང་བས་བརྡ་གཞན་མེད་པཎྜི་ཏ་ལ་ཟླ་རྒྱུ་མང་པོ་འོང་བར་འདུག་པ་ལ། ལོ་ཙཱ་བ་ལ་ཅུང་ཟད་ལས་མི་འོང་བར་སྣང་གསུང་སྐད། ”②  
          2.དགེ་བཤེས་སྟོན་པར་འཕྲད་པ།   
          དེ་ནས་དགེ་བཤེས་པོ་ཏོ་བའི་བསྙེན་གནས་ཀྱི་སྡོམ་པ་ཞུས་པའི་སློབ་དཔོན་སྦ་སྒོམ་གྱིས་ཁྱོད་སྒོམ་སྒྲུབ་པ་གཤའ་མ་ཞིག་བྱེད་འདོད་ན་བྱང་རྭ་སྒྲེང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་ཡོངས་སུ་རྫོགས་པར་མངའ་བ་འབྲོམ་སྟོན་པ་ཞེས་བྱ་བ་བཞུགས་པས། དེའི་དྲུང་དུ་ཕེབས་ཏེ་མན་ངག་ཞུས་ན་ལེགས་ཚུལ་གྱི་བསྐུལ་མ་མཛད་པར་བརྟེན“དགུང་ལོ་ཉི་ཤུ་རྩ་བརྒྱད་པ་རྣམ་འཕྱང་ས་ཁྱི་ལ་བབ་པ་ནང་སྔོན་ལ་རྭ་སྒྲེང་དུ་ཕྱིན་ལ་དགེ་བཤེས་སྟོན་པ་ལ་དབྱར་འདི་གདམས་ངག་ཞུ།   དེས་གདམས་ངག་ཕལ་ཆེར་ལོན་ཏེ་འཆི། སྟོན་བསོད་སྙོམས་བྱེད་ཀིན་ཁམས་སུ་ཕྱིན་ལ་མིང་རུས་ཚུན་ཆད་གསང་ལ་རི་ཁྲོད་འགྲིམ་ཞིང་སྒྲུབ་པ་ཉག་གཅིག་བྱ་སྙམ”cཞིང་ཕྱིས་སུ་རྭ་སྒྲེང་དུ་དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཞབས་དྲུང་དུ་བསྙེན་ཏེ“དགེ་བཤེས་མཚན་ཉིད་དང་ལྡན་པ་དང་མི་འབྲལ་བར་བསྟེན་དགོས་པར་དགོངས་ནས་ལོ་བདུན་བསྟེན་པ་ལ། དགེ་བཤེས་སྟོན་པའི་ཐུགས་ཀྱང་ཁེངས་པས། འོ་ཐང་འདིར་ཇི་ལྟ་བུའི་མི་ཆེན་ཞིག་འབྱོན་པར་འདུག་བྱ་བ་གསུངས་པར་གདའ། ”①དགེ་བཤེས་པོ་ཏོ་བས་དེ་ལྟར“འབྲོམ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཞུས་པ་ན་འབྲོམ་རིན་པོ་ཆེས་རང་གི་སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་འགྱུར་བར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། ལམ་གྱི་རིམ་པའི་དབུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་ཐར་ཆགས་སུ་གདམས་ཤིང་དམིགས་སྐོར་རེ་རེ་ནས་བཤད་ཆོས་ཙམ་དུ་མ་ལུས་པར་རྒྱུད་ལ་སྐོར་ཏེ་མྱོང་བ་ཐོན་ངེས་སུ་འཁྲིད་པར་མཛད”②པ་དང་། དགེ་བཤེས་སྟོན་པ་སྤྱིར་སྐུ་མཆེད་གསུམ་པོ་ཐམས་ཅད་ལ་མཉེས་ཤིང་། ཁྱད་པར་པོ་ཏོ་བ་ལ་ངའི་ཇོ་བོ་ཆེན་པོ་གསུང་ནས་ཤིན་ཏུ་མཉེས་ཤིང་སྲས་ཀྱི་ཐུ་བོར་གྱུར།   
          3.འབྲོམ་སྟོན་པ་འདས་རྗེས་དགེ་བཤེས་དགོན་པ་བ་སོགས་བསྟེན་པ།   
          འབྲོམ་སྟོན་པ་སྐུ་གཤེགས་ཁར་དགེ་བཤེས་པོ་ཏོ་བར“བོད་ཕུ་དུང་ཙམ་འདི་ན་ཁྱོད་ཀྱི་དགེ་བཤེས་མ་མཐོང་གིས། བསྟེན་ས་མདོ་སྡེ་ལ་གྱིས་ཞེས་གདམས་ཏེ་ཞི་བར་གཤེགས”③ཤིང་།  “འབྲོམ་གཤེགས་ནས་ཀྱང་རྣལ་འབྱོར་པ་དང་དགོན་པ་པས་སྐུ་མཆེད་གསུམ་མིག་གི་འབྲས་བུ་ལྟར་བསྐྱངས”④པ་རེད། 
གཉིས་པ། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཚུལ།
          དེ་ཡང་བཀའ་གདམས་གླེགས་བམ་ལས། དགེ་བཤེས་པོ་ཏོ་བ་འདི་ཉིད་བཤེས་གཉེན་འབྲོམ་རིན་པོ་ཆེ་རྒྱལ་པོ་དད་པ་བརྟན་པོར་སྐུ་འཁྲུངས་པའི་ཚེ་སྲས་ཆེ་བ་སངས་རྒྱས་འཛིན་པོ་ཏོ་བ། དྷ་མཱའཛིན་ཕུ་ཆུང་བ། དགེ་འདུན་འཛིན་སྤྱན་སྔ་བར་འགྱུར་བར་ལུང་བསྟན་ཡོད་ཅིང་། ཡང་དད་པ་བརྟན་པོའི་འཁྲུངས་རབས་ལས། སྲས་སངས་རྒྱས་འཛིན་ནི་འདི་ནས་ལོ་ནི་མི་རིང་བར་རིན་ཆེན་གསལ་ཞེས་བྱ་བ་རྒྱལ་བའི་འབྱུང་གནས་ཀྱི་སྲས་ཀྱི་ཐུ་བོར་གྱུར་ཅིང་།  “འབྲོམ་རིན་པོ་ཆེ་ཁོ་ན་ལ་བརྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་འགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་མི་སློབ་ཟུང་འཇུག་འགྲུབ་པའི་བར་དམིགས་སྐོར་རེ་རེ་ནས་མྱོང་བ་ཕུལ་ཕྱིན་བཏོན་ཏེ་བསྐྱངས་པས་རྩོད་མེད་ཀྱི་མྱོང་བ་ཕུལ་ཕྱིན་འཁྲུངས། དགེ་བཤེས་པོ་ཏོ་བའི་མཛད་པ་རྣམ་ཐར་བཀའ་གདམས་ཀྱི་དགེ་བཤེས་ཆེན་པོ་ཞིག་གིས་བསྡུས་པ་ནི་འདི་ལྟར། དགེ་བཤེས་པོ་ཏོ་བ་དེ་སྐྱེས་ཐོབ་ཀྱི་ལྷག་བསམ་ཅན། གནས་བརྟན་ཆེན་པོའི་གྲགས་པ་ཅན། བསྟན་པའི་ཁྱབ་གདལ་ཆེ་བ། སྡེ་སྣོད་ཀྱི་དོན་སྤྱིར་ཤར་བ། གཞུང་གི་བྱེད་པ་མཁས་པ། འདུལ་བའི་ཕྱག་ལེན་འཐེམས་པ། རབ་ཏུ་བྱུང་བའི་ཆ་ཐིངས་པ། བསྟན་པའི་བདག་པོ་ཞིག་བྱོན་པས། དགུང་དུས་དིང་སང་གི་བར་དུ་ཁས་བླངས་ལ། རྟོག་དཔྱོད་བྱེད་པའམ། སྡོམ་པའི་རྩིས་གཞི་འདིང་པའམ། སྡེ་སྣོད་ལ་བློ་ཁ་ཕྱོགས་པའམ། འདོད་པ་ལ་སྐྱོན་དུ་ལྟ་བའམ། ཡོན་ཏན་ལ་ངོམས་པ་བག་ཙམ་ཞིག་མཆིས་པ་འདི་དེའི་འོད་ལ་བརྟེན་པ་ཞིག་ལགས་པ་གདའ་གསུངས། ”①ལམ་རིམ་བླ་བརྒྱུད་ལས། “དགེ་བཤེས་པོ་ཏོ་བ་དེ་ལམ་རིམ་འཆད་པའི་ཚེ་ལམ་སྒྲོན་རྩ་བར་བྱས་ནས། བཀའ་གདམས་གཞུང་དྲུག་དང་། རིན་ཆེན་ཕྲེང་བ། སློབ་སྤྲིངས། བཤེས་སྤྲིངས། ཀ་མ་ལ་ཤི་ལའི་སྒོམ་རིམ་རྣམས་དང་སྦྱར་ཏེ་མཐའ་ཆོད་པར་མཛད”ཅེས་འཁོད་པ་ལྟར་དགེ་བཤེས་པོ་ཏོ་བས་བྱང་ཆུབ་ལམ་སྒྲོན་རྩ་བར་བྱས་ནས་བཀའ་གདམས་གཞུང་དྲུག་གི་འཆད་ཉན་རྒྱས་པར་སྤེལ་ཏེ་བཀའ་གདམས་གཞུང་པའི་སྲོལ་བཏོད་ཅིང་བཀའ་གདམས་ཞེས་པའི་སྒྲ་བོ་ཆེ་དེ་ཡང་ཁོང་གི་རིང་ནས་ཀུན་ལ་གྲགས་པར་གྱུར།  “རྣམ་ཐར་གཙང་བ་དང་། གདལ་ཆེ་བའང་ཁོང་ལས་བྱུང་བ་ཡིན་གསུངས། ཤིན་ཏུ་གཏིང་ཟབ་པས། ང་ལ་ཡོན་ཏན་འདི་ཡོད་མི་གསུང་ཡང་། བྱང་ཆུབ་ཀྱི་ཐུགས་མངའ་བ། ཡི་དམ་གྱི་ཞལ་གཟིགས་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ལགས། ” དགེ་བཤེས་ཆེན་པོ་པོ་ཏོ་བ་མཆོག་ནི་ཐོས་བྱུང་གི་ཤེས་རབ་རྨད་དུ་བྱུང་ཞིང་རྒྱལ་བའི་གསུང་རབ་ཐམས་ཅད་ལ་བྱང་ཆུབ་པར་མ་ཟད། སློབ་ཁྲིད་ཀྱི་བྱེད་ཐབས་ཀྱང་ཐུན་མོང་མ་ཡིན་པ་ཡོད་པས་ཐབས་དང་ཤེས་རབ་གང་ཅིའི་ཐད་དུའང་གཞན་གྱིས་དྲིང་མི་འཛོག་པའི་ཚད་དུ་སླེབས་ཡོད་པ་མཚོན།         
གསུམ་པ། ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པའི་ཚུལ།
          སྤྱིར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ནི་མདོ་སྔགས་གཉིས་དང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་ཅིང་སྒོས་སུ་དགེ་བཤེས་པོ་ཏོ་བ་གཙོ་བྱས་པའི་བཀའ་གདམས་གཞུང་པ་བ་དག་གིས་བྱང་ཆུབ་ལམ་སྒྲོན་དང་བཀའ་གདམས་གཞུང་དྲུག་སོགས་ལ་སློབ་གཉེར་བྱེད་པ་གཙོ་བོར་འཛིན་ཅིང་སྒྲུབ་པ་མཉམ་ལེན་གྱི་ཕྱོགས་ལ་ཐུགས་གཟབ་ཆེན་པོ་མཛད་པ་རེད།  “འབྲོམ་གཤེགས་ནས་ཀྱང་རྣལ་འབྱོར་པ་དང་དགོན་པ་བ་འདས་ཀྱི་བར་ལོ་བཅོ་བརྒྱད་རྭ་སྒྲེང་ཉིད་དུ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། ”①ཞེས་དང་།  “ཉམས་ལེན་གྱི་དུས་སུ་རྩེ་གཅིག་ཏུ་དྲིལ་ནས་རང་གི་སེམས་ལ་བལྟ་བ་གོམས་པར་མཛད་ཅིང་ཟས་བསོད་སྙོམས་དང་གདན་གཅིག    ན་བཟའ་ཕྱག་དར་ཁྲོད་ཀྱི་འཕྱིང་རུལ་ཆུ་རྩས་ཁ་བསྒྱུར་ཏེ་དྲུབ་པ་ཞིག་མནབས་པའང་རལ་བ་བཅོམ་ལོང་མེད་པར་ཅི་དགར་བོར་ཏེ་སྒོམ་གྱིན་བཞུགས། ”②གཞན་ཡང“དགེ་བཤེས་པོ་ཏོ་བ་དེ་འབྲོམ་རིན་པོ་ཆེ་ལ་གསང་སྔགས་ཀྱི་མན་ངག་རྣམས་མཐིལ་ཕྱིན་པར་ཞུས་ནས་བླ་མེད་ཀྱི་ལམ་རིམ་གཉིས་ཀྱིས་ཉམས་ལེན་མཐར་ཕྱིན་པར་མཛད་པ་ཞིག་ཡིན་ཡང་གསང་སྔགས་ཤིན་ཏུ་གསང་བར་མཛད་ནས་རྒྱུན་གྱི་དམ་ཚིག་གི་རྡོར་དྲིལ་ཉེ་གནས་ཀྱིས་ཀྱང་ཞིང་དུ་གཤེགས་ནས་མ་གཏོགས་མ་མཐོང”③ཞེས་ལམ་རིམ་བླ་བརྒྱུད་དུ་གསལ།  “དེ་ཡང་ལན་ཅིག་སྦྱིན་བདག་ཅིག་གིས་གཡུ་གྲུ་དམར་ཆེན་པོ་ཞིག་ཕུལ་བ་ན་ཕྱག་ཏུ་མ་བཞེས་བར་མདུན་དུ་ཞོག་ཅིག་པའི་བརྡ་མཛད། བསྔོ་བ་ལེགས་པར་མཛད། ཕྱི་ཉིན་དགེ་བཤེས་དཔོན་སློབ་རྣམས་ཕྱོགས་གཞན་ཞིག་ཏུ་ཕེབས་པ་ན་སྦྱིན་བདག་དེ་ཡིད་མ་ཆེས་པར་བཞུགས་སར་བལྟར་ཕྱིན་པས་གཡུ་དེ་སྔ་ཉིན་གང་བཞག་ས་དེར་མཆིས་པ་རེད། ”④དགོན་པ་བ་འདས་ནས་སྐུ་མཆེད་གསུམ་གྱིས་ཕ་བོང་ཐང་དུ།  “འུ་ཅག་ཚེ་འདི་ལ་མི་ལ་ཆོས་བཤད་མི་བྱ།  བན་མོའི་བསྙེན་བཀུརམིབཟའ།    སྡེ་པ་དང་དགོན་པ་བདག་ཏུ་མི་བཟུང་། སྐྱེ་བ་ཕྱི་མ་བྱམས་པ་དང་། ཇོ་བོའི་སྤྱན་སྔར་སྨོན་ལམ་གདབ། གཅིག་ལ་གཅིག་བརྟེན་དུ་བྱས་ལ་དགེ་སྦྱོར་སྟབས་གཅིག་ཏུ་བྱའོ་ཞེས་གྲོས་མཛད་དོ། ། དེ་མིན་དགེ་བཤེས་པོ་ཏོ་བའི་མཛད་སྤྱོད་རགས་རིམ་རྣམས་གླེང་བྱ་རབ་པས་སྡོམས་སུ་བཀོད་པ་འདི་ལྟ་སྟེ། གཞན་གྱི་དཔོན་དང་གཡོག་མི་བྱ། གཞན་སེམས་མི་དཀྲུག་སེམས་མི་བཟུང་། ། བསྲེ་བསླད་མི་བྱ་འབྲེལ་མི་བྱ། ལྟོགས་འཇེན་མི་བྱ་འདྲིས་མི་བྱ། གྱོང་དུ་བྱ་ཞིང་འགྲོགས་དཀར་མ། རྟེན་བཞེང་བ་དངད་རྟེན་ལ་མཆོད། ། ཀློག་འདོན་སྦྱིན་གཏོང་བྱ་བ་ཡང་། ། རྒྱ་ཆེན་ཡོངས་སུ་སྤང་ནས་ནི། ། རང་གི་ཟས་གོས་འཚོ་བ་ཡང་། ། ངན་ངོན་ཙམ་གྱིས་ཆོག་བྱ་ཞིང་། དབེན་པའི་གནས་སུ་སོང་ནས་ནི། ། སྒྲུབ་པའི་སྙིང་པོར་བླང་བར་བྱ།”①ཞེས་སྐུ་མཆེད་གསུམ་པོས་འབྲོམ་རིན་པོ་ཆེ་དང་དཔལ་ལྡན་དགོན་པ་བ་སོགས་བླ་མ་དམ་པ་དག་དགོངས་པ་མ་རྫོགས་ཀྱི་བར་ཚུལ་བཞིན་བསྟེན་ཏེ་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞིང་དགེ་བའི་བཤེས་གཉེན་རྣམས་དགོངས་པ་རྫོགས་རྗེས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ་རེད།        
བཞི་བ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་ཚུལ།
          གཅིག བུ་སློབ་བསྐྱངས་པའི་ཚུལ།  
           ལམ་རིམ་བླ་བརྒྱུད་གསོལ་འདེབས་སུ།  “རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། ། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། ། བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། ། འགྲོ་བའི་རེ་སྐོང་གསུམ་ལ་གསོལ་བ་འདེབས། ། ”②ཞེས་གསུངས་པ་ལྟར་དགེ་བཤེས་པོ་ཏོ་བ་མཆོག་ནི་བཤད་བརྒྱུད་དང་སྒྲུབ་བརྒྱུད་གཉིས་ཀ་མངའ་ཞིང་མདོ་སྔགས་ཟུང་ཡ་མ་བྲལ་བར་རྒྱལ་བའི་དགོངས་པ་མཐིལ་ཕྱིན་པར་རྟོགས་པ། ཁྱད་པར་བུ་སློབ་སྐྱོང་བ་ནི་རྩལ་དུ་ཐོན་འདུག་པར་བསམ་སྟེ། དགེ་བཤེས་པོ་ཏོ་བའི་འཁོར་དུ་ཚེ་བློས་བཏང་གི་གྲྭ་པ་སྟོང་ལྷག་འདུས་ཤིང་། དེ་རྣམས་སྡོམ་གསུམ་གྱི་བཅས་མཚམས་དག་པ་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དགེ་བཤེས་པོ་ཏོ་བ་ཉིད་ཀྱི་རྗེས་སུ་སློབ་པ་ཤ་སྟག་བྱུང་བས་མཚན་སྙན་གྲགས་གང་སར་ཁྱབ་ཅིང་བོད་དུའང་རབ་ཏུ་བྱུང་བ་སྟོང་ཙམ་རྣམ་ཐར་གཅིག་ལ་འགོད་ནུས་པའི་སེམས་དཔའ་ཆེན་པོ་བཞུགས་འདུག་ཅེས་གྲགས། དེ་ཡང་ལམ་རིམ་བླ་བརྒྱུད་ལས།  “བཀའ་བབ་ཀྱི་བུ་ཆེན་བརྒྱད་དུ་གྲགས་པ་ནི། དང་ཚུགས་མཆོག་ཟུང་གཅིག་ལ་འགྲན་པ་ཞིག་ཡོད་པའི་བཀའ་དགེ་བཤེས་ཕོ་བྲང་སྡིང་པ་ལ་བབ། རྩོད་པ་པཎྜི་ཏའི་རྒོལ་བ་ཡང་བཟློག་ནུས་པའི་བཀའ་དགེ་བཤེས་དོལ་པ་ཆེན་པོ་ལ་བབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་ནུས་པའི་བཀའ་གླང་རི་ཐང་པ་ལ་བབ། བཀའ་འགྱུར་རོ་ཅོག་ལ་གཞུང་བཤད་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བཪྙེས་པ་འདྲ་བ་འོང་བའི་བཀའ་ཞང་ཤ་ར་བ་ལ་བབ། སྟོང་ཉིད་ཀྱི་ལྟ་བས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇིག་ནུས་པ་ཡོད་པའི་བཀའ་རམ་སྡིངས་མ་བ་ལ་བབ། གསུང་རབ་ཐམས་ཅད་སྐྱེས་བུ་གསུམ་གྱི་གདམས་ངག་ཏུ་དྲིལ་ནས་སྨན་པ་མཁས་པས་ནད་བརྟགས་ཏེ་ནད་ཐོག་ཏུ་སྨན་གཏོང་བ་འདྲ་བ་ཡོད་པའི་བཀའ་སྣང་དྲིའུ་ལྷས་པ་ཡེ་ཤེས་རྒྱལ་མཚན་ལ་བབ། མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་ནུས་པ་ཅིག་ཡོད་པའི་བཀའ་དགེ་བཤེས་བྲག་དཀར་བ་ལ་བབ། བླ་མ་ལ་སངས་རྒྱས་ཀྱི་དངོས་ཀྱི་མོས་གུས་རྒྱུན་ཆད་མེད་པ་ཡོད་པའི་བཀའ་གཉལ་བ་ཆོས་འབར་ལ་བབ་བོ། ། ”①ཡང་དགེ་བཤེས་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་པོ་ཏོ་བ་མཆོག་གི་རྣམ་ཐར་ལས།  “ཁོང་གི་གསུང་ལས་སྐྱེས་པའི་སློབ་མ་ཡང་སྤྱིར་བསམ་གྱིས་མི་ཁྱབ་མོད། གྲགས་ཆེ་བ་རགས་བསྡུས་ཙམ་ནི། ཤ་ར་བ་ཡོན་ཏན་གྲགས་པ། གླང་ཐང་པ་རྡོ་རྗེ་སེང་གེ་གཉིས་ལ་དབུས་ཀྱི་ཀ་ཆེན་ཉི་ཟླ་ཟུང་གཅིག་ཟེར། གཙང་སྨད་རམ་སྡིང་མ་བ་དང་སྣང་དྲེའུ་ལྷས་པ་གཉིས། གཙང་སྟོད་ན་བྱ་འདུལ་དང་ཕག་སྒུར་བ་གཉིས། གཉལ་ནས་གླང་བྱ་རབ་པ་དང་གཉོས་བྲ་གོར་པ་གཉིས། དོལ་ནས་འབེ་མོན་ཕུ་ཆུང་པ་དང་། རོགས་དམར་ཞུར་བ་གཉིས་རྣམས་ལ་ཆེན་པོ་བརྒྱད་ཟེར། གཞན་ཡང་མྱང་སྟོང་ན་ལྷག་ཤེས་གཉིས། གཡག་སྡེ་ནས་སོག་པོ་པ། བཟང་ནས་གྲུ་གུ་ལུང་པ། ཁ་རག་སྒོམ་ཆུང་། གནས་ཁང་གི་འགོས། ནགས་སྟོན་མཐའ་དག་ལྷོ་སྟོང་པ། མྱང་པོ་རི་ཁ་བ། ཇོ་སྟན་ཀུ་ཤུ་ར་བ། གྲོག་པ་བརྩོན་སེང་། ཟུར་རེ་བ་མཐའ་བཞི། གཙང་པ་མཁར་སོ་བ། རྒྱལ་གྱི་ཀོ་དེ་ལུང་པ། དར་ཡུལ་གྱི་གཡང་ངོས་པ། ཡེ་ཤེས་སེང་གེ    ལྦ་བྲག་དཀར་བ། སྒྲོའི་སྟག་མགོ་བ། གྲབ་ཀྱི་ཕོ་བྲང་སྡིངས་པ། རྒྱལ་གྱི་སྒྲོ་ལག་པ། རྨའི་འབྲོང་སྟོངས་པ། བན་དེ་བ་རི་ན་བྱང་། ཡག་པ་གཉན་ཆུང་། མལ་གྲོ་བ་གླང་སྒོམ། ཐང་པོ་ཆེ་པ། དགོན་མེར་བ། གཡུ་སྒྲའི་ཞང་ཆེན་པོ།   ལོ་མའི་དགེ་སྦྱོང་ཆེན་པོ།  མདོ་ལུང་པ། ཞར་དགོན་པ་གོང་འོག་གཉིས། སྒྱུ་སྦྱངས་དབང་སེང་། བྱང་པ་རིན་གཞོན། སྟོད་ལུང་པ་དབང་ཕྱུག་གྲགས་པ་སོགས”②ཅུང་གྲགས་ཆེ་བ་སྐོར་ཞིག་བགྲངས་པ་ལས་ཡོད་ཚད་ནི་ག་ལ་ཡིན། “དགེ་བཤེས་པོ་ཏོ་བ་ཆེན་པོ་དེ་ལ་ཚེ་བློས་བཏང་གི་གྲྭ་པ་རྣམ་གྲོལ་སྒྲུབ་པ་ཤ་སྟག་སྟོང་ཙམ་རེ་འཁོར་དུ་འདུས”③ཞེས་བཀོད་པ་ལྟར་ཁོང་གིས་གདུལ་བ་སྐྱོང་བའི་འཕྲིན་ལས་རྒྱ་ཆེར་སྤེལ་བས་བཀའ་གདམས་ཞེས་པའི་སྒྲ་བོ་ཆེའང་རིམ་གྱིས་གངས་རིའི་ལྗོངས་སུ་ཁྱབ་པ་རེད། 
          གཉིས། གདན་ས་བཏབ་པའི་ཚུལ།   
          དགེ་བཤེས་པོ་ཏོ་བས་འབྲོམ་སྟོན་པ་ལོ་ངོ་བདུན་ལ་བསྟེན་ཅིང་རྣལ་འབྱོར་པ་དང་དགོན་པ་བ་ལོ་བཅོ་བརྒྱད་ལ་བསྟེན་ཏེ་ཁོང་རྣམས་ཞིང་ལ་གཤེགས་རྗེས། རྭ་སྒྲེང་གི་གདན་ཤུལ་སྐྱོང་བར་བརྩམས་ཀྱང“དཔོན་ཆོས་ཀྱི་རྒྱལ་པོ་ལ་ཡང་མ་བཏུབ་ཅིང་མནལ་ལམ་དུ་ཉིད་ཀྱིས་ཐོང་མཁན་མཛད་ནས་ཞིང་ར་རྨོ་བ་ལ། གཞི་རྫ་མོ་འབའ་ཞིག་ཏུ་སོང་བ་གཟིགས་པས་གདུལ་བ་མེད་པར་མཁྱེན་ནས་མ་བཞུགས། ”①ཞེས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རྭ་སྒྲེང་གི་གདན་ཤུལ་སྐྱོང་མ་ཐུབ་པར་དེ་དང་ཁ་བྲལ་ཞིང་། “ང་གཅིག་པར་ལྕགས་བ་ནས་ཚོགས་པ་བསྐྱངས་ཏེ་སྒྲོ་ལག་དགོན་དང་། མཁར་ཐོག་དང་། ལ་མོ་ར་སྒྱེ་དང་། ཁྲ་འཇབ་ཁུང་མིག་དང་། གངས་རྒྱལ་མོ་ལ་སོགས་པར་བཞུགས”② པས། མཚན་གྱི་རྣམ་གྲངས་ཀྱང་མང་དུ་བྱུང་ཞིང“སྐུ་ཚེའི་སྨད་ལ་པོ་ཏོ་དགོན་པ་ཕྱག་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། ”③
          གསུམ། བསྟན་བཅོས་མཛད་པའི་ཚུལ།  
          དགེ་བཤེས་པོ་ཏོ་བ་མཆོག་གི་གསུང་རྩོམ་གཙོ་བོར་བེའུ་《བུམ་སྔོན་པོ་》དང་《དཔེ་ཆོས་རིན་ཆེན་སྤུངས་པ་》གཉིས་ཡོད་ཅིང་། བསྟན་བཅོས་འདི་གཉིས་ནི་ཁོང་གི་བུ་སློབ་དག་གིས་དགེ་བཤེས་ཁོང་ཉིད་ཞིང་ལ་གཤེགས་རྗེས་སུ་སྔར་གྱི་ཁོང་གི་གསུང་སྒྲོས་རྣམས་བསྡུ་སྒྲིག་བྱས་ཏེ་གྲུབ་པ་ཞིག་ཡིན་ཏེ། དེ་ཡང་དུང་དཀར་ཚིག་མཛོད་དུ། ‘་སློབ་མ་དག་གིས་བླ་མ་འདི་ཉིད་ཀྱི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་པ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་ཟེར། ”④ཞེས་པ་དང་། “ཁོང་གིས་དཔེ་སྣ་ཚོགས་དང་སྦྱར་ནས་ཆོས་གསུངས་པའི་དཔེ་རྣམས་སློབ་མ་རྣམས་ཀྱིས་ལམ་རིམ་དང་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པོ་ཏོ་བའི་དཔེ་ཆོས་ཞེས་བྱ་སྟེ། དེ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་དེ། ཐོག་མར་དགེ་བཤེས་གྲབ་པས་བསྒྲིགས་པ་བསྡུས་པ་དང་། དེའི་རྗེས་སུ་བྲག་དཀར་པས་བསྒྲིགས་པ་རྒྱས་པ་དང་། དེ་ནས་ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་བསྒྲིགས་པ་ནི་འབྲིང་པོ་སྟེ་དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་གྲགས་པ་དར་རྒྱས་ཆེའོ། ”①དེའང་དཔེ་ཆོས་རིན་ཆེན་སྤུངས་པ་ནི་དགེ་བཤེས་པོ་ཏོ་བས་རྒྱ་ཆེན་གཏིང་ཟབ་ཀྱི་དམ་པའི་ཆོས་དེ་ཐད་ཀར་གསུང་ན་ཀུན་གྱིས་གོ་དཀའ་བར་དོགས་ཏེ། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས་དོན་གཏན་ལ་ཕབ་ཅིང་སྟོན་པ་དང་དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་ན་ཆོས་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བ་དང་། ཉན་པ་པོར་སྤྲོ་བ་འཕེལ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་མཆིས།  

(རྩོམ་པ་པོ་ངོ་སྤྲོད། འཕགས་པ། ཕ་ཡུལ། མཚོ་ལྷོ་མང་ར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2013ལོའི་ཤེས་རམས་པ། ) 
(མཛུབ་སྟོན་དགེ་རྒན། བཀྲ་བྷ། )

①སྤྱི་ཁྱབ་རྩོམ་སྒྲིག་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། རྗེ་ཙོང་ཁ་པའི་ལམ་རིམ་ཆུང་ངུའི་ལུང་ཁུངས་གསལ་བྱེད་ཟླ་ཉ། [M]གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས། 2013ལོའི་ཟླ་3པར་པར། ཤོག་ངོས་324 
②བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར། ཤོག་ངོས་90
③ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་12པར་པར། ཤོག་ངོས་360
①ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།  [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་l2པར་པར། ཤོག་ངོས་36l
②དགེ་བཤེས་པོ་ཏོ་བ་སོགས། བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩྭ་འགྲེལ།[M]གངས་ཅན་རིག་མཛོད་དེབ་གྲངས་བཅུ་དྲུག་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཞི་རྩོམ་སྒྲིག་ཚོ་ཆུང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ་2པར་པར།  ཤོག་ངོས་488
③ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་l2པར་པར།   ཤོག་ངོས་360
①ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་l2པར་པར། ཤོག་ངོས་36l
②ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོའི་ཟླ་5པར་པར།  ཤོག་ངོས་225
①ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།  [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་12པར་པར། ཤོག་ངོས་361②ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་12པར་པར། ཤོག་ངོས་362
③བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར།   ཤོག་ངོས་92
①ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་12པར་པར། ཤོག་ངོས་363②ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། 1990ལོའི་ཟླ་5པར་པར། ཤོག་ངོས་226
③ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོའི་ཟླ་12པར་པར། ཤོག་ངོས་364④ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོའི་ཟླ་5པར་པར།   ཤོག་ངོས་23l
①ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1990ལོར་པར། ཤོག་ངོས་229
①བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། །[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར། ཤོག་ངོས་100    
②བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། །[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར། ཤོག་ངོས་100
③ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་234
④ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་230
①ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1990ལོར་པར།  ཤོག་ངོས་231      
②རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཐོར་བུ་བཞུགས་སོ། །  [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1986ལོའི་ཟླ་2པར་པར།   ཤོག་ངོས་4
①ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།[M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་236-237
②བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར།   ཤོག་ངོས་103
①ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།[M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་230
①བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ། ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པར་པར། ཤོག་ངོས་100
②བིས་པ་མི་ཕམ་ཟླ་བ་སོགས། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་བྱ་བ་བཞུགས་སོ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པར་པར།་ཤོག་ངོས་100
③དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4པར་པར། ཤོག་ངོས་l273
④དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པར་པར།ཤོག་ངོས་1273-1274
①ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཞི་རྩོམ་སྒྲིག་ཚོ་ཆུང་། དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ། དེབ་བཅུ་བདུན་པ། [M]མི་རིགས་དཔེ་སྐྲུན་ཁང་། 1991ལོར་པར།  ཤོག་ངོས་502