གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ལོ་ཆེན་བཻ་རོ་ཙ་ནའི་བྱུང་བ་དང་མཛད་པའི་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཙུན་ཐར་རྒྱལ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བའི་བོད་ཀྱི་ལོ་ཙཱ་བ་རྒན་གསུམ་ལས་ལོ་ཆེན་བཻ་རོ་ཙཱ་ནའི་འཁྲུངས་དུས་དང་སློབ་གཉེར་མཛད་པའི་ཚུལ་སོགས་ཀྱིས་གཙོས་པའི་སྐུ་ཚེའི་བྱུང་བ་དང་། བོད་དུ་རྫོགས་པ་ཆེན་པོའི་ཆོས་སྤེལ་བ་དང་དམ་ཆོས་བསྒྱུར་སྤེལ་གནང་པ་སོགས་ཁོང་གི་མཛད་པའི་སྐོར་ལ་རགས་ཙམ་དཔྱད་ཡོད། 
མིང་བརྡ་གཙོ་བོ།   བཻ་རོ་ཙ་ན། དམ་ཆོས། ལོ་ཙཱ།            
དང་བོ། ལོ་ཆེན་བཻ་རོ་ཙ་ནའི་བྱུང་བའི་སྐོར།
           གཅིག    འཁྲུངས་དུས་དང་འཁྲུངས་ཡུལ།   ཡབ་ཡུམ་བཅས་ཀྱི་སྐོར།
           ལོ་ཆེན་བཻ་རོ་ཙ་ན་ནི་དུས་རབས་བརྒྱད་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་འཁྲུངས་པ་ཡིན་ཞིང་། ཁོང་གི་རྣམ་ཐར་སྐོར་ལ་གཡུ་སྒྲ་སྙིང་བོ་སོགས་བུ་སློབ་བདུན་གྱིས་བསྒྲིགས་པའི《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བརྩམས་པའི《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》གཉིས་ཡོད་པ་མ་ཟད། 《པད་མ་བཀའ་ཐང》དང《གུ་བཀྲའི་ཆོས་འབྱུང》《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུའང་ཁོང་གི་སྐུ་ཚེའི་མཛད་པ་ཅུང་ཟད་རེ་བཀོད་ཡོད་པ་རེད།   
           《དུང་དཀར་ཚིག་མཛོད》དུ“འཁྲུངས་ལོ་དང་འདས་ལོ་ཞིབ་པར་མ་ཪྙེད་ཀྱང་སྤྱི་ལོ760ཡས་མས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པ་མཁས་པ་ཡོངས་སུ་གྲགས་པ་རྣམས་ཞལ་མཐུན”①པར་གསུངས་པ་དང་། 《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》དུ“གླང་ལོ་དབྱར་ཟླ་ར་བའི་ཚེས་བཅུའི་དུས༔”①ཞེས་གླང་ལོ་ལ་འཁྲུངས་པར་གསུངས་པ་གཉིས་ལ་གཞིགས་ན། སྤྱི་ལོ760ལས་གོང་དུ་དེད་པའི་གླང་ལོ་ནི་ས་གླང་སྟེ་སྤྱི་ལོ749ཡིན་པ་དང་དེ་ནི་བཻ་རོའི་འཁྲུངས་ལོ་ཡིན་པར་སྨྲས་ཚེ། ཁོང་ལས་རྒན་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྤྱི་ལོ742ལོར་འཁྲུངས་པ་ཡིན་པས། ཁོང་གཉིས་ཀྱི་བར་དུ་དགུང་གྲངས7ཙམ་ལས་ཁྱད་པར་མི་འདུག་པ་དང་རྒྱལ་བོས་སྐབས་དེར་ད་དུང་རྒྱལ་སྲིད་ཀྱང་འགན་དུ་བཞེས་མེད་པས་བཻ་རོ་ཙ་ན་སྤྱི་ལོ749ལོར་འཁྲུངས་པར་ཡིད་ཆེས་དཀའ་བ་རེད། མར་དེད་པའི་གླང་ལོ་ནི་ལྕགས་གླང་སྟེ་སྤྱི་ལོ761ཡིན་ཞིང་། ལོ་དེར་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུ་ལྷག་དང་ཁོང་གིས་རྒྱལ་སྲིད་ཀྱང་འགན་དུ་བཞེས་ནས་ལོ་དྲུག་ལྷག་འགོར་འདུག་པས《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལྟར་དུ།  “རྒྱལ་བློན་རྟ་པ་བདུན་ཙམ་གྱིས་བསྐོར་མགྱོགས་པ་རླུང་བཞིན་སྙེ་མོའི་ཡུལ་དུ་བཞུད”②པ་སྟེ་རྒྱལ་བོ་སྐུ་དངོས་སུ་ཕེབས་པ་དང་ཡང་དོན་ལ་མཐུན་ནོ། །  
           ཁོང་གི་འཁྲུངས་ཡུལ་ནི《པད་མ་བཀའ་ཐང》དུ། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡི༔གནས་གཞི་ཞིག་གི་བྲང་ཁང་དམིག་གུ་ན༔③ཞེས་བཀོད་ཡོད་པས། བཻ་རོ་ཙ་ནའི་འཁྲུངས་ཡུལ་ནི་གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡིན་པ་ཤེས་ཐུབ་ཅིང་། 《དུང་དཀར་ཚིག་མཛོད》དུ་གཙང་གི་སྙེ་མོ་བྱེ་མཁར་ནི་ད་ལྟ་སྙེ་མོ་རྫོང་ཟངས་རི་ཆུས་ཡིན་པར་ངོས་འཛིན་གནང་འདུག་པས། ལོ་ཆེན་བཻ་རོ་ཙ་ནའི་འཁྲུངས་ཡུལ་ནི་ད་ལྟའི་སྙེ་མོ་རྫོང་ཡིན་པར་ངོས་འཛིན་བྱས་ཆོག 
           ཡིག་ཆ་མང་བོའི་ནང་དུ་ཁོང་གི་ཆུང་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ཟེར་ལ། མཚན་དུ་བཻ་རོ་ཙ་ན་ཇི་ལྟར་ཐོགས་པའི་སྐོར་གསལ་བོར་མི་སྣང་ཡང་། རྗེས་སུ་བསམ་ཡས་སུ་གདན་དྲངས་ནས་མཁན་སློབ་གཉིས་ལས་ལོ་ཙཱ་བསླབས་ཤིང་ཆོས་བསྒྱུར་ལ“དེའི་ཚེ་བེ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་ཏེ་བཻ་རོ་ཙ་ནར་མིང་བཏགས”④པ་ཡིན་པར་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་འདུག་ཅིང་། གང་ལྟར་ཁོང་ཉིད་ལོ་ཙཱར་མཁས་པར་གྱུར་བ་དང་ཆོས་མང་དུ་བསྒྱུར་བས་ཆེ་བསྟོད་ཀྱི་ཚུལ་དུ་བཻ་རོ་ཙ་ན་སྟེ་རྣམ་པར་སྣང་མཛད་ཅེས་པར་བཏགས་པར་ངེས། 
           སྔོན་གྱི་ལོ་རྒྱུས་དང་ཆོས་འབྱུང་རྣམས་སུ་རྟག་པར་པ་གོར་བཻ་རོ་ཙ་ན་ཞེས་འབྱུང་ལ། གོང་དུ་སྨྲས་ཟིན་པ་སྟེ་བཻ་རོ་ཙ་ན་ནི་ཁོང་གི་མཚན་ཡིན་པས། པ་གོར་ནི་ཐོན་མི་སམ་བྷོ་ཊ་ཞེས་པའི་ཐོན་མི་བཞིན་དུ་ཁོང་གི་རིགས་རུས་ཡིན་ངེས། ཡབ་ཡུམ་གཉིས་ཀྱི་མཚན་གྱི་སྐོར་ལ། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན“ཕ་ནི་པ་གོར་ཧེ་འདོད་དང་། མ་ནི་བྲན་ཟ་དཀར་སྐྱིད་གཉིས་ཀྱི་བུ”①གན་ཇག་ཐང་ཏ་ཡིན་པར་བྲིས་འདུག་པ་ལས་བཻ་རོའི་ཡབ་ཀྱི་མཚན་ནི་པ་གོར་ཧེ་འདོད་དང་ཡུམ་གྱི་མཚན་ལ་བྲན་ཟ་དཀར་སྐྱིད་ཡིན་པ་གསལ་བོར་རྟོགས་ཐུབ།   
           ལོ་ཆེན་ཁོང་གི་ཡུམ་གྱི་མཚན་བྲམ་ཟ་དཀར་སྐྱིད་ཡིན་པ་ལ་མཁས་པ་ཕལ་ཆེ་བ་ཞལ་མཐུན། འོན་ཀྱང་ཁོང་གི་ཡབ་སུ་ཡིན་པའི་སྐོར་ལ《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན་སློབ་དཔོན་པདྨའི་བཻ་རོའི་སྐོར་གྱི་ལུང་བསྟན་བྲིས་པའི་སྐབས་སུ་ཡབ་ནི་པ་གོར་ཧེ་འདོད་དང་ཡུམ་ནི་བྲན་ཟ་དཀར་སྐྱིད་ཡིན་པར་གསལ་བོར་བཀོད་ཡོད་པ་དང་། དེའི་འགབ་ཀྱི་བཻ་རོའི་དཀའ་བ་དང་བོའི་སྐབས་སུ།  “ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ། ས་ཆེན་པོ་ཅུང་འབུར་བ་ཕ་རྒན་ཆག་རྡེ་རྗེ་རྒྱལ་དང་། མ་སྲིང་བཟའ་སྒྲོན་སྐྱིད་ཞེས་བྱ་བ་གཉིས་ཀྱི་བུ”②བཻ་རོ་ཙ་ན་ཡིན་པར་ངོས་འཛིན་གནང་བ་དང་དཀའ་བ་གཉིས་པའི་སྐབས་སུ“དུས་དེ་ཙ་ན་ཨ་ཁུ་ཧེ་འདོད་སྐད་པ་དེས། འདུན་པ་ཆེན་པོས་རྒྱལ་བོ་སྤྱན་དྲངས་ཏེ”③བཻ་རོ་ཙ་ན་རྒྱ་གར་དུ་མི་མངག་པར་ཞུ་བ་བྱས་པ་དང་དེའི་རྗེས་ན“ཨ་ཁུ་ཧེ་འདོད་ཀྱིས་ཚ་བོ་ལ་ཁྱོད་མ་འགྲོ་ཤི་འོངས་པས་ཆུང་མ་ལོངས་ལ་ངེད་ཚོའི་དཔོན་གྱིས”④ཞེས་བཀོད་འདུག་ཅིང་དེ་གཉིས་གཞིར་བྱས་ན་ཡབ་ནི་རྒན་ཆག་རྡེ་རྗེ་རྒྱལ་ཡིན་པ་ལས་པ་གོར་ཧེ་འདོད་ནི་མ་ཡིན་པར་དེ་ནི་བཻ་རོའི་ཨ་ཁུ་ཡིན་པ་རེད། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ཁོ་ན་རུ་འདི་ལྟ་བུའི་དོགས་གནད་འདུག་པ་ལས་ལོ་རྒྱུས་བྱིངས་ནི་ཞལ་མཐུན་པར་སྣང་ལ་རྣམ་ཐར་དེ་ཉིད་ལས་ཀྱང་སྔོན་དུ་ཡབ་ནི་པ་གོར་ཧེ་འདོད་ཡིན་པར་གསུངས་པ་དང་རྗེས་སུ་དེ་ཉིད་ཡབ་མ་ཡིན་པར་ཨ་ཁུ་ཡིན་པའི་སྔ་ཕྱི་འགལ་འདུག  དེ་ཡང་རྣམ་ཐར་དེ་ཉིད་ལ་མ་དཔེ་པོད་དྲུག་ཙམ་འདུག་པ་དང་དེ་དག་གཏེར་ནས་བཏོན་པ་དང་བཀའ་བབས་ནས་བསྒྲིགས་པ། དམངས་ཁྲོད་དུ་འཁྱར་བ་སོགས་ཀྱི་བཤད་ཚུལ་མང་བས་རྣམ་ཐར་འདི་ཉིད་ལ་མ་དག་པ་དང་ནང་འགལ་གྱི་ལྷད་སྐྱོན་རེ་གཉིས་ཞུགས་ཡོད་པར་ངེས་པས་རེད། དེ་བས་ན་ཁོང་གི་ཡབ་ནི་པ་གོར་ཧེ་འདོད་ལས་རྒན་ཆག་རྡེ་རྗེ་རྒྱལ་མིན་པར་སྙམ། 
           གཉིས།  བསམ་ཡས་སུ་གདན་དྲངས་པའི་སྐོར།   
           བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བ་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་། ལྷག་པར་དམ་ཆོས་སྤེལ་བའི་ཕྱོགས་སུ་ཁོང་ལ་བླ་ན་མེད་པའི་མཛད་རྗེས་ཡོད་པ་རེད། བོད་དུ་ལོ་ཙཱའི་སྡེ་བཙུགས་ནས་དམ་ཆོས་རྒྱ་ཆེར་སྤེལ་བའི་ཆེད་དུ་ཁོང་གིས་བོད་ཕྲུག་བློ་རྣོ་བ་མང་བོ་བསྡུས་ཏེ་སློབ་དཔོན་རྣམ་གཉིས་ལས་སཾ་སྐྲྀ་ཏའི་སྐད་བསླབས་ཀྱང་ངག་ནས་ཡང་དག་པར་མ་འཁྲོལ་བས་རྒྱལ་བོ་ཡིད་མུག་པར་གྱུར། དེ་ནས་ཁོང་སྐུ་དངོས་སུ་ས་ཆ་སོ་སོར་ཕྱིན་ནས་རྣམ་དཔྱོད་དང་ཤེས་རབ་ལྡན་པའི་བོད་ཕྲུག་ཕོ་ལུས་ཐོབ་པ་བརྒྱ་རྩ་བརྒྱད་ལ་དཔྱད་པ་ཞིབ་མོ་བཏང་མཐར་གཅིག་ཏུ་བསྡུས་ནས་ལོ་ཙཱ་བསླབས་པའི་གྲས་སུ་བཻ་རོ་ཙ་ན་ཚུད་པ་རེད།     
           རྒྱལ་བོ་སྐུ་དངོས་སུ་གཙང་སྙེ་མོ་བྱེ་མཁར་དུ་ཕེབས་ནས། ལོ་ན་ཕྲ་བའི་གན་ཇག་ཐང་ཏ་དང་གཏམ་གླེང་བགྱིས་པས་བྱིས་པ་འདི་ཉིད་གཞན་ལས་ལྷག་པའི་རྣམ་དཔྱོད་ལྡན་པ་མཁྱེན་ཅིང་། དགུང་ལོ་བརྒྱད་ལས་མེད་ཀྱང་ཕ་མ་གཉིས་ལ་བསླངས་ནས། བསམ་ཡས་སུ་གདན་དྲངས་པ་མ་ཟད། དགུང་ལོ་བཅོ་ལྔའི་བར་དུ་སློབ་དཔོན་པདྨ་འབྱུང་གནས་དང་མཁན་པོ་ཞི་བ་འཚོ་གཉིས་ལས་ལེགས་སྦྱར་སྐད་ལ་མཁས་པར་སྦྱངས་ལ། ཕྱིས་སུ་སློབ་དཔོན་པདྨས་ཆོས་གསུངས་པ་བཻ་རོས་ལེགས་པར་བསྒྱུར་བས་རྒྱལ་བོ་ཐུགས་དགྱེས་པར་གྱུར། དུས་དེ་ནས་བཟུང་ཁོང་ཡིག་བསྒྱུར་གྱི་ལས་སུ་ཐོག་མར་ཞུགས་ཤིང་། བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་རྫེས་ཁྲུས་ཁང་གླིང་དུ་མཁན་པོ་ལས་རབ་ཏུ་བྱུང་ནས་སད་མི་བདུན་གྱི་ནང་ཚན་དུ་གྱུར་ཏེ། མཚན་ལ་ཡེ་ཤེས་སྡེ་རུ་གསོལ་བ་དང་ཕྱིས་སུ་རྗེ་འབངས་ཉེར་ལྔའི་གྲས་སུ་ཚུད། 
           གསུམ།  རྒྱ་གར་དུ་ཕྱིན་ནས་ཆོས་བསླབས་པའི་སྐོར།   
           དགུང་ལོ་བཅོ་ལྔ་སོན་པའི་སྐབས་སུ། རྒྱལ་བོས“རྒྱུ་འབྲས་ཀྱི་ཆོས་བོད་དུ་རྫོགས་ཀྱང་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་རྒྱ་གར་ན་ཡོད་འདུག་པས་ཚོལ་དུ་གཏོང་དགོས་ཞེས་གྲོས་བགྲོས་པར”①བཻ་རོ་ཚ་ན་ཚོགས་པའི་གསེབ་ནས་ལངས་ཏེ། ང་འགྲོ་ཞེས་ཁས་བླངས་པ་ལ་གཙང་ལེགས་གྲུབ་ཀྱིས་གྲོགས་བགྱི་བར་ཁས་བླངས་ཤིང་། གསེར་མི་ཉུང་བ་བསྣམས་ནས་རྒྱ་གར་དུ་ཕེབས། སློབ་དཔོན་རྣམ་གཉིས་བོད་དུ་བཞུགས་བཞིན་དུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་རྒྱུ་མཚན་ཅི་ཡིན་པ་ནི། ཀོང་དུ་བཀོད་པའི་སྡེ་སྲིད་ཀྱི་དགོངས་པ་ལ་གཞིགས་ན་སློབ་དཔོན་རྣམ་གཉིས་ཀྱིས་བོད་དུ་རྩོལ་མེད་ཨ་ཏི་ཡོ་གའི་ཆོས་བོད་དུ་མ་སྤེལ་བ་དང་། རྒྱལ་བོས་ཆོས་དེ་འདྲ་ཞིག་རྒྱ་གར་ན་ཡོད་པ་རྟོགས་སོང་བས་ཁོང་གཉིས་རྒྱ་གར་དུ་མངགས་པ་ཡིན་པ་རྟོགས་ནུས།   
           ཁོང་གཉིས་ཀྱིས་ལམ་བར་དུ་དོ་ཤི་དོ་ཆད་ཐེངས་མང་བོ་དང་སྲོག་ཉེན་ལ་ཐུག་པའི་དཀའ་བ་ཐེངས་བཅུ་དྲུག་སྤྱད་མཐར་རྒྱ་གར་དུ་སླེབས། རྒྱ་གར་ནས་སློབ་དཔོན་ཤྲི་སཱིདྷ་གཙོར་བྱས་པའི་པཎ་ཆེན་ཉེར་ལྔ་བསྟེན་ནས་ཆོས་མང་དུ་ཞུས་ཤིང་། ལྷག་པར་དུ་ཤྲི་སཱིདྷ་ལས་ཀུན་ལ་མ་བསྒྲགས་པར་རྡོ་རྗེ་གདན་དུ་རྒྱ་རིམ་པ་གསུམ་དུ་བྱས་ནས་སྦས་པའི་རྫོགས་པ་ཆེན་པོའི་ཆོས་ནམ་གུང་ལ་ལྐོག་དུ་གདན་དྲངས་ནས་དབང་དང་མན་ངག་ཡོངས་སུ་ཞུས། མཐར་རྒྱལ་བོའི་ངོ་སོ་ཐོབ་པའི་ཆེད་དུ་གཙང་ལེགས་གྲུབ་སྔོན་དུ་བོད་ལ་སོང་ཡང་དགུང་ལོ་ཞེ་བཞི་ལ་ལམ་ནས་བཀྲོངས་པ་ནི་གོང་གི་རྣམ་ཐར་དེ་དག་ཏུ་གསལ།   
           འོན་ཀྱང་བཻ་རོ་ལ་ཆོས་དེ་ཙམ་གྱིས་ཐུགས་མ་ཚིམ་པར་རང་ཉིད་ཁོ་ན་རྒྱ་གར་དུ་བསྡད་ཅིང་། སློབ་དཔོན་ལ་ན་བ་བཞི་དང་བརྡུགས་པ་བཅུ་ཡི་མགུར་གསུངས་ནས་ཆོས་སྣ་ཚོགས་ཞུས་ཤིང་མཐར་སློབ་དཔོན་གྱིས་བསྟན་པ་ཡོངས་སུ་གཏད་པ་དང་། རྒྱ་གར་བས་ཟབ་ཆོས་བསླབས་ནས་བོད་དུ་ཁྱེར་བ་ཤེས་ན་སྲོག་ཉེན་ཡོང་བར་དོགས་ནས་འཕྲང་དཔོན་ཀུ་མཱ་ལ་གསེར་བྱིན་ཅིང་གྲོགས་བསྒྲིགས་ནས་རྐང་མགྱོགས་བསླབས་མཐར་མྱུར་དུ་བོད་ལ་སླེབས་པར་གྲགས།   
           རྒྱ་གར་ནས་ལོ་ག་ཙམ་ལ་བཞུགས་པའི་སྐོར་ལ《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན་བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་མ་ལོན་བར། ། འགྲོ་བ་མི་དོན་ཕྱིར་ན་རྒྱ་གར་ཡུལ་དུ་འགྲིམས། ། ①ཞེས་པ་ལྟར་དུ་བྲིས་འདུག  དེ་ལྟར་ཡིན་ཚེ་ཁོང་ཕྱིར་བོད་དུ་འབྱོར་དུས་སྤྱི་ལོ817ཙམ་ལ་སླེབས་འདུག་ཅིང་ཁྲི་སྲོང་ལྡེ་བཙན་སྔ་མོ་ནས་གཤེགས་ཟིན་པས་དོན་ལ་མི་གནས། ལ་ལས་འདི་ནི་བགྲོད་པ་རེ་ལོ་རེ་ལ་བརྩི་བའི་ཕྱེད་ལོའི་བརྩི་སྟངས་ཡིན་པར་བཤད་ཀྱང་དེ་ལ་ཡང་ཡིད་ཆེས་དཀའ་སྟེ། དེ་ལྟར་ཡིན་ཚེ་དགུང་ལོ་བཅོ་ལྔའི་སྟེང་རྒྱ་གར་དུ་ཕེབས་པ་ནི་དོན་ལ་དགུང་ལོ་བདུན་ལྷག་ཡིན་པས། དེ་འདྲའི་བྱིས་པ་ཞིག་དཔའ་ཁས་ལེན་གྱིས་དཀའ་བ་སྣ་ཚོགས་བརྒྱུད་ནས་རྒྱ་གར་དུ་སླེབས་ཐུབ་པར་ཡིད་ཆེས་དཀའ་བ་སྟེ། སློབ་དཔོན་ཐོན་མི་ཡང་དགུང་ལོ་བཅོ་ལྔའི་སྟེང་དུ་ད་གཟོད་རྒྱ་གར་དུ་ཕེབས་པ་རེད།    
གཉིས་པ།  བཻ་རོ་ཙ་ན་བོད་དུ་ལོག་ནས་ཐུན་མིན་གྱི་མཛད་པ་བསྐྱངས་པའི་སྐོར།
           གཅིག  རྫོགས་པ་ཆེན་པོའི་ཆོས་བོད་དུ་སྤེལ་ཞིང་མདོ་ཁམས་ཕྱོགས་སུ་དམ་པའི་ཆོས་སྤེལ་བ།
           རྙིང་མ་བའི་ཆོས་ཀྱི་སྙིང་བོར་གྱུར་བ་ཟབ་མོ་རྫོགས་པ་ཆེན་མོའམ་ཨ་ཏི་ཡོ་གའི་ཆོས་འདི་བོད་དུ་སྤེལ་བའི་ཆེད་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཻ་རོ་ཙ་ན་རྒྱ་གར་དུ་མངགས། བསྟན་པའི་ཉིང་ཁུ་གསང་སྔགས་ནི་སྣོད་ལྡན་གྱི་གདུལ་བ་ཁོ་ནར་མ་གཏོགས་གདུལ་བ་གང་རུང་ལ་ཁྲོམ་བསྒྲགས་སུ་གཏན་ནས་བྱ་མི་རུང་བ་སོགས་རྒྱུ་རྐྱེན་མང་བོའི་དབང་གིས་སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་བོད་དུ་བཞུགས་ཀྱང་བོད་ལ་རྫོགས་ཆེན་གྱི་ཆོས་འདི་ཉིད་མ་སྤེལ་བར་སྣང་བས། རྒྱལ་བོས་བོད་མི་བློ་རྣོ་ལ་སྙིང་རུས་ཆེ་བ་ཞིག་རྒྱ་གར་དུ་མངགས། ཁོང་གིས་རྒྱ་གར་ནས་སློབ་དཔོན་མང་་བོ་བསྟེན་ནས་རྩོལ་མེད་ཨ་ཏིའི་ཆོས་ལེགས་པར་བསླབས་མཐར་ཕྱིར་བོད་དུ་ལོག་ནས་དབུས་སུ་གཙོ་བོ་རྒྱལ་བོ་ལ་ནུབ་ཀྱི་དུས་གཞན་ལ་མ་ཚོར་བའི་ཚུལ་གྱིས་སྤེལ་ལ། རྗེས་སུ་རྒྱལ་རོང་དུ་ཕེབས་ནས་གདུལ་བྱ་སྣོད་ལྡན་དག་ལ་གནང་བས། རྫོགས་ཆེན་དར་བའི་ཡུལ་ནི་མདོ་སྨད་ཡིན་པར་གྲགས་པ་དོན་ལ་གནས།   
           རྫོགས་པ་ཆེན་པོའི་ཆོས་ནི་སེམས་སྡེ་དང་ཀློང་སྡེ་མན་ངག་གི་སྡེ་གསུམ་དུ་དབྱེ་ཡོད་ཅིང་། “སེམས་སྡེ་མ་བུ་བཅོ་བརྒྱད་ལས་ལྔ་བཻ་རོ་ཙ་ན་དང་། བཅུ་གསུམ་བི་མ་ལས་བྱུང་། ཀློང་སྡེ་ཡང་བི་མ་ལས་བྱུང་ཞིང་། མན་ངག་གི་སྡེ་ལ་སྙིང་ཏིག་ཅེས་གྲགས་ཏེ་བཻ་རོ་ཉིད་ལས་བྱུང་བའོ། ”①སེམས་ཕྱོགས་སུ་གྲགས་པའི་རྫོགས་པ་ཆེན་པོའི་ཆོས་ནི་གཉགས་ཛྙཱ་ན་ཀུ་མ་རས་བཻ་རོ་དང་བཻ་རོའི་སློབ་མ་གཡུ་སྒྲ་སྙིང་བོ་གཉིས་བླ་མར་བསྟེན་ནས་བསླབས་པས་རིམ་པར་བརྒྱུད་པ་མ་ཟད། བཻ་རོའི་དངོས་སློབ་སྤམ་སངས་རྒྱས་མགོན་པོ་ནས་བརྒྱུད་པ་དང་ཇོ་མོ་སྒྲེ་མོ་དང་མར་བ་ཤེས་རབ་འོད་སོགས་ལ་བརྒྱུད་པའང་ཡོད་དོ། ། རྫོགས་ཆེན་གྱི་བསྟན་བཅོས་གཙོ་གྲས《རིག་པའི་ཁུ་བྱུག》ཡང་བཻ་རོ་ཙ་ནས་ཕབ་བསྒྱུར་བྱས་པར་གྲགས།     
           དེ་བས་བོད་ཀྱི་ཡུལ་འདིར་ཟབ་མོ་རྫོགས་ཆེན་གྱི་ཆོས་དར་བར་གྱུར་བ་ནི་ལོ་ཆེན་བཻ་རོ་ཙ་ནའི་བླ་མེད་ཀྱི་སྐུ་དྲིན་དང་ཁ་འབྲལ་ཐབས་མེད་པས། ཁོང་ནི་བོད་ལ་ནང་བསྟན་དང་ལྷག་པར་དུ་རྙིང་མའི་རྫོགས་ཆེན་གྱི་ཆོས་དར་ཞིང་རྒྱས་པར་གྱུར་བའི་ཕྱོགས་ན་རླབས་ཆེ་བའི་མཛད་རྗེས་ཡོད་པ་རེད།   
           བཻ་རོ་ཙ་ན་ཕྱིར་བོད་དུ་ལོག་ནས་རྒྱལ་བློན་རྣམས་ལ་དམ་ཆོས་སྤེལ་ནའང་། མ་འགྱངས་པར་འགལ་རྐྱེན་ལ་འཕྲད་པ་སྟེ། ཏ་ར་ཀླུ་གོང་གིས་གཙོས་པའི་བློན་པོ་རྣམས་ཀྱིས་དགྲོང་དགོས་པར་སྨྲས་ཀྱང་རྒྱལ་བོས་མཐར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པར་ཐག་བཅད། ཁོང་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་ལ་རྒྱུ་མཚན་འགའ་ཡོད་པར་འདོད་དེ།  དང་བོ་ནི། རྒྱ་གར་བས་ཕྲ་མ་བྱས་པ། རྒྱ་གར་བ་རྣམས་བཻ་རོས་ཟབ་ཆོས་བོད་དུ་ཁྱེར་བ་ལ་བློ་མ་བདེ་བར་བོད་དུ་མི་བཏང་ནས། བཻ་རོས་བོད་དུ་ཁྱེར་བ་ནི་ཟབ་ཆོས་མ་ཡིན་པར་ཁྲོ་ཆུ་ཕྲ་མེན་སོགས་བོད་ཕུང་བར་བྱེད་པའི་ལོག་ཆོས་དང་ངན་སྔགས་ཡིན་ཞེས་བོད་དུ་སྙན་ཕྲ་བཅུག་པ། གཉིས་པ་ནི། བོད་བློན་རྣམས་ཀྱིས་ཕྲག་དོག་བྱས་པ། ཁྲི་སྲོང་ལྡེ་བཙན་ལ་ཆོས་གསུངས་པས་བཻ་རོའི་མཚན་ལ“མན་ངག་བདག་པོ་ལྷའི་རྗེ་ཞེས་བྱ་བར་གྲགས”①པ་དང་རྒྱལ་བོའི་ཡང་རྒྱལ་བོ་ཡིན་པར་འདུག་ཅེས་བློན་པོ་རྣམས་ཀྱིས་རྒྱལ་བོས་དད་གུས་བྱས་པ་ལ་ཕྲག་དོག་བྱས་པས། བློན་གྱིས་ངན་སེམས་བཅངས། གསུམ་པ་ནི། བན་བོན་གྱི་འགལ་བ། ཁྲི་སྲོང་ལྡེ་བཙན་གྱི་དུས་ནི་བོད་ཀྱི་ལོ་རྒྱུས་ལས་བན་བོན་གྱི་འགལ་བ་ཆེས་ཆེ་བའི་དུས་ཤིག་ཡིན་པ་དང་བན་བོན་གྱི་ཆོས་རྩོད་བྱས་པ་དང་མཐར་བོན་ཆོས་བསྣུབས་པའི་ལས་ཀྱང་བགྱིས། བཻ་རོས་ནང་ཆོས་སྤེལ་བས་བོན་ཆོས་ལ་དགའ་བའི་བློན་པོ་ལི་སྟག་ཆེན་པོ་དང་ལི་ཐི་ཁྲ་མི་སོགས་མ་དགའ་བས་ཁོང་ལ་འགལ་རྐྱེན་བཟོས། བོན་ལ་དགའ་ཞིང་ཆོས་ལ་མི་མོས་པས༔ཕྲ་མ་བྱས་ཏེ་ང་ཉིད་མཐའ་ལ་སྤྱུགས༔②ཞེས་པ་ལྟ་བུ་ལས་ཁོང་ལ་བན་བོན་གྱི་འགལ་བས་གནོད་པ་བྱས་པ་རྟོགས་ཐུབ། བཞི་བ་ནི། རྒྱལ་བོའི་ཆེན་མ་ཚེ་སྤོང་བཟའ་དམར་རྒྱན་དང་འགལ་བ། བཙུན་མོ་འདི་ནི་ང་རྒྱལ་དང་གདུག་རྩུབ་ཆེ་བ་ཞིག་སྟེ། རང་གི་བུ་མུ་ནེ་བཙན་པོ་ལ་ཡང་གསོལ་ངན་དྲངས་ནས་བཀྲོངས་པ་བོད་ཀྱི་ལོ་རྒྱུས་དག་ན་གསལ། བཻ་རོ་ཙ་ན་སྐྱེས་འབྲས་མཚར་བས་མོ་རང་ཁོང་ལ་ཆགས་ཀྱང་ཁ་ཡ་མ་བྱས་པས་ངན་སེམས་བཅངས་ལ་འགལ་རྐྱེན་བཟོས། འདིའི་སྐོར་ནི《བཀའ་ཐང་སྡེ་ལྔ》ན་ཞིབ་པར་བཀོད་ཡོད་པ་མ་ཟད། 《པདྨ་བཀའ་ཐང》དུ། བཻ་རོ་ཙ་ན་ནན་ཏར་མཚར་དྲགས་པས༔ཇོ་མོས་དུས་བཏབ་སློབ་དཔོན་མ་བྱོན་ནས༔དེ་ཡི་སྙིང་ནོ་བས་པ་ཡིན་ནོ་སྐད༔③ཅེས་པས་གསལ།  དེ་ལྟར་དུ་རྒྱལ་བོས་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པར་ཐག་བཅད་པ་དང་། ས་དེར་འབྱོར་མ་ཐག་གནས་དེའི་མི་རྣམས་ཀྱིས་ཁོང་ནི་བོད་ཀྱི་རྟོག་ཅན་པ་ཡིན་པར་འདོད་ནས། སྦལ་དོང་དང་ཤིག་དོང་སོགས་སུ་བཅུག་ནས་མནར་གཅོད་བྱས་ཀྱང་གནོད་པ་ཅི་ཡང་མ་ཐེབས་པས། གོང་དུ་བཀུར་བ་དང་རྒྱལ་མོ་ཚ་བ་རོང་གི་རྒྱལ་བོ་གྲུའམ་མདོ་གཞེར་ནག་པོས་བླ་མར་བསྟེན་ནས་ཆོས་མང་དུ་གསུངས་པ་དང་། ཡུལ་མི་ཐམས་ཅད་ཀྱིས་ཀྱང་དད་མོས་ཆེན་པོ་བྱས་པས་མདོ་སྔགས་ཀྱི་ཆོས་མང་དུ་སྤེལ།   
           གཡུ་སྒྲ་སྙིང་བོ་ལ་ཆོས་མང་དུ་གསུངས་པ་མ་ཟད། དེ་ཉིད་གཙོས་པའི་རབ་བྱུང་བ300ལྷག་དང་། བདུད་འདུལ་རྡོ་རྗེས་གཙོས་པའི་སྔགས་པའི་སྡེ725བྱུང་བ《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ན་གསལ་བ་དང་། སྤམ་སངས་རྒྱས་མགོན་པོ་དང་རྒྱ་བློ་གྲོས་གཞོན་ནུ། སྦས་རྡོ་རྗེ་རྒྱལ་མཚན་སོགས་བུ་སློབ་མང་དུ་བསྐྱངས་ཤིང་། མཐར་གཙུག་ལག་ཁང་ཡང་བཞེངས་པ་སྟེ། “རབ་བྱུང་བཞུགས་ཁང་ནོར་བུའི་གླིང་ཞེས་གསོལ༔སྔགས་པའི་སྒྲུབ་ཁང་གཤེན་རྗེ་སྒྲུབ་པ་ཡི༔ཁྲོ་ཆུ་བདུད་འདུལ་བདེ་ཆེན་གླིང་ཞེས་བཏགས༔”①  
           དེ་བཞིན་དུ་མདོ་ཁམས་ཡུལ་གྲུ་མང་བོར་ཕེབས་ནས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པས། ད་ལྟ་ཡུལ་དེ་དག་ཏུ་བཻ་རོའི་སྒྲུབ་ཕུག་དང་གཡུ་སྒྲ་ཕུག   སྟེང་རུ་བྲག་ཕུག  བཻ་རོའི་འོད་གསལ་ཕུག་སོགས་སྒྲུབ་ཕུག་མང་བོ་ཡོད་པ་མ་ཟད། ས་ཆ་ལ་ལར་བཻ་རོའི་ཞབས་རྗེས་སུ་གྲགས་པ་ཡང་ཡོད་པས། འདི་དག་གིས་ལོ་ཆེན་ཁོང་ཉིད་གནས་དེ་དག་ཏུ་ཕེབས་ནས་དམ་ཆོས་སྤེལ་བ་མཚོན་ནུས།   
           ཕྱིས་སུ་བོད་རྒྱལ་སད་ན་ལེགས་འཇང་ཡོན་གྱི་དུས་སུ། རྒྱལ་བློན་རྣམས་བགྲོས་ནས་བཻ་རོ་ཙ་ན་བོད་དུ་གདན་དྲངས་ཏེ། བསམ་ཡས་སྒྲ་བསྒྱུར་གླིང་ནས་ལོ་པན་རྣམས་དང་ལྷན་དུ་རྒྱུད་སྡེ་མན་ངག་གི་ཆོས་དུ་མ་བསྒྱུར་བ་དང་། རྗེས་སུ་ཕྱིར་རྒྱལ་མོ་ཚ་བ་རོང་དུ་ཐེངས་གཅིག་ཕེབས་པ་རེད། བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་ལོ་ག་ཚོད་བཞུགས་པ་ལ་གཅིག་གྱུར་གྱི་བཤད་ཚུལ་ཞིག་མ་མཐོང་ངོ་། ། 
           གཉིས། མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར་བ་དང་ལོ་ཙཱ་བ་མང་དུ་བསྐྱངས་པའི་ཚུལ།   
           བཻ་རོ་ཙ་ན་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཆེན་དང་ལོ་ཙཱ་བ་རྒན་གསུམ་གྱི་གྲས་ཡིན་ལ། 《གུ་བཀྲའི་ཆོས་འབྱུང》དུ། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ། བསིལ་ལྡན་མྱུ་གུ་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད་①ཅེས་ལོ་ཆེན་ཁོང་ལ་ཚད་མཐོའི་གདེང་འཇོག་གནང་འདུག  
           ཁོང་ནི་རྒྱ་བོད་ཡིག་རིགས་གཉིས་དང་རྒྱ་ནག་གི་ཡི་གེ ཞང་ཞུང་གི་ཡི་གེ་སོགས་ལ་མཁས་པས། མདོ་སྔགས་དང་བོན་ཆོས། སྨན་དང་རྩིས་སོགས་མང་དུ་བསྒྱུར་ཡོད། མཚན་ལ་མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་དང་། སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་དང་། བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་དང་། རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་དང་སྨན་བསྒྱུར་ནང་དུ་ཆོས་འབར་ཞེས་སུ་བཀོད་ཡོད།   
           ཁོང་གི་བརྩམས་པའི་བསྟན་བཅོས་ཀྱང་འགའ་ཤས་ཡོད་ལ་དེ་དག་གི་གྲས་སུ་བན་བོན་གཉིས་ཀ་དང་རིག་གནས་སྐོར་གྱི་བསྟན་བཅོས་ཡོད་པ་རེད། 《བཟོ་རིག་སྐྲ་རྩེའི་ཟེགས་མ》ཞེས་པ་བརྩམས་གནང་མཛད་ཡོད་པ་དང་། ཁོང་ནི་སྨན་གྱི་ཕྱོགས་སུ་ཡང་ཧ་ཅང་མཁས་པས། སྨན་གཞུང་མན་ངག་ཐམས་ཅད་ཀྱི་མཆོག་དང་ཕྱི་མོ《བདུད་རྩི་སྙིང་བོ་ཡན་ཡག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》ཡོངས་སུ་བསྒྱུར་ལ། 《ཊཱི་ཀཱ་མུན་སེལ་སྒྲོན་མེ》དང《མིང་དོན་བརྡ་སྤྲོད་རྣམ་ལྔ》གཉིས་མཛད།   
           ཁོང་གིས་བསྒྱུར་བའི་བསྟན་བཅོས་ཀྱི་གྲངས་ཚད་དང་རིགས་མང་ཞིང་། མཇུག་ཏུ་མཚན་བཀོད་པ་ཡང་གཅིག་གྱུར་མིན་པར་རྣམ་གྲངས་འགར་སྣང་ཞིང་། ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་ཀྱི་འགྱུར་བྱང་དང་གསང་སྔགས་ཕྱི་ནང་གི་འགྱུར་བྱང་སོ་སྃ《པད་མ་བཀའ་ཐང》གི་ལེའུ་གྱ་བདུན་པ་དང་གྱ་བརྒྱད་པར་གསལ་བས་ཤེས་འདོད་དག་གིས་ཞིབ་ཏུ་གཟིགས་པར་འཚལ།   
           ཁོང་གིས་ཡིག་འབྲུ་ཁྲི་ཚོ་བརྒྱ་ཕྲག་བསྒྱུར་ཡོད་པ་དང་། ཁོང་གིས་བསྒྱུར་བའི་འགྱུར་ཡིག་དག་ནི་བོད་རང་གི་མཁས་པས་བརྩམས་པ་ནང་བཞིན་འགྱུར་ཡིག་གི་བརྡ་སྤྲོད་ཁྱད་ཆོས་བོད་དང་ཡོངས་སུ་མཐུན་པ་མ་ཟད། ཚིག་ཉམས་འདོན་ཚུལ་སོགས་ཀྱི་ཆ་ནས་ཀྱང་བོད་དང་ཆ་ཡོངས་སུ་མཐུན་པས། བོད་ཡིག་གི་ལམ་ནས་བརྩམས་པའི་བསྟན་བཅོས་དང་ཡོངས་སུ་འདྲ་བའི་ཁྱད་ཆོས་ལྡན།   
           ལོ་ཙཱའི་ལས་བགྱི་བའི་ཞོར་ནས་ཁོང་གིས་ལོ་ཙཱ་བ་གཞན་མང་བོ་ཞིག་གསོ་སྐྱོང་མཛད། དཔེར་ན་ཐུགས་སྲས་གཡུ་སྒྲ་སྙིང་བོ་དང་བདུད་འདུལ་རྡེ་རྗེ་གཉིས་ལྟ་བུ་དང་། གཡུ་སྒྲས་སྦྱང་བ་དགུ་དང་ཕོད་པ་བཅུ་གསུམ་གྱི་སྒོ་ནས་བླ་མར་བསྟེན་པ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》ན་གསལ། དེ་ལས་གཞན་གཡུ་སྒྲ་དཔལ་སྒྲོན་གསོ་སྐྱོང་གནང་བ་མ་ཟད། ཤེས་རབ་ཆེ་ལ་རིགས་བཟང་བོ་མང་བོ་བསྡུས་ནས་དེ་དག་ལས་ཟླ་འོད་བཟང་དང་ཚེ་དབང་ཆོས་རྒྱལ། མ་ཎི་དོན་ཡོད། པུ་ཎ་ཕ་ལ། ཀུན་དགའ་ངྷ་ཛ་པྲཛྙ་བཛྲ། སཱརྱ་མངྒ་བཅས་ཕུལ་དུ་བྱུང་བའི་སྒྲ་བསྒྱུར་མཁས་པ་བདུན་གསོ་སྐྱོང་མཛད་ནས་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་ཆོས་མང་དུ་བསྒྱུར་བ་ལ་བྱས་མཛད་རྗེས་བླ་མེད་བཞག་གོ།
           གསུམ།  བོན་ཆོས་བསྒྱུར་བ་དང་གཏེར་དུ་སྦས་པའི་སྐོར།
           《པད་མ་བཀའ་ཐང》ན་བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། ། ①ཞེས་བཻ་རོ་ཙ་ནས་བོན་ཆོས་མང་དུ་བསྒྱུར་བར་བསྟན་ཡོད་པ་དང་།  “ད་ཆ་ང་ཚོས་མཐོང་ལམ་དུ་གྱུར་བའི་བརྩམས་ཆོས《བཻ་རོ་སྙིང་ཐིགས་མཁའ་ཀློང》སོགས་ཚན་པ་ལྔ་དང་། བསྒྱུར་ཆོས་ལ《ཐེག་པ་རིམ་པ་མངོན་དུ་བཤད་པ》སོགས་བསྟན་བཅོས་བདུན། ” ②སོགས་ཡོད་པར་བཤད། བོན་ཆོས་རྩོམ་པ་དང་བསྒྱུར་བ་ལས་གཞན་ཁོང་གིས་སེམས་ཕྱོགས་མན་ངག་བཙོ་བརྒྱད་སོགས་ཀྱི་བོན་གཏེར་སྦས་པ་དང་། དྲན་པ་ནམ་མཁའ་དང་གྲོགས་བགྱིས་ཏེ་ལྷ་སའི་ཡེར་པོའི་རྫོང་ལ་བོན་ཆོས་གཏེར་དུ་སྦས་པ་སོགས་མང་དུ་ཡོད་པས། བོན་ཆོས་བསྒྱུར་བ་དང་དར་བ་སོགས་ཀྱི་ཐད་ལ་ལོ་ཆེན་ཁོང་ཉིད་ཀྱིས་ནུས་པ་བཏོན་ཡོད་པར་ངེས་ཤིང་བོན་གྱི་ཡིག་ཆ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ན། བོན་ཆོས་ཁྱད་མེད་བཻ་རོ་ཙ་ན③བཀོད་འདུག་པས། ལ་ལས་བཻ་རོ་ཙ་ན་ནི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་ཞིག་ཡིན་པར་སྨྲ་བ་ཡང་དོན་ལ་གནས་པར་སྙམ། 
བཞི།  ཡུལ་གཞན་དུ་ཕེབས་ནས་ཆོས་གསུངས་པ་དང་ཆོས་ཀྱི་བགྲོ་གླེང་མཛད་པ།   
           ལོ་ཆེན་བཻ་རོ་ཙཱ་ན་ནི་བོད་ལས་གཞན་པའི་ཡུལ་དུ་ཕེབས་མྱོང་ལ། ཡུལ་དེ་དག་ནས་ཆོས་གསུངས་ཏེ་དམ་ཆོས་སྤེལ་བ་མ་ཟད། མི་རིགས་གཞན་གྱི་ཆོས་པ་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་ཡང་མཛད་མྱོང་།   
           རྒྱ་གར་ནས་བོད་ལ་ལོག་པའི་ལམ་དུ་བལ་བོའི་ཏག་ཤ་ཀ་བྱ་བའི་ཡུལ་དུ་ཕེབས་ནས་གནས་དེའི་པཎྜི་ཏ་པྲཛཉཱ་སིངྡྷབྱ་བ་དང་མཇལ་ནས་པཎྜི་ཏ་དེས་ཁོང་ལ་རང་གི་སེམས་ཇི་ལྟར་རྟོགས་ན་རྟོགས་པ་ལགས། ཐེག་པ་གང་ལ་མཁས་ན་འབྲས་བུ་ལགས། མཆོད་པ་གང་གིས་མཆོད་ན་འཕགས་པ་མཉེས་④ཞེས་པའི་དྲི་བ་གསུམ་བཏོན་པ་ལ་ལན་ལེགས་པར་བསྐྱོན་པ་སོགས་བྱས་ནས། བལ་བོའི་ཡུལ་དུ་ཆོས་ཟླ་བ་གཅིག་ལ་གསུངས་ཤིང་པཎྜི་ཏ་པྲཛྙཱ་སིངྡྷི་མཉེས་ནས་མཆོད་པར་བྱས་སོ། །   
           ལོ་ཆེན་བཻ་རོ་ཙཱ་ན་ལི་ཡུལ་དུ་སྔ་ཕྱིར་ཐེངས་གཉིས་ལ་ཕེབས་པར་སྣང་། ཐེངས་དང་བོ་ནི་རྒྱ་གར་ནས་ཕྱིར་ལོག་པའི་ལམ་བར་དུ་ཕེབས་པ་རེད། འདིའི་སྐོར་ནི《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན་གསལ་ཡང《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ན་བཀོད་མི་འདུག  ལི་ཡུལ་ལྕང་ར་སྨུག་པོར་བྱོན་ནས་བཙུན་མ་ལི་ས་ཚུལ་ཁྲིམས་སྒྲོན་ལ་སེམས་ཉིད་རྟོགས་པའི་ཐབས་སོགས་ཀྱི་ཆོས་མང་དུ་གསུངས་པ་རེད། ཐེངས་གཉིས་པ་ནི་ཚ་བ་རོང་ནས་ཕྱིར་བསམ་ཡས་སུ་ཕེབས་རྗེས་ལི་ཡུལ་ལྕང་ར་སྨུག་པོར་ཕེབས་པ་དེའོ ། འདི་ནི་གོང་གི་རྣམ་ཐར་གཉིས་སུ་བཀོད་འདུག་ཀྱང《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ན་བཀོད་པ་ཅུང་ཞིབ་པར་འདུག  ལི་ཡུལ་གྱི་ལྷ་ལྕམ་བྱང་ཆུབ་སྒྲོན་མ་བྱ་བས་བང་ཆེན་གསུམ་བཏང་ནས་ཁོང་གདན་འདྲེན་ཞུས་པ་རྣམས་མཁན་སློབ་གཉིས་ལ་གསལ་བོར་ཞུས་མཐར། ལི་ཡུལ་དུ་ཕེབས་ནས་རྒྱུད་ལུང་མ་ལུས་དང་ཡང་ཟབ་རྫོགས་པ་ཆེན་པོའི་ཆོས་རྣམས་གསུངས་ཏེ། ཡུལ་དེ་སྨིན་གྲོལ་ལ་བཀོད་པ་དང་འཇའ་ལུས་པ་དྲུག་ཅུ་བྱུང་བ་སོགས་བཀོད་འདུག་པ་ལས། ཡུལ་དེ་རུ་དམ་ཆོས་རྒྱ་ཆེར་སྤེལ་བ་ལ་རང་ནུས་གང་ཡོད་བཏོན་པ་ཤེས་ནུས།   
           གཞན་ད་དུང་རྒྱ་ནག་དུ་ཕེབས་ནས་བསམ་གཏན་པ་དག་དང་ཆོས་ཀྱི་བགྲོ་གླེང་མཛད་མྱོང་། ག་དུས་རྒྱ་ནག་དུ་ཕེབས་པའི་སྐོར་ལ་གོང་གི་རྣམ་ཐར་གཉིས་མི་མཐུན། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ན་ཁོང་བསམ་ཡས་སུ་མ་ཕེབས་པར་ཚ་བ་རོང་ན་བཞུགས་དུས་ཕེབས་པར་བཀོད་འདུག་པ་དང་། 《སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ན་བོད་དུ་གདན་དྲངས་པ་ལ་འབྱོན་པའི་སྟ་གོན་བྱེད་སྐབས། ལོ་ཆེན་ཁོང་གིས་རྒྱ་ནག་ཡུལ་དུ་སྤྱིར་ན་འགྲོ་དགོས་ཀྱང་ད་ནི་བོད་ལ་འགྲོ་དགོས་པར་གསུངས་པ་ཙམ་ལས་ལོ་ཆེན་ཁོང་རྒྱ་ནག་ཏུ་ཕེབས་པ་དང་ཆོས་ཀྱི་བགྲོ་གླེང་མཛད་པ་སོགས་ཞིབ་ཏུ་བཀོད་མི་འདུག《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》རུ་སློབ་དཔོན་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་མཁས་པ་དང་གྲུབ་ཐོབ། རྣལ་འབྱོར་མ་དང་རྟོགས་ལྡན་པ་བཅོ་བརྒྱད་དང་ཆོས་ཀྱི་དགོངས་པ་བསྡུར་བ་ཞིབ་ཏུ་བཀོད་འདུག  རྒྱ་ནག་གི་ཡུལ་གང་དུ་ཕེབས་པ་ནི་གསལ་བོར་བཀོད་མི་འདུག་ཀྱང་བཤད་རྒྱུན་ཞིག་ཏུ་གླང་ཆེན་འགྱིང་རི་སོགས་སུ་ཕེབས་པར་བཤད་པས་འདི་དག་ཁ་ཚོན་གཅོད་དཀའ །                   
སྡོམ་བྱང་།
           དེ་ཡང་རྔོག་ལོ་ཆེན་པོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། ། ཞེས་ལོ་ཆེན་བཻ་རོ་ཙ་ན་ལ་བསྟོད་པའི་མེ་ཏོག་ཕུལ་ཡོད་པ་མ་ཟད། 《པད་མ་བཀའ་ཐང》ན་ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ། ། ①ཞེས་སྔགས་པ་བརྗོད་ཡོད་པ་དང་། བོད་ཀྱི་ལོ་ཙཱ་བ་རྒན་གསུམ་གྱི་ཐོག་མར་བགྲངས་ནས་གདེང་འཇོག་ཚད་མཐོན་པོ་གནངས་ཡོད་པ་རེད། ཁོང་གི་ཀྱག་ཀྱོག་གི་སྐུ་ཚེ་གང་བོའི་ནང་དུ་བོད་ཀྱི་ཤེས་རིག་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་དུ་གཏོང་བ་ལ་རང་ནུས་ཡོད་རྒུ་བཏོན་ཡོད་ཅིང་། སྒོས་སུ་དམ་ཆོས་རིག་གནས་བོད་དུ་བསྒྱུར་ཞིང་སྤེལ་བའི་ཐད་དུ་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པས། ལོ་ཆེན་ཁོང་གི་མཛད་པ་འཕྲིན་ལས་ལ་ང་ཚོས་ནམ་ཡང་རྗེས་སུ་ཡི་རང་བྱ་འོས་སོ། །  
           (རྩོམ་པ་པོ་ངོ་སྤྲོད། བཙུན་ཐར་རྒྱལ། ཕ་ཡུལ། མཚོ་སྔོན་རེབ་གོང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2014ལོའི་ཤེས་རམས་པ།) (མཛུབ་སྟོན་དགེ་རྒན། ཚེ་རིང་ཐར། )
           ①དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། [m]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པར་པར། ཤོག་ངོས་l399
           ①མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ། སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ།  [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར། ཤོག་ངོས་272
           ②གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།  [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར། ཤོག་ངོས་93
           ③གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པད་མ་བཀའ་ཐང་། [m]སི་ཁྲོནམི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར། ཤོག་ངོས་405
           ④དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། [m]2013ལོའི་ཟླ་3པར་པར། ཤོག་ངོས་302
           ①གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་གོ [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་11པར་པར། ཤག་ངོས་93
           ②གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།  [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་11པར་པར། ཤོག་ངོས་96
           ③གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ། [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར།ཤོག་ངོས་99
           ④གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ། [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར། ཤོག་ངོས་99
           ①སྡེ་སྲིད་སངས་རྒྱས་རྒྱ་མཚོ།  སྡེ་སྲིད་སྨན་གྱི་ཁོག་དབུབས།  [m]མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་8པར་པར། ཤོག་ངོས་117
           ①གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ། [m] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་llཔར་པར། ཤོག་ངོས་l78
           ①ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ།  [m]ལན་གྲུ    ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་9པར་པར། ཤོག་ངོས་66
           ①གཡུ་སྒྲ་སྙིང་བོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།[m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླllཔར་པར།  ཤོག་ངོས་l60
           ②མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ། [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་llཔར་པར།  ཤོག་ངོས་304
           ③གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པད་མ་བཀའ་ཐང་། [m]སི་ཁྲོནམི་རིགས་དཔེ་སྐྲུན་ཁང་། 1987ལོའེཟླ་4པར་པར། ཤོག་ངོས་438
           ①མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་བའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ། [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ་11པར་པར། ཤོག་ངོས་312
           ①གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་།  [m]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1990ལོའི་ཟླ་10པར་པར། ཤོག་ངོས་17l
           ①གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པད་མ་བཀའ་ཐང་། [m]སི་ཁྲོནམི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་4པར་པར། ཤོག་ངོས་491
           ②རྭ་ཧོར་བློ་གྲོས་བཟང་བོ། ལོ་ཆེན་བཻ་རོ་ཙ་ན་དང་ཁོང་གིས་བོད་ཀྱི་ཡུལ་གྲུ་སོ་སོར་དམ་ཆོས་རིག་གནས་བསྒྱུར་སྤེལ་མཛད་པའི་སྐོར་རགས་ཙམ་གླེང་བ། ཀྲུང་གོའི་བོད་རིག་པ།  [j]2008ལོའི་ཟླ་1པར་པར། ཤོག་ངོས་l00
           ③དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་8པར། ཤོག་ངོས་350
           ④གཡུ་སྒྲ་སྙིང་བོ་སོགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།[m]ཁྲི་འདུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླllཔར་པར།  ཤོག་ངོས་l54
           ①གཏེར་ཆེན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པད་མ་བཀའ་ཐང་། [m]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1987ལོའི་ཟླ་4པར་པར།  ཤོག་ངོས་49l