གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་གནའ་རབས་ཀྱི་ཡུལ་སྲོལ་བཟང་པོ་ཁ་བཏགས་སམ་མཇལ་དར་གྱི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཤར་ཡུལ་ཕུན་ཚོགས་ཚེ་རིང་།
           རང་རྒྱལ་ནི་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། སྤུན་ཟླ་མི་རིགས་སོ་སོ་ལའང་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་གོམས་གཤིས་ལུགས་ཀྱང་མི་འདྲ་བ་མང་ཞིང་། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཁག་ཕན་ཚུན་དབར་སྔར་དང་མི་འདྲ་བར་འགྲོ་འོང་བྱེད་པའི་སྐབས་སུ་རང་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་ལ་གཞིགས་ཏེ་བསུ་སྐྱེལ་ཞུ་བཞིན་ཡོད། བོད་རིགས་ལ་ཆ་མཚོན་ན་སྐྱིད་སྡུག་གི་བྱ་བ་གང་ཞིག་བྱུང་རུང་། རང་ཉིད་ཀྱི་རྣམ་དཀར་ལྷག་བསམ་མཚོན་བྱེད་མཇལ་དར་དཀར་གཙང་ཞིག་འབུལ་སྲོལ་ཡོད་པ་དེ་ནི་གནའ་རབས་ཀྱི་ཡུལ་སྲོལ་བཟང་པོ་ཞིག་ཡིན་པས་སྤུན་ཟླ་མི་རིགས་དང་གྲོགས་པོ་ཕྱི་རྒྱལ་བ་ཚོས་ཀྱང་ཧ་ཅང་མཉེས་པོ་གནང་བ་མ་ཟད། ཡུལ་སྲོལ་བཟང་པོ་དེ་ཉིན་བཞིན་ཁྱབ་གདལ་དུ་འགྲོ་བཞིན་གནས། དེར་བརྟེན། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བློ་ལྡན་སྐྱེ་བོ་མང་པོས་ཁ་བཏགས་ནི་དུས་གང་ཞིག་དང་། ཡུལ་གང་ཞིག་ནས་དར་མིན་སྐོར་གླེང་མོ་མང་ཙམ་གནང་ཞིང་། ལྷག་པར་དུ་བོད་རིག་པ་མཁས་ཅན་གྱི་མཚན་འཛིན་པ་ལ་ལས་ཀྱིས་ཁ་བཏགས་ནི་སོག་ཡུལ་ནས་དར་ལུགས་སྐོར་མང་ཙམ་གསུངས། དེའི་ཕྱིར་ཁ་བཏགས་ནི་བོད་རིགས་རང་གི་རིག་གནས་ཤིག་ཡིན་ནམ། ཡང་ན་མི་རིགས་གཞན་གྱི་གོམས་སྲོལ་བོད་དུ་དར་བ་ཞིག་ཡིན་མིན་སྐོར་གསལ་པོར་རྟོགས་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བའི་གནས་སུ་གྱུར་པས་རང་ཉིད་ཀྱི་རྨོངས་འཆར་འགའ་ཞིག་རགས་ཙམ་ཞུ་རྒྱུ་འདི་ལྟར་ཏེ།
དང་པོ། ཁ་བཏགས་ཇི་ལྟར་དར་བའི་སྐོར།
           1.ཐོག་མར་ཁ་བཏགས་ཞེས་པའི་ཐ་སྙད་དེའི་གོ་དོན་དངོས་གང་ཡིན་གསལ་པོ་རྟོགས་དགོས།
           《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས། “ཁ་བཏགས། དར་རམ་ལྷ་རེག་”ཅེས་འགྲེལ་བཤད་གནང་། འོན་ཀྱང་ཁ་བཏགས་ཞེས་པའི་ཐ་སྙད་དེ་རང་གི་གོ་དོན་གང་ཡིན་མི་གསལ་སྟབས་འགྲེལ་པ་དེས་མི་རྣམས་བློ་མི་ཆིམས་པའི་གནས་སུ་གྱུར། དེ་བཞིན་བོད་ཀྱི་དག་ཡིག་ཚད་ལྡན་《ལི་ཤིའི་གུར་ཁང་》དང་《ངག་སྒྲོན་》སོགས་སུའང་ཐ་སྙད་དེའི་གོ་དོན་གང་ཡིན་བཀྲལ་པ་གཅིག་ཀྱང་མ་མཐོང་། འོ་ན་ཁ་བཏགས་ཟེར་བའི་ཐ་སྙད་དེ་ངེས་ཚིག་གི་འགྲེལ་བཤད་དང་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད་པའི་འདོད་རྒྱལ་གྱི་མིང་ཞིག་ཡིན་ནམ་ཞེ་ན། དེ་ལྟར་མ་ལགས། ཁ་བཏགས་ནི་དཀར་རྟགས་ཀྱི་སྒྲ་ཟུར་ཆག་པ་ཞིག་རེད་སྙམ། གང་ལགས་ཤེ་ན། གནའ་བོའི་ཡུལ་སྲོལ་དུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་རྟེན་འབྲེལ་མཚོན་ཆེད་གྱོན་པའི་དཔུང་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱག་སྲོལ་ཡོད། དེ་ནས་རིམ་བཞིན་བལ་དར་དང་། དར་རས་དཀར་པོ་སོགས་མཇལ་དར་གྱི་རྣམ་གྲངས་མི་འདྲ་བ་མང་དུ་བྱུང་། དཀར་རྟགས་དེ་ཁ་བཏགས་སུ་སྒྲ་ཟུར་ཆག་པ་རེད་བརྗོད་སྐབས་བཞད་གད་སློང་བའི་རྒྱུ་ལྟ་བུར་མངོན་ཡང་། དོན་དུ་རང་ཅག་གི་མནོ་བསམ་ཞིབ་པར་བཏང་ཚེ་བོད་ཀྱི་ཡུལ་སྐད་ནང་དུ་ཀ་དང་ཁ་ཡི་སྒྲ་ཕན་ཚུན་བརྗེས་པ་དངོས་སུ་ཐོས་རྒྱུ་ཡོད། དེར་བརྟེན་དཀར་རྟགས་དེ་ཁ་བཏགས་སུ་སྒྲ་ཟུར་ཆགས་པར་ཡ་མཚན་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག་སྙམ།    
           2.ཁ་བཏགས་ནི་བོད་རིགས་རང་གི་རིག་གནས་དང་ཡུལ་སྲོལ་ཞིག་ཡིན་ནམ། ཡང་ན་མི་རིགས་གཞན་གྱི་ཡུལ་སྲོལ་བོད་དུ་དར་བ་ཞིག་ཡིན།   
           རང་ཅག་གིས་གསལ་པོ་མཁྱེན་གསལ་དུ་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་ལོ་རྒྱུས་ཡུན་རིང་བ་དང་། ཤེས་རིག་ཕུན་སུམ་ཚོགས་ལ་ཡ་རབས་གུས་ཞབས་ལྡན་པའི་མི་རིགས་ཤིག་རེད། གཡུང་དྲུང་བོན་གྱི་ལོ་རྒྱུས་ཡིག་རིགས་ཚད་ལྡན་ཁག་ལ་གཞིགས་ན། མི་ལོ་སུམ་སྟོང་ཙམ་གྱི་སྔ་རོལ་དུ་ཁ་བ་ཅན་གྱི་ཡུལ་དུ་བོན་གྱི་རིག་གནས་ཏེ་གནའ་བོའི་བོད་ཀྱི་རིག་གནས་དར་ཁྱབ་ཆེ་ཞིང་། ཡུལ་སྲོལ་མང་པོ་ཡང་དཔལ་འབྱོར་གོང་དུ་འཕེལ་བ་དང་སྦྲགས་རིམ་བཞིན་གོང་དུ་འཕེལ།   
           གནའ་བོའི་དུས་སུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་དཀར་ལྷག་བསམ་མཚོན་ཆེད་གྱོན་པའི་དཔུང་པའི་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱག་སྲོལ་ཡོད་པ་དེ་རིགས་ད་ལྟའང་གཞིས་རྩེ་ཁུལ་དུ་སྐྱེས་པ་གཡས་དང་བུད་མེད་གཡོན་ཞེས་བུ་ཡི་དཔུང་པ་གཡས་པ་དང་བུད་མེད་ཀྱི་དཔུང་པ་གཡོན་པའི་སྟེང་དུ་རྩམ་པའི་དཀར་རྟགས་རེ་རྒྱག་སྲོལ་འདུག དེ་རྗེས་གནའ་དུས་འབྲོག་ལས་དཔལ་འབྱོར་གོང་དུ་འཕེལ་བ་དང་ཆབས་ཅིག་བལ་དར་ཏེ་གཡང་དཀར་ལུག་གི་བལ་དཀར་པོ་རིང་པོ་བཟོས་ནས་གཡོགས་ཏེ་དཀར་རྟགས་ཀྱི་ཚབ་བྱེད་ཅིང་། བལ་དར་དེ་རིགས་མི་ལོ་ལྔ་བཅུ་ཙམ་གྱི་གོང་དུ་ཡང་ལྷ་ས་ཁུལ་དུ་ཁྱབ་གདལ་ཆེ་ཞིང་། འོན་ཀྱང་བལ་དར་ནི་གཙོ་བོ་བོད་ཀྱི་ལོ་གསར་སོགས་རྟེན་འབྲེལ་མཛད་སྒོའི་སྐབས་ཆུ་ཟངས་དང་། ཆང་སྣོད། ཆུ་བན་སོགས་ལ་གཡོགས་སྲོལ་ཡོད། དུས་དེར་ལུང་ཁུག་དང་འབྲོག་ཁུལ་དུ་བལ་དར་མི་ལ་གཡོགས་པའི་ཡུལ་སྲོལ་དེ་རིགས་སྔར་བཞིན་གནས། དེ་ནས་བོད་ཀྱི་དཔལ་འབྱོར་དང་མི་མང་གི་འཚོ་བ་གོང་དུ་འཕེལ་བ་མ་ཟད། མེས་རྒྱལ་སྤུན་ཟླ་མི་རིགས་དབར་ཕན་ཚུན་འབྲེལ་གཏུགས་རྒྱ་ཆེར་ཕྱིན་པ་དང་། ལྷག་པར་དུ་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨ་བོད་དུ་ཕེབས་སྐབས་རྫོང་སྐལ་དུ་དར་གོས་ཆེན་འབོར་དེ་བསྣམས་ཕེབས་ཤིང་། བོད་ཀྱི་རེ་འདུན་ལྟར་དར་འབུ་དང་། ཤེལ། ཨ་རག ཆུ་འཁོར་སོགས་བཟོ་མི་བཟོ་ཡི་རིག་བྱེད་པ་དྲུག་ཅུ་ཙམ་བོད་དུ་ཡོང་། རྒྱ་རིགས་ས་ཁུལ་གྱི་བཟོ་རིག་ལག་རྩལ་སྤྱི་དང་ཁྱད་པར་དུ་དར་འབུ་གསོ་བ་སོགས་འཐག་ལས་ཀྱི་ལག་རྩལ་བོད་དུ་དར། དེ་བཞིན་མཐའ་བཞིའི་རྒྱལ་ཁག་ཏུ་བཟོ་རིག་ལག་རྩལ་དར་འཕེལ་ཕྱིན་སྟབས་བོད་མི་རིགས་ཀྱི་དགོས་མཁོ་འཚམ་ཆེད་མཇལ་དར་ཟུབ་ཤེ་དང་། ཕྱེད་གཉིས། ཨ་འདྲ། ཨ་ཤེ། ནང་མཛོད་སོགས་རིམ་བཞིན་བོད་དུ་དར། གོང་དུ་སྨོས་པ་འདིའི་ཐོག་ནས་ཁ་བཏགས་ཀྱིའཕེལ་རིམ་ནི། ཐོག་མར་དཀར་རྟགས་དང་། དེ་ནས་བལ་དར། ཟུབ་ཤེ། ཕྱེད་གཉིས་(ཕྱེད་ཟུབ་ཤེ་དང་ཕྱེད་ཨ་ཤེ་བྱས་པ་ཞིག་ཡོད)ཨ་འདྲ། ཨ་ཤེ། ནང་མཛོད་བཅས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོར་མི་རྣམས་ཀྱི་སྤྱི་ཚོགས་ཀྱི་གནས་བབས་དང་། འཚོ་བའི་ཆུ་ཚད་སོགས་ནང་འཚམ་པའི་ཁ་བཏགས་ཀྱི་རྣམ་གྲངས་མང་དུ་བྱུང་། དེར་བརྟེན་ཁ་བཏགས་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་གོམས་གཤིས་ལུགས་ཤིག་ཡིན་པ་ལས་མི་རིགས་གཞན་གྱི་གོམས་སྲོལ་བོད་དུ་དར་བ་ཞིག་རྩ་བ་ནས་མ་ཡིན།     
           3.སོག་དར་དང་བོད་ཀྱི་ཁ་བཏགས་དབར་གྱི་ཁྱད་པར།   
           དེང་སྐབས་བོད་རིག་པ་མཁས་ཅན་གྱི་མཚན་འཛིན་པ་འགའ་ཞིག་གིས་བོད་ཀྱི་ཁ་བཏགས་ནི་སོག་ཡུལ་ནས་དར་ལུགས་སྐོར་མང་ཙམ་གསུངས་ཤིང་། དོན་དུ་སོག་དར་དང་བོད་ཀྱི་ཁ་བཏགས་ཀྱི་དབྱེ་བ་དང་། བོད་སོག་མི་རིགས་ཀྱི་རིག་གནས་འབྲེལ་བར་བརྟག་ཞིབ་རགས་ཙམ་གནང་ན་མ་བུའི་དབྱེ་བ་གསལ་པོར་རྟོགས་ཐུབ་པ་ལས་མ་བུ་གབ་ཕྱི་ལོག་པའི་གནས་ཚུལ་དེ་རིགས་རྩ་བ་ནས་ཡོང་མི་སྲིད། བོད་ཀྱི་དེབ་ཐེར་ཁག་ལ་གཞིགས་ན། རབ་བྱུང་བཞི་པའི་ཤིང་འབྲུག་(སྤྱི་ལོ་1211)ལོར། ཧོར་ཨེ་ཆེན་གོ་དན་རྒྱལ་པོས་གདན་ཞུས་ལྟར། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། ཁོང་གི་ཚ་བོ་འགྲོ་མགོན་འཕྱགས་པ་དབུ། ཕྱག་ན་རྣམ་གཉིས་བཅས་ཧོར་ཡུལ་དུ་ཕེབས། སྐབས་དེར་ས་སྐྱ་པཎྜི་ཏ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་ཟིན་སྟབས་ཡུན་རིང་མ་སོང་བར་དགོངས་པ་མྱ་ངན་ལས་འདས། འོན་ཀྱང་། ཚ་བོ་རྣམ་གཉིས་སྐུ་ན་ཆུང་བས་ཧོར་ཡུལ་དུ་ཡུན་རིང་བཞུགས། འགྲོ་མགོན་འཕྱགས་པ་བློ་གྲོས་རྒྱལ་མཚན་སྐུ་ན་སོན་རྗེས་རིག་པའི་གནས་ལ་མཆོག་ཏུ་མངའ་བར་གྱུར། ཧོར་གོང་མ་ཆེན་པོའི་བཀའ་བཞིན་བོད་ཡིག་ལ་དཔེ་བལྟས་ཏེ་སོག་ཡིག་གསར་དུ་གཏོད། བོད་ཀྱི་སངས་རྒྱས་ཆོས་ལུགས་དང་། སྨན་དཔྱད་སོགས་རིག་པའི་གནས་ལྔ་རྒྱ་ཆེར་སྤེལ་བས་ཧོར་གོང་མ་ཆེན་པོའི་སློབ་དཔོན་དུ་བསྐོ་བཞག་གནང་། དེ་བཞིན་འགྲོ་མགོན་ཕྱག་ན་ཧོར་ཡུལ་དུ་ལོ་མང་བཞུགས་ཏེ་ཧོར་གྱི་སྐད་ཡིག་དང་གཤིས་ལུགས་སོགས་ལེགས་པར་སྦྱང་། ཧོར་རྒྱལ་པོའི་སྲས་མོ་མེ་གན་དུན་བཙུན་མོར་བཞེས། ཁོང་རྣམ་གཉིས་ཀྱིས་བོད་སོག་མི་རིགས་དབར་རིག་གནས་སྤེལ་རེས་ཀྱི་མཛད་པ་གཟེངས་སུ་ཐོན་པ་བྱུང་། ཧོར་གྱི་དཔའ་ངར་དང་བོད་ཀྱི་ཤེས་རིག་ཟུང་དུ་འབྲེལ་བས་གནམ་འོག་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་མི་རིགས་ཤིག་ཏུ་གྱུར། དུས་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་བཏགས་ཀྱང་སོག་ཡུལ་དུ་དར་ཏེ་སོག་དར་ཞེས་འབོད་པ་རེད་སྙམ། འོན་ཀྱང་བོད་སོག་གཉིས་ཀྱི་ཁ་བཏགས་ཚོས་གཞིའི་ཐོག་ནས་དབྱེ་བ་བཟོས་ཏེ་སོག་དར་ནི་སྔོ་སངས་དང་། བོད་དར་ནི་དཀར་པོ་ཡིན་པ་བློ་ལྡན་སྐྱེ་བོ་ཀུན་གྱིས་གསལ་པོར་རྟོགས། ཡང་མཁས་པ་ལ་ལས་བོད་རིགས་ཀྱི་ཁ་བཏགས་དཀར་པོ་ཕུད། ད་དུང་ཁ་བཏགས་ཚོས་གཞི་སེར་པོ་དང་། སྔོན་པོ་སོགས་ཡོད་ལུགས་ཉ་ཉུང་མཉམ་བསྲེས་མང་དུ་གསུངས་ཤིང་། དོན་དུ་དཀར་པོ་དང་། སེར་པོ། དམར་གོ སྔོན་པོ། ལྗང་ཁུ་བཅས་ཡོད་པ་དེ་རིགས་དར་ཚོན་སྣ་ལྔ་ཞེས་ཆོས་ཕྱོགས་ཀྱི་བྱེད་སྒོར་བེད་སྤྱོད་པ་ལས་ཁ་བཏགས་ཀྱི་ཚབ་བྱས་ཏེ་དམངས་ཁྲོད་དུ་བེད་སྤྱོད་གཏོང་སྲོལ་རྩ་བ་ནས་མེད།   
གཉིས་པ། བོད་ཀྱི་ཁ་བཏགས་ངེས་པར་དུ་ཁ་དོག་དཀར་པོ་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན།   
           འདི་ནི་གཡུང་དྲུང་བོན་ལུགས་ཀྱི་ལྟ་བའི་སྣོད་བཅུད་འཇིག་རྟེན་ཆགས་ཚུལ་དང་འབྲེལ་བ་ཤིན་ཏུ་ཆེ། གནའ་རབས་ཀྱི་དཔེ་རྙིང་གྲགས་ཆེ་《རླངས་ཀྱི་པུ་ཏི་བསེ་ཏུ་》ལས། “འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ་”(ཤོག4)ཞེས་གསུངས། འདི་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་རིགས་དྲུག་གི་སེམས་ཅན་རྣམས་ཐོག་མ་སྒོ་ང་ཆེན་པོ་ཞིག་ལས་བྱུང་སྟེ། ཕྱིའི་སྒོ་ངའི་ཤུན་པགས་དཀར་པོ་ལ་ལྷ་བྲག་དཀར་པོ་ཆགས་པ་དང་། ནང་གི་སྒོང་ཆུ་དཀར་པོ་ལ་དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་དཀར་པོ་ལ་རིགས་དྲུག་སེམས་ཅན་ཆགས་པ་གསལ་པོར་བསྟན། དེར་བརྟེན་ཁ་བ་ཅན་གྱི་མི་རྣམས་ཀྱིས་ཁ་དོག་དཀར་པོར་དམིགས་བསལ་རྩ་ཆེ་བྱེད་པའི་རྒྱུམཚན་གསལ་པོར་མཁྱེན་ཐུབ། གཡུང་དྲུང་བོན་ལུགས་པའི་རྫོགས་ཆེན་གྱི་གཤེན་ཆེན་རྣམས་ཀྱིས་ཞྭ་དཀར་དཀར་དང་གོས་དཀར་དཀར་ཞེས་དབུ་ལ་ཞྭ་དཀར་པོ་དང་། ལུས་ལ་ན་བཟའ་དཀར་པོ་བཞེས་སྲོལ་དེ་ཁྱད་དུ་འཕྱགས་པ་རང་བཞིན་དུ་བརྩིས་ཤིང་། དེ་བཞིན་རང་རེའི་མེས་པོ་བཙན་པོ་ལ་སོགས་པ་དབུ་ལ་ལྭ་ཐོད་དཀར་པོ་(ལྭ་ཞེས་པ་ནི་ཁམས་ཁུལ་ནས་ཐོན་པའི་སྣམ་བུ་ཐེར་མ་དཀར་པོ་ཞིག་ཏུ་ཟེར)བཞེས་སྲོལ་ཡོད། ཕྱིས་སུའང་ཁ་བ་ཅན་གྱི་མི་རྣམས་ཀྱི་འཚོ་བའི་ནང་དུ་ཁ་དོག་དཀར་པོ་དེ་རྟེན་འབྲེལ་དང་དམ་གཙང་མཚོན་རྟགས་གལ་ཆེ་ཞིག་ཏུ་བརྩིས། དཔེར་ན། གྲོང་གསེབ་ཏུ་ཕྲུ་གུ་བུ་ཞིག་སྐྱེས་ན་རྟེན་འབྲེལ་མཚོན་ཆེད་ལྷ་བཙུགས་ཐོག་རྡོ་དཀར་གོང་ཞིག་བཞག་དགོས་པ་དང་། བག་མ་བསུ་བའི་སྐབས་སུའང་འཕྱིང་པ་དཀར་པོ་ཞིག་གཡོགས་སྲོལ་ཡོད།   
           དེ་བཞིན་བོད་རིགས་ཀྱི་དམངས་གཞས་ནང་དུ་ཁ་དོག་དཀར་པོ་ནི་ལྷད་མེད་དང་དམ་ཚིག་གཙང་བ་མཚོན་པར་བྱེད་པ་ནི། ཕུ་ཡི་གངས་རི་དཀར་པོ། །མདའ་ཡི་མཆོད་རྟེན་དཀར་བ། །དཀར་པོ་འདྲ་འདྲའི་དཀྱིལ་ནས། །ཁྱེད་ཀྱི་ཐུགས་སེམས་དཀར་བ། །ཞེས་དང་། ཡང་། ཁ་བཏགས་རིང་ནི་གང་ཡོང་། །དཀར་ཁ་གཙང་བ་དགའ་འདྲ། །གྲོགས་པོ་མང་ནི་གང་ཡོང་། །དམ་ཚིག་གཙང་བ་དགའ་འདྲ། །ཟེར་བ་སོགས་དཔེ་མཚོན་ཤིན་ཏུ་མང་། མདོར་ན། ཁ་དོག་དཀར་པོ་ནི་བོད་རིགས་ཀྱི་རིག་གནས་དང་། འཚོ་བ་ཕྱོགས་གང་སར་ཁྱབ་ཆེ་བ་མ་ཟད། རྟེན་འབྲེལ་དང་ལྷག་བསམ་རྣམ་པར་དག་པ་མཚོན་ཆེད་ཀྱི་ཁ་དོག་ཅིག་ཡིན།   
གསུམ་པ། ཁ་བཏགས་སམ་མཇལ་དར་འབུལ་ལུགས་སྐོར།   
           སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བ་དང་། གྲལ་རིམ་དང་རིམ་གྲས། གོ་གནས་སོགས་མི་དང་མིའི་བར་གྱི་འགལ་བ་སྣ་མང་རྙོག་འཛིང་ཅན་དུ་གྱུར་བ་དང་སྦྲགས་མཇལ་དར་འབུལ་ལུགས་ཐད་ལའང་དབྱེ་བ་འདྲ་མིན་སྣ་ཚོགས་བྱུང་བ་འདི་ལྟར་ཏེ།    
           l.བླ་མ་ལ་མཇལ་དར་ཇི་ལྟར་འབུལ་དགོས་པའི་སྐོར།   
           བོད་ནི་སངས་རྒྱས་ཆོས་ལུགས་དར་ཁྱབ་ཆེ་བ་དང་། ལོ་ངོ་སྟོང་ཕྲག་རིང་ཚོས་སྲིད་གཉིས་ལྡན་གྱི་ལམ་ལུགས་སུ་གནས་སྟབས་བླ་མ་ནི་དད་ལྡན་སྐྱེ་བོ་ཀུན་གྱི་མགོན་སྐྱབས་ལྟ་བུར་མངོན། དེར་བརྟེན་བླ་མ་ཆེ་འབྲིང་ཆུང་གསུམ་དང་། ལྷག་པར་དུ་བླ་མ་ཆེ་ཁག་ལ་མཇལ་དར་འབུལ་སྐབས་ཁྲི་ལྕོག་སྟེང་ངམ་ཕྱག་ཏུ་འབུལ་དགོས་པ་ལས་མགུལ་དུ་སྒྲོན་སྲོལ་རྩ་བ་ནས་མེད། གལ་སྲིད་ད་ལྟའང་གོམས་སྲོལ་དེ་རིགས་ལས་ལྡོག་སྟེ་དཔོན་རིགས་ཚེ་ཁག་གིས་བླ་མ་ཆེ་ཁག་དང་མཇལ་འཕྲད་གནང་སྟེ་ཕན་ཚུན་མཇལ་དར་འབུལ་སྐབས་ཐད་ཀར་བླ་མའི་མགུལ་དུ་སྒྲོན་ན་བཞད་གད་སློང་བའི་རྒྱུར་འགྲོ་ངེས་རེད།    
           2.དཔོན་རིགས་ཁག་ལ་མཇལ་དར་ཇི་ལྟར་འབུལ་དགོས་པའི་སྐོར།   
           བོད་ཀྱི་ད་ལྟའི་སྤྱི་ཚོགས་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་འཕོ་འགྱུར་བྱུང་བ་ཞིག་ཡིན་ཞིང་། སྤྱི་ཚོགས་རྙིང་པའི་ནང་དུ་གྲལ་རིམ་གྱི་དབྱེ་བ་མང་བས་དམའ་རིམ་གྱིས་མཐོ་རིམ་ལ་མཇལ་དར་འབུལ་སྐབས་གསོལ་ལྕོག་སྟེང་དུ་འབུལ་བའམ་ཕྱག་ཏུ་འབུལ་བ་ལས་མགུལ་དུ་སྒྲོན་སྲོལ་མེད། ལྷག་པར་དུ་འབངས་མི་སེར་གྱིས་དཔོན་རིགས་ཁག་ལ་མཇལ་དར་འབུལ་སྐབས་སྤྱིར་བཏང་གསོལ་ལྕོག་སྟེང་དུ་བཞག་དགོས་པ་ལས་ཕྱག་ཏུ་འབུལ་ནའང་མི་འགྲིག དེ་བཞིན་ད་ལྟའང་ལམ་ལུགས་རྙིང་པའི་ཤུགས་རྐྱེན་གཏིང་ཟབ་པས་འགོ་ཁྲིད་ཆེ་ཁག་ལ་མཇལ་དར་འབུལ་སྐབས་ཕྱག་ཏུ་འབུལ་བ་ལས་མགུལ་དུ་སྒྲོན་མི་ཆོག་པའི་སྲོལ་དེ་ཁྱབ་ཆེ་བར་མངོན།    
           3.གྲོགས་པོ་སྤུན་མཆེད་དབར་མཇལ་དར་ཇི་ལྟར་སྒྲོན་དགོས་པའི་སྐོར།   
           གོང་དུ་སྨོས་པ་ལྟར། ཁ་བཏགས་ནི་བོད་རིགས་ཀྱི་འཚོ་བའི་ནང་དུ་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བ་ཞིག་ཡིན་ལ། ཁ་བཏགས་འབུལ་སྟངས་ཐད་རིམ་གྲས་ཀྱི་དབྱེ་བའང་མངོན་གསལ་དོད་པོ་ཡོད། འོན་ཀྱང་གྲོགས་པོ་སྤུན་མཆེད་དང་དགའ་ཉེ་བློ་དཀར་གཙོ་བོ་རྒན་གཞོན་གྱི་ལ་རྒྱ་བཟུང་སྟེ་འབུལ་དགོས་ཤིང་། སྤྱིར་ན་གཞོན་པས་རྒན་པར་ཕྱག་ཏུ་འབུལ་དགོས་པ་དང་། རྒན་པས་གཞོན་པར་མགུལ་དུ་སྒྲོན་སྲོལ་ཡོད། བྱེ་བྲག་ཏུ་སྤུན་མཆེད་དང་དགའ་ཉེ་བློ་དཀར་རྒན་གཞོན་བར་ཕན་ཚུན་མགུལ་དུ་སྒྲོན་རེས་དང་ཕྱག་ཏུ་འབུལ་རེས་གང་བྱས་ཀྱང་མི་འགྲིགས་པ་ཅི་ཡང་མེད། འོན་ཀྱང་ཕྱོགས་ཐོན་སྐབས་མགུལ་དུ་སྒྲོན་དགོས་པ་དང་། ཕྱོགས་ནས་ཚུར་ཕེབས་སྐབས་འཚམ་དར་ཞེས་ཕྱག་ཏུ་འབུལ་དགོས། དེ་བཞིན་གཉེན་སྒྲིག་སྐབས་ངེས་པར་དུ་མཇལ་དར་མགུལ་དུ་སྒྲོན་དགོས་པ་ལས་ཕྱག་ཏུ་ཕུལ་ན་མི་འགྲིགས་པ་ཞིག་རེད།    
           4.གོང་ནས་དམའ་རིམ་ལ་མཇལ་དར་གཡོགས་ཚུལ་སྐོར།   
ཁ་བཏགས་ནི་བོད་ཀྱི་གནའ་སྲོལ་བཟང་པོ་ཞིག་ཡིན་ཡང་། དེར་གྲལ་རིམ་གྱི་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པས། རིམ་པ་གོང་མས་གཤམ་རིམ་ལ་ཁ་བཏགས་སྐེ་ལ་གཡོགས་པ་ལས་ལག་ཏུ་འབུལ་སྲོལ་མེད། དེའི་ཐད་ད་ལྟའང་བླ་མ་དང་དཔོན་རིགས་ཆེ་གྲས་ཀྱིས་གཤམ་འོག་གི་མི་སྣར་ཁ་བཏགས་སྐེ་ལ་གཡོགས་པ་ལས་ལག་ཏུ་འབུལ་ན་མི་འགྲིགས་ལྟ་བུར་མངོན།    
           5.གནའ་བོའི་ཡར་དར་དང་དེང་ཀྱི་མར་དར་སྐོར།   
           ཁ་བཏགས་འབུལ་ལུགས་ཐད་སྤྱིར་ན་དབྱེ་བ་མང་ཞིང་། འོན་ཀྱང་གནའ་བོའི་ལུགས་སུ་ཁ་བཏགས་འབུལ་སྐབས་ཡར་དར་ཞེས་མདུན་ནས་རྒྱབ་ཏུ་ཡར་སྒྲོན་དགོས་ཤིང་། གོམས་སྲོལ་དེ་རིགས་ད་ལྟའང་ནག་ཆུ་ས་ཁུལ་གྱི་བོན་ལུགས་པ་རྣམས་ཀྱི་ཁྲོད་དུ་ཁྱབ་གདལ་ཤུགས་ཆེ་བ་མ་ཟད། གཞིས་རྩེ་ས་ཁུལ་དུའང་ཁ་བཏགས་སྒྲོན་སྐབས་ཡར་དར་ཞེས་པའི་གོམས་སྲོལ་དེ་ད་བར་གནས་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད། དེ་ནས་ལོ་རྒྱུས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་ཕན་ཚུན་ཁ་བཏགས་སྒྲོན་པའི་གོམས་སྲོལ་དེ་ཤུགས་ཆེར་ཕྱིན་ཏེ་ཁ་བཏགས་མང་པོ་སྒྲོན་སྐབས་གནའ་བོའི་ཡར་དར་ཞེས་པའི་སྒྲོན་སྲོལ་དེ་ཧ་ཅང་སྟབས་མི་བདེ་བས་རིམ་བཞིན་དེང་ཀྱི་མར་དར་ཞེས་པའི་སྒྲོན་ལུགས་དེ་ད་ལྟ་བོད་ཀྱི་ཡུལ་སྡེ་མང་ཆེ་བར་གདལ་དུ་སོང་ཡོད།   
           མདོར་ན། བོད་ཀྱི་ཁ་བཏགས་དེ་ནི་བོད་རང་གི་གནའ་བོའི་ཡུལ་སྲོལ་བཟང་པོ་ཞིག་ཡིན་ལ། སྤྱི་ཚོགས་གོང་དུ་འཕེལ་བ་དང་སྦྲགས་ཐོག་མར་དཀར་རྟགས་དང་། དེ་ནས་རིམ་བཞིན་བལ་དར་དང་། ཟུབ་ཤེ། ཕྱེད་གཉིས། ཨ་འདྲ། ཨ་ཤེ། ནང་མཛོད་བཅས་ཁ་བཏགས་ཀྱི་རྣམ་གྲངས་མང་ཙམ་དར་བ་མ་ཟད། ཁ་བཏགས་སྒྲོན་སྟངས་ཀྱི་ཐད་ལའང་གོང་རིམ་ལ་འབུལ་བ་དང་། འདྲ་མཉམ་ལ་སྒྲོན་པའམ་འབུལ་བ། གཤམ་རིམ་ལ་གཡོགས་པ་སོགས་མཐོ་དམན་གྱི་དབྱེ་བ་མང་ཙམ་དབྱེ་སྲོལ་ཡོད། ད་ལྟ་བོད་རིགས་ཀྱི་འཚོ་བའི་ནང་ཁ་བཏགས་ནི་ལེགས་ཉེས་སྐྱིད་སྡུག་གི་བྱེད་སྒོའི་སྐབས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་བ་བཅས་སོ། ། 
 (《བོད་ལྗོངས་སློབ་ཆེན་རིག་དེབ་》2002ལོའི་དུས་དེབ་གཉིས་པའི་ཐོག་འཁོད།)