གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་རིག་གནས་ཁྲོད་ཁ་དོག་ལྟོས་གྲུབ་ཚོ་སྒྲིག་གི་མཚོན་བྱེད་བརྡ་རྟགས་དཀར་དམར་ཉི་ཟླའི་སྐོར་ལ་དཔྱད་པ།

སྤེལ་དུས 2018-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྷག་པ་ཚེ་བརྟན།
          འདིར་ཁ་དོག་ལྟོས་གྲུབ་ཚོ་སྒྲིག་གི་མཚོན་བྱེད་བརྡ་རྟགས་དཀར་དམར་ཉི་ཟླའི་སྐོར་དཔྱད་པ་ལ་བཞི། སེམས་ཀྱི་ཉི་ཟླ་ཞེས་པའི་བརྡ་ཆད་ཀྱིས་གླེང་བསླངས་པ། ཁ་བ་རི་པའི་མེས་པོས་ཉི་ཟླར་མཆོད་པ། སངས་རྒྱས་ཆོས་གཞུང་ནང་ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ལ་བཤད་པ་བྱ་ཚུལ། དམངས་སྲོལ་རིག་གནས་ཁྲོད་ཉི་ཟླ་ཟུང་གི་དབྱིབས་རིས་གསལ་བའི་དངོས་པོ་བཤད་པ་བཅས་སོ།།   
དང་པོ། སེམས་ཀྱི་ཉི་ཟླ་ཞེས་པའི་བརྡ་ཆད་ཀྱིས་གླེང་བསླངས་པ།   
          དེ་ཡང་བོད་ཀྱི་རིག་གནས་ཁྲོད་དུ་ཉི་ཟླ་དང་ཉི་ཟླའི་མཚོན་དོན་སྐོར་ལ་དཔྱད་བརྗོད་བྱེད་པར་ཕྱོགས་ཚེ་ཀློག་པ་པོ་འགའ་ཞིག་གིས་རྒྱུས་མངའ་དང་འབྲེལ་འདྲིས་ཆུང་བའི་རྐྱེན་ནམ་ཡང་ན་དེ་ལས་ལྡོག་སྟེ་སྣང་ལ་མ་ངེས་པའི་ཚུལ་གྱིས་དེ་ཚུལ་ཆ་རྒྱུས་དེ་ཙམ་མེད་པའི་རིག་གནས་ཀྱི་ཁྱབ་ཁོངས་ཤིག་ཏུ་ངོས་འཛིན་ལས་ཆེ། འོན་ཏང་ཡུན་ནན་ཞིང་ཆེན་བདེ་ཆེན་རང་སྐྱོང་ཁུལ་གྱི་རྒྱལ་ཐང①རྫོང་དུ་གནས་པའི་ཤེམ་ཀི་ལི་ལཱ་ཞེས་སྨྲ་ན་སྐྱེ་བོ་དུ་མས་མ་མཁྱེན་པ་མེད་པ་ལྟ་བུར་སོང་ཡོད། དོན་དངོས་ཐོག་ཤེམ་ཀི་ལི་ལཱ་ཞེས་པ་ནི་སེམས་ཀྱི་ཉི་ཟླ་ཞེས་པ་རྒྱལ་ཐང་གི་ཡུལ་སྐད་དུ་ཐོན་པའི་དབྱིན་ཡིག་གི་སྒྲ་སྒྱུར་ཞེས་པ་རྒྱ་སྐད་香格里拉ཞེས་པའི་སྒྲར་གྲུབ་པ་ཞིག་ཡིན་པར་རིག་པ་སྨྲ་བ་ཕལ་ཆེར་དགོངས་གཅིག་ཏུ་སོང་ཡོད། །   
          སྤྱིར་རིག་གཞུང་དཔྱད་གྲོས་ཀྱི་གླེང་གཏམ་ཡོངས་གྲགས་སུ་Shangri- laཞེས་པའི་བརྡ་ཆད་དེ་དབྱིན་ཡིག་ཏུ་ཐོག་མར་གསལ་བར་བྱེད་མཁན་འཇེམ་སེ་ཧིལ་ཋོན་( James    Hilton)ཡིན་པར་ཡིད་ཆེས་བསྟེར་གྱིན་ཡོད་ལ། དེ་ཡི་ལུང་ཁུངས་ནི། ཁོང་གིས་མཛད་པའི་སྟོངས་བརླག་ཏུ་སོང་བའི་གནམ་སའི་འབྲེལ་མཚམས། ( L0st    Horizon)②ཞེས་པའི་བརྩམས་སྒྲུང་ནང་ཐ་སྙད་དེ་གསལ་བས་ཡིན་ཅིང་། ཕྱིས་ཨ་རིའི་ཧོ་ལི་ཝུ་ཌི་( Hollywood)གློག་བརྙན་ཁང་གིས་གློག་བརྙན་དུ་དཔར་ཅིང་། དེ་ནས་རིམ་གྱིས་ཚོང་པ་ཆེན་མོ་རུས་མིང་ལ་ཀོ་ཧེ་ཉན་(郭鹤年)ཞུ་བས་སྤྱི་ལོ་1971ལོར་རྒྱལ་སྤྱིའི་ཨར་ཁང་ཆེན་མོ་ཞིག་བསྐྲུན་པའི་སྐབས་ཨར་ཁང་དེའི་མིང་ལ་Shangri- la③སྟེ་རྒྱ་སྐད་དུ་香格里拉ཞེས་བཏགས་ལ། ག་ལེར་ཤེམ་ཀི་ལི་ལཱ་ཞེས་པ་རྒྱལ་སྤྱིའི་སྐར་མ་ལྔ་ལྡན་མགྲོན་ཁང་གི་མཚོན་བྱེད་དམ་རྟགས་མ་ལྟ་བུར་ཡང་གྱུར་པ་ལས་རིམ་གྱིས་ཛམྦུ་གླིང་པ་བ་རྣམས་ཀྱི་རྣ་བའི་བུ་རམ་དུ་གྱུར་ཅིང་། ཐ་སྙད་དེའི་ལྐོག་ཏུ་བཞུགས་པའི་ལྷ་སྒྲུང་སྙན་མོ་དེ་ཡང་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྱུར་ཏོ། །   
          འོ་ན་དུས་རབས་གོང་མའི་དུས་མགོར་བྱོན་པའི་རྩོམ་པ་པོ་འཇེམ་སེ་ཧིལ་ཋོན་གྱིས་རང་གི་སྟོངས་བརླག་ཏུ་སོང་བའི་གནམ་སའི་འབྲེལ་མཚམས། ཞེས་པའི་བརྩམས་སྒྲུང་ནང་Shangri - laཞེས་པའི་བརྡ་ཆད་བེད་སྤྱད་ཡོད་པ་དེ་རྩོམ་པ་པོ་རང་དགས་བྱས་པ་ཞིག་ལགས་སམ་ཞེ་ན། དེ་ཚུལ་རྩོམ་པ་པོ་རང་ཉིད་ཀྱིས་ཐོལ་བྱུང་དུ་རང་དགས་བྱས་པའི་བརྡ་ཆད་ཅིག་མ་ལགས་སོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། དོན་དངོས་ཐོག་བརྡ་ཆད་དེ་དབྱིན་ཡིག་ཏུ་ཐོག་མར་གསལ་བར་བྱེད་མཁན་ནི་རྩོམ་པ་པོ་ཧིལ་ཋོན་མ་ཡིན་པར་རྒྱལ་ཁོངས་ཨ་རི་ཡིན་པའི་ཨུ་སེ་ཋྲི་ཡའི་( Austria)རྩི་ཤིང་རིག་པ་མཁས་ཅན་དང་། ཉེན་བརྟག་མྱུལ་ཞིབ་མཁས་ཅན། མཚན་ལ་ཡོ་སེ་ཧྥུ་རོག་གེ་(Joseph   Rock)ཞུ་བ་དེ་ཡིན་ནོ། །   
          ཁོང་ནི་སྤྱི་ལོ1922ལོའི་ཟླ་བ5པར་འབར་མ་བརྒྱུད་ཡུན་ནན་ཁུལ་དུ་འབྱོར། དེ་ནས་སྤྱི་ལོ་1949ལོའི་ཟླ་བ་8བར་སྔ་རྟིང་དུ་ཀྲུང་གོའི་ཁུལ་ལ་རྟོག་ཞིབ་ཀྱིས་བགྲང་བྱ་ཉི་ཤུ་རྩ་བདུན་ཙམ་གྱི་དུས་ཀྱི་ཕྲེང་བ་འདའ་བར་བྱས་སོ། །དུས་དེང་སང་ཡང་འཇང་རིགས་ཞིབ་འཇུག་པ་ཚོས་ཁོང་ལ་འཇང་རིག་པའི་ཕ་(纳西学之父)ཞེས་མཚན་སྙན་འབོད། དེ་ཡང་ཁོང་གིས་གཏོ་པའི་ཆོས་ལུགས་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་མང་པོ་བྱས་པའི་ཀྲུང་གོའི་ལྷོ་ནུབ་གནའ་རབས་འཇང་རྒྱལ་ལྡན་རྒྱལ་ཁབ་《中国西南古纳西王国》ཅེས་པའི་བརྩམས་ཆོས་སྤེལ་བས་བྱས་སོ། ། འོ་ན། སྐབས་སུ་བབས་པ་Shangri-laཞེས་པའི་བརྡ་ཆད་དེ་ཁོང་གིས་ཇི་ལྟར་རྙེད་ཅེ་ན། གསུང་ཚུལ་སྣ་ཚོགས་པ་ལས།   
          ལི་ཇུན་ཡུས་ཀྱིས་ཧིལ་ཋན་གྱི་བརྩམས་སྒྲུང་ནང་མི་ཡུལ་གྱི་དག་ཞིང་ལྟ་བུའི་དོན་སྟོན་པའི་བརྡ་ཆད་ཅེས་པ་དེ་རྩོམ་པ་པོས་ཕྱི་སྐད་སྒྲ་སྒྱུར་བྱས་པའི་དབྱིན་ཇིའི་ཚིག་ཅིག་ཡིན། ཞེས་དང་། པུ་རེ་ཋན་( Britain)རྩོམ་རིག་མཁས་པའི་ཚིག་མཛོད་《不列颠文学家辞典》ཅེས་པའི་ནང་དམིགས་བཀར་གྱིས་བསྟན་དོན། ཧིལ་ཋོན་གྱིས་བརྩམས་པའི་སྟོངས་བརླག་ཏུ་སོང་བའི་གནམ་སའི་འབྲེལ་མཚམས། ཞེས་པའི་བྱས་རྗེས་གཅིག་ནི་དབྱིན་སྐད་ཚིག་མཛོད་ནང་མི་ཡུལ་གྱི་དག་ཞིང་ལྟ་བུའི་དོན་སྟོན་པའི་བརྡ་ཆད་Shangri- laཞེས་པ་གསར་གཏོད་བྱས་པ་དེ་ལགས། ཞེས་གསལ། དོན་དངོས་ཐོག་འཇེམ་སེ་ཧིལ་ཋོན་གྱི་བརྩམས་སྒྲུང་དེ་ཡི་རིག་པ་ཐོལ་སྐྱེས་སམ་བློ་སྐྱེས་འབྱུང་ས་ནི་ཨ་རིའི་རྒྱལ་ཁོངས་སུ་སྤྱི་ལོ་1924ནས་1935བར་འགྲེམ་སྤེལ་བྱས་པའི་རྒྱལ་ཁབ་ས་གཤིས་( National   Geography)དུས་དེབ་ནང་ཡོ་སེ་ཧྥུ་རོག་གེ་ཡིས་དུས་རབས་གོང་གི་ལོ་རབས་ཉི་ཤུའི་ནང་ཚུན་ནས་མགོ་བརྩམས་ཏེ་དཔྱད་སྤེལ་གནང་བའི་ཡུན་ནན་ཁུལ་དུ་ཉེན་བརྟག་རྟོག་ཞིབ་ཏུ་མྱུལ་བའི་དཔྱད་རྩོམ་དང་ཟིན་ཐོ་ཁག་ལས་ཡུལ་དེའི་ཁུལ་ལ་དབྱིན་ཡིག་ཏུ་S-hankoriཞེས་པའི་བརྡ་ཆད་ཅིག་གསལ་ཡོད་པ་དེ་ནི།    Shangri -laཞེས་པའི་འབྱུང་ཁུངས་ངོ་མ་དེ་ལགས་སོ། །   
          རྒྱུ་མཚན་གཞན་ཡང་། འཇེམ་སེ་ཧིལ་ཋོན་ནི་ཀྲུང་གོར་གཏན་ནས་སླེབས་མ་མྱོང་ལ་རང་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་ལྷོ་ནུབ་སྐོར་ཀྱི་སྒྲུང་གླེང་རྒྱུ་ནི་མོ་གཤམ་གྱི་བུ་ལྟར་ལགས་སོ། །རྟོག་ཞིབ་བྱས་འབྲས་ལ་རོག་གེ་ཡིས་རྒྱལ་ཁབ་ས་གཤིས་དུས་དེབ་ཐོག་བཀོད་བྲིས་གནང་བའི་ཡུལ་ལྗོངས་བཀོད་པ་དང་བྱ་བའི་བཀོད་པ་སོགས་ཧིལ་ཋོན་གྱིས་སུག་བྲིས་སུ་གསལ་བའི་སྟོངས་བརླག་ཏུ་སོང་བའི་གནམ་སའི་འབྲེལ་མཚམས། ཞེས་པའི་བརྩམས་སྒྲུང་ནང་གི་བརྗོད་བྱ་དང་འདྲ་བའི་ཆ་ཧ་ཅང་མང་པས་དེ་ཚུལ་སྟབས་འཁེལ་བ་རྐྱང་པ་ཞིག་ཨེ་ཡིན་ཏེ་ཡིན་བཟོ་མི་སྣང་ངོ་། །   
          མདོ་དོན་འཇེམ་སེ་ཧིལ་ཋོན་གྱིས་ཡོ་སེ་ཧྥུ་རོག་གེ་བརྒྱུད་ཤེམ་ཀི་ལི་ལཱ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་པའི་སྐབས་ནང་ཆོས་ནང་གསལ་བའི་ཤམྦྷ་ལ་དང་འབྲེལ་བ་ཡེ་ནས་མེད་པར་སེམས། འོ་ན། སེམས་ཀྱི་ཉི་ཟླ་ཞེས་པ་རྒྱལ་ཐང་གི་ཡུལ་སྐད་དུ་ཤེམ་ཀི་ལི་ལཱ་ཞེས་པ་ཐོན་ཚུལ་ཇི་ལྟར་ལགས་ཤེ་ན། སྨྲ་བར་བྱ་སྟེ། དེ་ཡང་སྔོན་དུས་དགའ་ལྡན་སུམ་རྩེན་གླིང་གི་ཉེ་འགྲམ་དུ་ཉི་མ་རྫོང་དང་། ཟླ་བ་རྫོང་ཞེས་རྫོང་ཁག་མི་འདྲ་བ་གཉིས་གནས་ཤིང་། རྫོང་དེ་གཉིས་ཀྱི་བར་རམ་ལྟེ་བར་ཆགས་པའི་རྒྱལ་ཐང་ཁུལ་ལ་ཤེམ་ཀི་ལི་ལཱའམ་སེམས་ཀྱི་ཉི་ཟླ་ཞེས་ཐོགས་པར་ཟད་དོ། །   
          དེ་ཡང་། དབུས་གཙང་ཁུལ་དུ་ལ་འདོགས་ཅན་གྱི་ཡི་གེ་དྲུག་ལས་ཟླ་སྟེ། ལ་འདོགས་ཅན་གྱི་ཟ་ལ་ལྡ་ཞེས་པའི་སྒྲ་དང་འདྲ་བར་འདོན་པ་ལས་བྱིངས་སླ་ཡི་སྒྲ་འདོན་མོད། བདེ་ཆེན་ཁུལ་དང་། བོད་ཀྱི་ཡུལ་བྱེ་བྲག་པ་འགའི་ཁ་སྐད་དུ་ལ་འདོགས་ཅན་གྱི་ཡི་གེ་དྲུག་ཀར་སླ་ཞེས་འབོད་པས་ཟླ་ལ་ཡང་སླ་ཞེས་འདོན་པས། ཡུལ་དེའི་ཁ་སྐད་ནང་ཤེམ་ཀི་ཞེས་སེམས་ཀྱི་དང་། ལི་ལཱིའམ་ལི་སླ་ཞེས་ཉི་ཟླ་སྟེ་ཁྱད་པར་ཟླ་བ་ལ་སླ་བར་འབོད་པས་ལི་ལཱ་འམ་ལི་སླ་ཞེས་པའི་ལཱ་འམ་སླ་དེ་ཟླ་ལ་གོ་བ་ཡིན་སྙམ་མོ། །འོ་ན། དབྱིན་སྐད་དུ་Shangri- Iaཞེས་པ་ཚིག་ཁྱིམ་( syllables)གསུམ་དུ་གྲུབ་པ་ལ་རྒྱ་སྐད་སྐད་དོད་དང་བོད་སྐད་སྐད་དོད་ལ་ཚིག་ཁྱིམ་བཞི་རེ་བྱུང་བ་དང་། དབྱིན་སྐད་སྐད་དོད་ཀྱི་ཚིག་ཁྱིམ་གསུམ་པ་( ri)ཞེས་པ་རྒྱ་སྐད་དུ་ཇི་ལྟར་(里)དང་། བོད་སྐད་དུ་(ཉི་)རུ་གྱུར་ཅེ་ན། རྒྱ་སྐད་ནང་དབྱིན་སྐད་ཐ་སྙད་( R)དང་འབྲེལ་བའི་མིང་ཚིག་ཕལ་ཆེར་( L)དང་ཉེ་བའི་དབངས་ཅི་རིགས་དང་ལྡན་པའི་ཐ་སྙད་དུ་བསྒྱུར་ཏེ། དཔེར་ན། Iran,Irap,Isra-eI,Britain, Austriaརྒྱལ་ཁབ་ཁག་གི་མིང་གིས་མཚོན་རིམ་བཞིན་伊朗( yi - Lang) 、伊拉克( yi - La- ke) 、以色列( yi - se - De)、(英国)不列颠(bu- Lie-dian)、奥地(ao-di-Li.)ཞེས་པ་ལྟ་བུས་མཆོན་འདིར་ཡང་ཞེས་香格里拉ཞེས་པར་གྱུར་ཏོ། །   
          འོ་ན། བོད་སྐད་ཉི་ཞེས་པ་དབྱིན་སྐད་riཞེས་པ་ལས་ཇི་ལྟར་བྱུང་ཞེ་ན། རྣམ་ཀུན་དབྱིན་སྐད་ནང་ཉི་ཞེས་པའི་སྒྲ་nyiཞེས་པ་ལས་ཐོན་ན། ཅིའི་ཕྱིར་ཉི་སྒྲ་riསྒྲར་འགྱུར་ཞེ་ན། ད་བར་རྒྱུ་མཚན་ཡང་དག་པ་ཞིག་མ་རྙེད་པས་ཡུལ་དེའི་བརྒྱུད་ལ་རྟོག་ཞིབ་ཏུ་བསྐྱོད་ལམ་ཡུལ་པ་འགའི་གསུང་སྲོལ་གཞན་ཞིག་ལ། ཤེམ་ཀི་ལི་ལཱ་ཞེས་སེམས་ཀྱི་རི་ལྷ་ཞེས་པའི་སྒྲ་ལས་བྱུང་ཚུལ་གསུང་མཁན་ཡང་སྣང་བས། དེ་ལྟར་ན།   riཞེས་རི་སྟེ་སོར་བཞག་ཐད་སྒྱུར་དང་།- laཞེས་ལྷ་སྟེ་སོར་བཞག་ཐད་སྒྱུར་བྱས་པའི་རྒྱུ་མཚན་ཡང་སྣང་བས་ཚུལ་དེར་མཐའ་གཅིག་ཏུ་འདི་ཉིད་ཁོ་ན་བདེན་གྱིས་གཞན་མི་འཐད་དོ་ཞེས་ཁ་ཚོན་གཅོད་པ་ཡང་རྒྱུ་མཚན་ཡང་དག་ཏུ་མ་མཐོང་བས་འདིར་དཔྱད་པར་བྱ་བ་མང་མོད་རེ་ཞིག་བཏང་སྙོམས་སུ་བཞག་གོ། གང་ལྟར་ཡང་དམངས་ཁྲོད་དུ་ཤེམ་ཀི་ལི་ལཱ་ཞེས་པ། སངས་རྒྱས་ཆོས་གཞུང་ནང་གསལ་བའི་ཤམྦྷ་ལ་དང་འཁྲུལ་བའང་མང་བས་དེ་གཉིས་ཉ་ཉུང་མཉམ་བསྲེས་སུ་མ་སོང་བ་བྱ་རྒྱུ་གལ་ཆེ་སྙམ་མོ། ། འོན་ཏང་འདིར་ཡི་གེ་མང་པས་གང་དེའི་བྱུང་བ་སོགས་ཅུང་རྒྱས་པ་ཞིག་ཁོ་བོས་བརྩམས་པའི་བོད་ཀྱི་རིག་གནས་ཁྲོད་ཀྱི་མཆོན་བྱེད་བརྡ་རྟགས་སྐོར་གྱི་ཞིབ་འཇུག་དེ་ཉིད་སྣང་བྱེད་ཅེས་བྱ་བར་གཟིགས་པར་ཞུའོ། །   
          སྤྱིར་གནམ་ཁ་འབུབ་པ་དེའི་འོག་འཛམ་གླིང་སྤྱི་ཡི་རིག་གནས་འཕེལ་རྒྱས་གྱི་ལོ་རྒྱུས་ལ་སེམས་ཚེ་གདོད་མ་ནས་ཆགས་ཤིང་གྲུབ་པའི་མི་རིགས་མང་པོར་ཉི་ཟླ་མཆོད་པའི་སྣང་ཚུལ་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། ཨ་ཅང་ཅང་།  ཁ་བ་རི་པའི་མེས་པོ་ཚོས་རང་ཉིད་ཀྱིས་མོས་ཕྱོགས་སམ་མི་ཡུལ་གྱི་ལྷ་གནས།སྡུག་བསྔལ་གྱིས་དབེན་ཅིང་། བདེ་བའི་གཞིར་གྱུར་པ་དེ་ཉིད་ཉི་ཟླའི་དཔེར་བཟུང་བ་དེས་ཀྱང་ཉི་ཟླ་ཞེས་པ་མཚོན་བྱེད་བརྡ་རྟགས་( Symbolism)ཀྱི་ཚུལ་དུ་སོང་སྟེ་དེས་ཁ་བ་རི་པའི་ནང་སེམས་ཀྱི་དྭངས་གཙང་གི་ཀུན་སློང་བཟང་པོ་ཕྱི་ཉི་ཟླའི་རྣམ་བར་འཆར་བའི་དན་རྟགས་ཤིག་བྱེད་ཐུབ་བམ་སྙམ་མོ། །   
གཉིས་པ། ཁ་བ་རི་པའི་མེས་པོས་ཉི་ཟླར་མཆོད་པ།   
          དེ་ཡང་ཉེའུ་ཡུག་སྤྱི་སྤྱོད་དཔེ་མཛོད་ཁང་གི་ཚན་རིག་དཔྱད་ཡིག་ནང་འཁོད་གསལ། སྤྱི་ལོ་བཞི་སྟོང་གི་གཡས་གཡོན་དུ་ཨེ་འཇབ་མིས་ཉི་མའི་འཁོར་ལོ( Eng .  symbol of   a   sun wheel)ཡི་མཆོན་རྟགས་བསྐྲུན་པར་སྨྲ།④བོད་ཁུལ་དུའང་ཉེ་ལམ་ལོ་ཤས་ནང་བྲག་བརྐོས་ཐོག་གི་ཉི་ཟླ་མཆོད་ཚུལ་གྱི་རི་མོ་ཡང་མི་ཉུང་བ་ཞིག་བཙལ་རྙེད་ཐུབ་པ་བྱུང་ཡོད། དེ་རྣམས་ཀྱི་གྲུབ་དུས་ལ་སེམས་ཚེ་མ་མཐར་ཡང་ལོ་ངོ་སུམ་སྟོང་ནས་ཆིག་སྟོང་གཡས་གཡོན་གྱི་ལོ་རྒྱུས་ལྡན་ཡོད།⑤ བོད་ཀྱི་མེས་པོ་ཚོས་ནག་ཆུ་དང་མངའ་རིས་སོགས་ཀྱི་བྲག་ཕུག་གམ་བྲག་ངོས་སུ་བརྐོས་བྲིས་མཛད་པའི་ཉི་ཟླ་མཆོད་ཚུལ་གྱི་རི་མོ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེ་ཡང་ཉི་ཟླ་མཆོད་མཁན་དེ་ཉིད་ཀྱིས་སྤྱི་གཙུག་ཏུ་ལག་གཉིས་ཐལ་མོ་སྦྱར་བ་ཆེས་དད་གུས་ཀྱི་རྣམ་པ་ཞིག་མཚོན་གྱིན་འདུག་ཅིང་། མཆོད་ཡུལ་ཉི་མའི་དཀྱིལ་འཁོར་དེ་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་ཉམས་དང་།(  ) ཟླ་བའི་དཀྱིལ་འཁོར་དེ་ཉིད་དཀར་གསལ་སྒོར་ཐིག་གཅིག་ལས་འོད་ཟེར་འཕྲོ་ཉམས་མེད་པའམ( O)ཡང་ན་ཟླ་ཚེས་ཀྱི་རྣམ་པར་གསལ། ( )སྐབས་རེ་ཟླ་ཚེས་ཐིག་ལེ་ནཱ་དའི་གཟུགས་སུ་གསལ་བའང་སྣང་ངོ་། །(   )   
          དེ་ཡང་ཆ་སྙོམས་རྒྱ་མཆོའི་ངོས་ལས་སྤྱི་ཁྲེ4600ལྷག་ཙམ་བརྒལ་བའི་མངའ་རིས་རུ་ཐོག་ཁུལ་གྱི་རི་མོ་གདོང་རིའི་བྲག་བརྐོས་ནི་རུ་ཐོག་རྫོང་ཁོངས་རུ་གསུམ་ཤང་ལས་སྤྱི་ལེ་གཅིག་དང་ཕྱེད་ཀྱི་སར་གནས་ལ་མཐོ་ཚད་རྨིའི2.7དངརྒྱ་ཁྱོན་རྨིའི་12ཀྱི་སར་ཁེབས་ཡོད། བྲག་བརྐོས་དེ་ཆོའི་ཁྲོད་དུ་ཉི་ཟླའི་དབྱིབས་གཟུགས་གནམ་དགུང་དུ་བཞུགས་པའི་ཉམས་སྣང་མངོན་གསལ་དོད་པ་སྟེ། ཟླ་བ་ཕྱེད་པ་དང་ཉི་དཀྱིལ་འོད་ཟེར་གྱིས་བསྐོར་བ། བོན་གཞུང་ནང་གསལ་ཉི་ཟླ་གཉིས་པོ་ལྷར་གཏོགས......⑥ཞེས་གསལ་བ་ལྟར་ཉི་ཟླ་གཉིས་པོ་ལྷར་ངོས་འཛིན་ཏེ་མཆོད་པར་བྱེད་པའི་བརྡ་ཆད་དུ་གོའམ་སྙམ། གཞན་ཡང་། མཚོ་སྔོན་པོའི་ཤར་ལྷོའི་མཚམས་སུ་གནས་པའི་རྡོ་ཉི་ཟླའམ་ཉི་ཟླ་རི་བོ་ཞེས་པ། སོག་སྐད་དུ་ན་ར་ས་ར་ཞེས་པ་རྒྱ་སྐད་དུ་རེ་གཡུའེ་ཧྲན(日月山)ཞེས་བསྒྱུར་ཡོད། དེ་ཡང་། བོད་ཀྱི་རྒྱལ་རབས་རིམ་བྱོན་གསལ་བའི་མེ་ལོང་ཞེས་པའི་ནང་འདི་ལྟར་འཁོད་དེ།⑦ ཐ་སྙད་དེ་ཡི་འབྱུང་ཁུངས་གཏུགས་ས་ནི་རྡོ་ལེབ་ཅིག་གི་ངོས་སུ་ཉི་ཟླའི་གཟུགས་དབྱིབས་གསལ་བ་ལ་བྱས་པར་དཔགས་ན། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཆོའི་ནང་རྡོ་ཉི་ཟླ⑧ཞེས་ར་རྡོ་བྲིས་པའང་དེ་འདྲ་མིན་ནམ་སྙམ་སྟེ། ཚུལ་དེས་བོད་གངས་ཅན་པས་གནའ་དུས་ཉི་ཟླར་མཆོད་པ་བྱེད་པའི་རྟགས་འཁྲུལ་མེད་ཅིག་བསྟན་པར་སེམས་སོ། །འོན་ཀྱང་། རྒྱ་ཡིག་ཡིག་ཆའི་ནང་འོན་ཤིང་ཀོང་ཇོ་བོད་ལ་མ་ཕེབས་གོང་རི་དེའི་ས་རྡོ་ཐམས་ཅད་བཙག་མདོག་ཡིན་པ་དང་། རྩྭ་སོགས་སྐྱེ་དཀའ་བས་རི་དམར་པོ(赤岭)ཞེས་ཐོགས་ཚུལ་གསལ་མོད། དེང་སང་ཡོངས་གྲགས་སུ་འོན་ཤིང་བོད་ལ་ཕེབས་ལམ་མཚོ་སྔོན་པོའི་ཤར་ལྷོའི་ཐད་ཀྱི་སར་འབྱོར་སྐབས་ཀོང་ཇོའི་ལེགས་ཉེས་བླང་དོར་གསལ་བའི་ཉི་ཟླ་ནོར་བུའི་མེ་ལོང་(日月宝镜)དེ་ལས་ཉི་ཟླ་རི་བོ་ཆགས་ཚུལ་གྱི་ལྷ་སྒྲུང་འདྲ་ཆགས་པོ་ཞིག་ས་དར་རྡོ་དར་དུ་ཁྱབ་ཡོད་ལ། དེས་རྐྱེན་དེང་གི་ཆར་ཉི་མའི་བསིལ་ཁང་དང་ཟླ་བའི་བསིལ་ཁང་ཞེས་པ་གཉིས་ཉི་ཟླ་རི་བོའི་སྟེང་དུ་འགྱིང་ངེར་ལངས་ཡོད་པས་ཉི་ཟླ་རི་བོའི་ཐ་སྙད་དེ་འདོད་རྒྱལ་ཞིག་མ་ཡིན་པར་ཡང་མཆོན་མོད། གོང་ཞུས་རྡོ་ངོས་སུ་ཉི་ཟླའི་དབྱིབས་གཟུགས་གསལ་ཚུལ་ལས་ཐ་དད་དུ་གྱུར་ཡོད་དོ། །   
          མཁས་དབང་ནམ་མཁའི་ནོར་བུའི་བཞེད་པ་ལྟར་ན། རུ་ཐོག་རྫོང་ཁོངས་ཀྱི་བྲག་ངོས་སུ་གསལ་བའི་ཉི་ཟླའི་དབྱིབས་གཟུགས་ལ་བགྲང་བྱ་ཁྲི་ཚོ་བཞི་ཡི་ལོ་རྒྱུས་ལྡན་ཞེས་སྨྲ་ཆོག⑨ཅེས་གསུངས་མོད། ཁོང་གིས་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་བྱས་འབྲས་ཀྱི་དཔྱད་གཞིའི་ཡིག་རིགས་ངོ་སྤྲོད་གནང་མེད་རྐྱེན་ཁོ་བོས་དག་པ་བསྟེར་བར་མ་སྤོབས་ལགས། དེ་བཞིན་སྐུ་ཞབས་དོན་གྲུབ་དབང་འབུམ་ལགས་ཀྱིས་རྒྱ་ཡིག་ཐོག་སྤེལ་བའི་“བོད་ཀྱི་རིག་གནས་ཐོར་བུར་དཔྱད་པ་”ཞེས་པའི་ནང་དུའང་དེ་ཡི་གྲུབ་དུས་རྡོ་ཆས་རྙིང་པའི་དུས་མཇུག་ཏུ་གཏུགས་པར་ཟད་དོ། །གང་ལྟར་ཡང་གནའ་དུས་བོད་གངས་ཅན་གྱི་མེས་པོ་ཚོས་བྲག་ངོས་ཉི་ཟླའི་གཟུགས་རིས་མ་བརྐོས་གོང་། ཉི་ཟླ་ཟུང་ལ་མཆོད་པ་བྱེད་པའི་དམིགས་བསལ་གྱི་སྲོལ་རྒྱུན་ཞིག་ཡོད་པ་ནི་གོར་མ་ཆགས། ངེད་ཀྱི་འདོད་ཚུལ་ལྟར་ན། བོད་ཀྱི་མེས་པོ་ཚོས་ཉི་ཟླ་ཟུང་མཆོད་ཡུལ་དུ་བྱས་མོད། ཐོག་མར་ཉི་ཟླ་ཟུང་ལ་མཆོད་པར་བྱེད་པ་དེ་མཆོད་ཡུལ་གཞན་གྱི་རྨང་གཞིར་བྱས་མེད་ལ། མཆོད་པར་བྱ་ཡུལ་ཡང་རྣམ་ཤེས་སམ་ལྷ་ལྟ་བུ་ཞིག་མིན་གྱི། ཉི་ཟླ་ཟུང་ལ་ཡེ་གདོད་མ་ནས་རང་ཆས་སུ་ཡོད་པའི་འོད་དེ་རང་ཡིན་པར་ངེས་སྙམ་མོ། །   
          ཉི་ཟླ་ཟུང་ལ་མཆོད་པ་བྱེད་ཚུལ་གྱི་རིག་གནས་དེ་ཉིད་ཡིག་ཐོག་ཏུ་འཁོད་ཚུལ་བོད་ཀྱི་དཔེ་རྙིང་རྣམས་ལ་གཏུགས་རིགས་ཏེ། བོན་གཞུང་ནས་བོན་སྟོན་གཤེན་རབ་མི་བོ་ཆེ་ཡི་སྐབས་ཉི་ཟླ་མཆོད་པའི་ཚུལ་ཡོད་དེ། ཉི་ཟླ་ལྟར་ངོས་འཛིན་ཏེ་མཆོད་པར་བྱེད་པའི་སྲོལ་ཡོད་པའི་ཕྱིར། ཚུལ་དེ་གདོད་མའི་བོན་ཆོས་ནང་གི་སྲིད་པ་ཆགས་ཚུལ་གྱི་ལྟ་བ་ལས་གྱེས་པ་གདོན་མི་ཟ། དེ་ཡང་། བོན་ལུགས་ལྟར་ན་སྲིད་པ་གསུམ་དུ་འདོད་དེ། ལྷ་ཡུལ་དང་། མི་ཡུལ། ཀླུ་ཡུལ་བཅས་སོ། །དེ་ལྟར་ལྷ་གཉན་ཀླུ་སོགས་ཀྱི་འབྱུང་འགྲོས་དང་བསྟུན་ཏེ་རིམ་བཞིན་གནམ་མཆོད་པ་དང། ས་མཆོད་པ། མཚོའམ་མཚེའུ་མཆོད་པ་སོགས་ཀྱི་སྲོལ་ལུགས་འབྱུང་། དེ་རྣམས་ཀྱི་ཁྲོད་གནམ་མཆོད་པར་མཚོན་ན། ཉི་མ་མཆོད་པ་དང་། ཟླ་བ་མཆོད་པ་ནི་མཆོད་ཡུལ་ངེས་བཟུང་ཞིག་ཡིན། དེ་ལྟར་ཡིན་ཚུལ་ཡང་། སྣང་སྲིད་མཛོད་ཕུག་གི་རྩ་བ་ལས།   
          “ཉི་ཟླ་གཟའ་སྐར་སྣང་སྲིད་རྒྱན། །   
          རི་རྒྱལ་ལྷུན་པོ་ཡེ་ཤེས་བསྟན། །”   
          ཞེས་གསལ་བ་ལྟར། བོན་ཆོས་དེ་ལྷ་མང་མཆོད་པའི་ཆོས་ལུགས་ཤིག་ཏུ་ངེས་ན། ཐོག་མར་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་དང་འབྲེལ་བའི་ཉི་ཟླ་ཟུང་དེ། མཐའ་མར་དགོན་སྡེ་ཁག་གི་ལྡེབས་རིས་སུ་ཉི་མའི་ལྷ་དང་། ཟླ་བའི་ལྷ་ཞེས་མཆོད་ཡུལ་དུ་བཀུར་ལ། བོན་གྱི་རིག་གནས་འབྱུང་བའི་ཁུངས་སུ་སྨྲ་བར་བྱེད་པ། སྲིད་པ་གསུམ་གྱི་ལྟེ་བ་ལྟ་བུ་ཀེ་ལ་ཤའམ། གངས་ཏི་སེའམ།  གངས་རིན་པོ་ཆེར་གྲགས་པ་དེ་ཡི་རྩ་བ་རྡོ་རྗེ་རྒྱ་གྲམ་གྱི་མར་སྣེ་ཀླུ་ཡུལ་ལ་ཐུག་ཅིང་། སྐུ་མདོག་ཆུ་ཤེལ་གྱི་མདངས་དང་ལྡན་པ་མི་ཡུལ་དུ་ཕྱོགས་པ། རྩེ་མོ་རལ་གྲི་ལྷ་གནས་སུ་བསྙེགས་པ་སྟེ། སྲིད་པ་གསུམ་གར་སྦྲེལ་བའི་གནས་རི་རྩ་ཆེན་ཞིག་ཏུ་ངོས་འཛིན་ཡོད། དེ་ཉིད་སྲིད་པའི་ལྟེ་བའི་ཚུལ་དུ་ལྡེབས་རིས་སུ་གསལ་ཚེ།  རི་སྐེད་གཡས་གཡོན་གཉིས་ཀྱི་མཚམས་སུ་ཉི་མ་དམར་པོ་ཞིག་དང་། ཟླ་བ་དཀར་པོ་ཞིག⑩བཀོད་ཀྱིན་ཡོད་པ་དེ་ཉི་མའི་ལྷ་དང་ཟླ་བའི་ལྷ་གཉིས་ཀྱི་མཚོན་བྱེད་ཡིན་ནོ། །      
གསུམ་པ། སངས་རྒྱས་ཆོས་གཞུང་ནང་ཉི་མ་དམར་པོ་དང་། ཟླ་བ་དཀར་པོ་གཉིས་ལ་བཤད་པ་བྱ་ཚུལ།   
          སངས་རྒྱས་ཆོས་གཞུང་གི་བཤད་སྲོལ་ལྟར་ན། ཉི་མ་དམར་པོ་དང་། ཟླ་བ་དཀར་པོ་གཉིས་ལ་འགྲེལ་བཤད་བྱ་ཚུལ་མི་འདྲ་བ་གཙོ་བོ་ཁག་བཞིར་དབྱེ་ཆོག་པ་གཤམ་གསལ།   
༡ ཉི་ཟླ་ཟུང་དང་སངས་རྒྱས་པའི་ལྷ།   
          སངས་རྒྱས་ཆོས་གཞུང་ནང་ཉི་ཟླ་ཟུང་གི་ལྷའི་ལོ་རྒྱུས་སྐོར་མང་དག་ཅིག་གླེང་ཡོད། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་སུ་སྨྲ་བ་དེང་གི་ཆར་ཡང་།ཐེག་ཆེན་ལུགས་ཀྱི་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་རྣམ་པར་བཞེངས་བཞུགས་པ་རྒྱལ་རྩེ་སྐུ་འབུམ་གྱི་ལྡེབས་རིས་ཐོག་བྱད་གཟུགས་ཤིན་ཏུ་མཛེས་པ་ཉི་མའི་ལྷ་དང་ཟླ་བའི་ལྷ་གཉིས་ཀྱི་གསོན་ཉམས་དོད་པའི་བཀོད་པ་མིག་ལམ་དུ་འཆར་རྒྱུ་ཡོད་ལ། ཉི་ཟླ་ཟུང་གི་ལྷ་སྐུའི་རྣམ་པ་སྐྱིལ་མོ་ཀྲུང་གི་ཚུལ་ལ་ཕྲག་དཔུང་གཡས་པའི་སྟེང་དུ་ཉི་མ་དམར་པོ་འོད་ཟེར་གྱི་དཀྱིལ་འཁོར་ཅན་ཞིག་དང་། ཟླ་ཚེས་དཀར་པོ་གསལ་བ། ལས་རིམ་བཞིན་ལྷ་སྐུ་སོ་སོའི་བྱེད་ལས་སམ་ཁྱད་པར་ཤེས། ཉི་ལྷ་དམར་པོར་ད་དུང་འདྲེན་བྱེད་གྱི་རྟ་བདུན་ཡོད་པ་སྟེ། ངེས་བརྗོད་དང་། ཐིག་ལེ་ཅན། མདོག་ལྔ་པ། ཡིད་མགྱོགས། རི་བོ་འཇོམས། རླུང་། ཤིན་ཏུ་རྒྱལ་མཚན་བཅས་སོ། །རིག་བྱེད་གཏམ་རྒྱུད་ལྟར་ན། རྟ་བདུན་པོས་ཉིན་ལྟར་ཉི་མའི་ལྷ་བཞུགས་པའི་ཤིང་རྟ་འཁོར་ལོ་འདྲེན་ཅིང་ཤར་ནས་ནུབ་ཏུ་བསྐྱོད་པས་ཉི་མར་རྟ་བདུན་དབང་པོ་ཞེས་ཐོགས་པར་ཟད།⑾ བོད་དུ་སངས་རྒྱས་ཆོས་ལུགས་ཁྱབ་བརྡལ་གོང་འཕེལ་བྱུང་བའི་འགྲོས་དང་བསྟུན། ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ལ་ཕྱི་ནང་གསང་གཞན་སོགས་ཀྱི་འགྲེལ་བཤད་བྱ་ཚུལ་སྣ་ཚོགས་ཤིག་བྱུང་བར་སེམས་སོ། །   
༢ ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ཀྱི་ཕྱི་ཡི་འགྲེལ་པ།   
          བོད་ཀྱི་རིག་གནས་ཁྲོད་ཉི་ཟླ་ཟུང་རྟག་ཏུ་རྣམ་པར་གསལ། དེ་ཡང་། འོག་ནས་རིམ་བཞིན་ཟླ་ཚེས་དཀར་པོ་དང་། ཐིག་ལེ་དམར་པོ། ནཱ་ད་སྔོན་པོ་གསུམ་གྱིས་གྲུབ་ཅིང་། ཐུ་བྷོད་རྒྱལ་རབས་མཇུག་འགྲིལ་ཉེར་བཙན་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་བསྣུབས་པའི་ལས་འགུལ་ཛ་དྲག་པོ་སྤེལ་སྟབས་སངས་རྒྱས་ཆོས་ལུགས་པ་མང་པོ་ཞིག་གིས་རང་ཉིད་ཆོས་ལ་དད་པའི་ཡིད་རེ་འགྲུབ་པར་སྐན་ནས་མཚོན་དོན་བརྡ་རྟགས་ལ་བརྟེན་ནས་རང་གི་ཡིད་དབུས་ཀྱི་དད་མོས་མཚོན་པར་བྱེད་པས་དཀར་དམར་སྔོ་གསུམ་གྱི་ཁ་དོག་ལས་གྲུབ་པའི་ཟླ་ཚེས་ཐིག་ལེའི་རི་མོ་དེའང་སྐབས་དེར་དམིགས་བསལ་གྱི་མཆོད་ཡུལ་ཞིག་ཏུ་གྱུར་ཡོད་སྙམ། (དཔེར་ན་སྡོམ་བརྩོན་དམ་པ་བཞིན)ཕྱིས་དེ་ཉིད་འཇིག་རྟེན་པའི་ཡུལ་སྲོལ་ཤིག་ཏུ་གྱུར་ཏེ་བོད་མིའི་སྡོད་ཁང་གི་ཕྱི་སྒོའི་ངོས་སུ་ཟླ་ཚེས་ཐིག་ལེའི་རི་མོ་དེ་བཀོད་དེ། དུས་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཡོང་བར་སྨོན་གྱིན་ཡོད། འོན་ཏང་། དམངས་ཁྲོད་དུ་དེ་གསུམ་གྱི་ཁ་དོག་ཡུགས་ཅིག་ཏུ་དཀར་པོར་བྱེད་པའང་ཧཅང་རྒྱ་ཁྱབ་ཏུ་སོང་ཡོད། དེ་ཡང་། སངས་རྒྱས་ཆོས་གཞུང་ལྟར་ན། རི་མོ་དེའི་ནང་གི་ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་གྱིས་རིམ་བཞིན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྗེ་བཙུན་འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་མགོན་པོ་མཚོན་བྱེད་དུ་སྨྲ་བའོ། །   
༣ ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ཀྱི་ནང་གི་འགྲེལ་པ།  
          ༣. ༡ ཉི་གདན་དམར་པོ་དང་ཟླ་གདན་དཀར་པོ། དེ་ཡང་བོད་དར་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་ཡི་དམ་རྣམས་ཕྱི་ཡི་རྣམ་པའི་ངོས་ནས་ཞི་དྲག་གཉིས་སུ་འབྱེད་ཅིང་། དེ་ཡང་བཞུགས་གདན་མི་འདྲ་བ་རིགས་གཉིས་ཀྱིས་འབྱེད་དེ། ཁྲོ་བོའི་རིགས་རྣམས་ཉི་གདན་དམར་པོར་བཞུགས་སུ་གསོལ་ཅིང་། ཞི་བའི་རིགས་རྣམས་ཟླ་གདན་དཀར་པོར་བཞུགས་སུ་གསོལ་གྱིན་ཡོད།  
          ༣.༢ བྱང་སེམས་དཀར་དམར་གཉིས། དེ་ལ་ཐེག་པ་ཆེན་པོ་ཞེས་བྱང་སེམས་ཐེག་པའམ། ཕར་ཕྱིན་ཐེག་པ་ཞེས་ཡོངས་སུ་གྲགས་པའི་ལུགས་ལྟར་ན། བྱང་སེམས་དེ་ལ་རིགས་གཉིས་སུ་འབྱེད་དེ། ཤེས་རབ་ཀྱི་ཆར་གྱུར་པའི་བྱང་སེམས་དམར་པོ་དང་། ཐབས་ཀྱི་ཆར་གཏོགས་པའི་བྱང་སེམས་དཀར་པོ་གཉིས་སོ། །དེ་གཉིས་ཟུང་དུ་སྦྲེལ་བ་ཞེས་ཐབས་ཤེས་ཟུང་སྦྱོར་གྱི་ཐ་སྙད་བྱེད་པ་ཡིན། དེ་ཡང་བོད་ཀྱི་དམངས་ཁྲོད་ངག་རྒྱུན་ནང་ཉི་མ་བུ་མོར་ངོས་འཛིན་པ་དང་། ཟླ་བ་བུར་ངོས་འཛིན་པ་སྟེ་མི་རིགས་གཞན་གྱི་རིག་གནས་ཁྲོད་ཟླ་བའི་ལྷ་མོ་ཞེས་པའི་སྒྲུང་དང་ཡེ་མི་འདྲ་སྟེ། བོད་ཀྱི་རིག་གནས་ཁྲོད་ཉི་མ་དེ་ཉིད་ཁ་དག་དམར་པོ་ཅན་ཏེ། བུད་མེད་ཤེས་རབ་ཀྱི་ཆ་མཚོན་པར་བྱེད་པ་དང་། ཟླ་བ་ཁ་དོག་དཀར་པོ་ཅན་ཏེ། བུ་ཐབས་ཀྱི་ཆ་མཚོན་པར་བྱེད་པའོ། །དེ་ཡང་ཡིན་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཀུན་གསལ་ཚོན་གྱི་ལས་རིམ་མེ་ཏོག་མདངས་སྟེར་འཇའ་འོད་འབུམ་བྱིན་ཞེས་བྱ་བ་བཞུགས་པའི་གཟིགས་ཕྱོགས་ལེགས་སོ། །ཞེས་པའི་ལག་བྲིས་ཤིག་གི་ནང་འཁོད་དོན། དཀར་དམར་ཚོན་གྱི་ཁྱོ་ཤུག་ཡིན། །⑿ཞེས་གསུངས་པ་ཡང་སངས་རྒྱས་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པར་ཟད། གཞན་ཡང་སངས་རྒྱས་ཆོས་གཞུང་ནང་། ཐབས་ཤེས་གཉིས་པོ་ཐང་དཀར་རྒོད་པོའི་གཤོག་ཟུང་གི་དཔེར་བྱས་ཏེ། གཤོག་པ་ཟུང་ཡ་མ་བྲལ་ན་རང་ཉིད་ཚངས་རྒྱ་བ་ལ་ཨ་སྔོན་མཁའ་དབྱིངས་སུ་རྒོད་པོ་ལྡིང་བ་བཞིན་ཡོང་བར་སྨྲ། དེ་ཡང་སངས་རྒྱས་ཆོས་ལུགས་ཉམས་ལེན་མཁན་ཞིག་ལ་བལྟོས་ན། ཐབས་ཤེས་གཉིས་པོ་མཐར་ཐུག་ཟུང་འཇུག་གི་ལམ་དུ་འགྲོ་དགོས་པ་དེ་ནཱ་ད་སྔོན་པོ་ཡིས་མཚོན་པའོ། །⒀ དེ་ལྟར་དཀར་དམར་གཉིས་ཀྱིས་ཐབས་ཤེས་སམ་ཕོ་མོ་མཚོན་པ་ཙམ་མ་ཟད། སྐབས་རེ་དཀར་དམར་གཉིས་ཀྱིས་རིམ་བཞིན་སྐྱ་བོ་དང་སེར་མོ་བ་ཡང་མཚོན་པར་བྱེད་ཀྱིན་ཡོད་དེ། དཔེར་ན། ས་སྐྱ་གོང་མ་རྣམ་ལྔ་འདྲེན་པའི་སྐབས་དཀར་པོ་རྣམ་གསུམ་དང་། དམར་པོ་རྣམ་གཉིས་སུ་དབྱེ་བ་ལ། ས་ཆེན་ཀུན་དགའ་སྙིང་པོ་དང་། བསོད་ནམས་རྩེ་མོ། གྲགས་པ་རྒྱན་མཚན་གསུམ་ལ་དཀར་པོ་རྣམ་གསུམ་ཞེས་གྲགས་ཏེ། ཁོང་རྣམ་པ་རབ་བྱུང་མིན་པའམ་ན་བཟའ་དཀར་པོ་ཤས་ཆེར་མཆོད་པས་དེ་ལྟར་ཐོགས་པ་ཡིན་ལ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་ག⒁ཉིས་པོར་དམར་པོ་རྣམ་གཉིས་ཞེས་གྲགས་ཏེ། ཁོང་གཉིས་པོ་རབ་བྱུང་ཡིན་ཞིང་ན་བཟའ་ངུར་སྨྲིག་མཆོད་པས་དེ་ལྟར་ཐོགས་པ་ལགས་སོ། །   
༤ ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ཀྱི་གསང་བའི་འགྲེལ་པ།   
          དེ་ཡང་གསང་སྔགས་རྒྱུད་སྡེ་ལྟར་ན་ཟླ་ཚེས་དཀར་པོ་དེས་ཐིག་ལེ་དཀར་པོ་མཚོན་པ་དང་། ཉི་མ་དམར་པོ་དེས་ཐིག་ལེ་དམར་པོ་མཚོན་པ་དང་། ནཱ་ད་སྔོན་པོ་དེས་རླུང་སེམས་ཕྲ་མོ་མཚོན་པའོ། ། གསང་སྔགས་ཆོས་གཞུང་ལ་ཉམས་ལེན་མཛད་མཁན་ཞིག་ཡིན་ཚེ།  དེ་གསུམ་པོ་ནི་སྐུ་གསུམ་ལམ་དུ་འཁྱེར་བའི་ཐབས་བླ་ན་མེད་པ་ཞིག་ཡིན་པར་འདོད་དེ། ཟླ་ཚེས་དཀར་པོས་སྤྲུལ་སྐུ་དང་། ཉི་མ་དམར་པོས་ལོངས་སྐུ། ནཱ་ད་སྔོན་པོས་ཆོས་སྐུ་མཚོན་ལ་ཉམས་ལེན་བྱེད་རིང་ཟླ་ཚེས་དཀར་པོས་སྣང་བ་དཀར་ལམ་པ་མཚོན་པ་དང་། ཉི་མ་དམར་པོས་མཆེད་པ་དམར་ལམ་པ་མཚོན་པ་དང་།ནཱ་ད་སྔོན་པོས་ཉེར་ཐོབ་ནག་ལམ་པ་མཚོན་པ་ཡིན། སྐབས་རེ་ཁ་དོག་གི་ཚོགས་པ་མི་འདྲ་བའི་ནང་སྐུ་གསུམ་མཚོན་བྱེད་ཁ་དོག་མི་འདྲ་བར་འགྱུར་བའང་ཡོད་དེ། དཔེར་ན། སྐུ་ལྔ་བཤད་པའི་སྐབས་རྡོ་རྗེའི་སྐུ་དེ་ཁ་དོག་ལྗང་གུས་མཚོན་ལ་སྔོན་པོས་ཆོས་སྐུ་མཚོན་པར་བྱེད་པའོ། །   
          ཁོ་བོ་ལྟར་ན། གོང་བརྗོད་ཉི་མ་དམར་པོ་དང་ཟླ་བ་དཀར་པོ་གཉིས་ལ་འགྲེལ་པ་མི་འདྲ་བ་ཇི་ལྟར་མང་ཡང་ཆོས་ལུགས་སམ་ལྷ་སྒྲུང་གི་ཁྱབ་ཁོངས་ལས་མ་བྲལ་བར་སེམས་མོད། ཕྱོགས་གཞན་ཞིག་ནས་བལྟས་ན་དེ་ཚུལ་བོད་མི་རིགས་འདི་ཉིད་ཡ་ཐོག་གདོད་མའི་དུས་ནས་རང་གི་བློ་གྲོས་ཀྱི་མུ་མཐའ་མེད་པ་ཞིང་ས་གཤིན་པོར་རིག་པའི་རྩལ་གྱིས་བསྐྲུན་པའི་ཆེས་བདེ་ཉམས་ཕུན་སུམ་ཚོགས་པའི་ཁོར་ཡུག་ཅིག་ཡིད་ཀྱི་ཡུལ་དུ་བྱེད་པའི་དན་རྟགས་འཁྲུལ་མེད་ཅིག་ཡིན་པར་ཟད་དོ། །   
          བཞི་པ། ཉི་ཟླ་ཟུང་གི་དབྱིབས་རིས་གསལ་བའི་དངོས་པོ།   བོད་མི་འཚོ་སྡོད་བྱེད་པའི་ཁོར་ཡུག་ནང་། ཉི་ཟླའི་དབྱིབས་རིས་དང་འབྲེལ་བའི་འབག་དང་། ཆོས་ཆས། ཞྭ་མོ། སྲོག་ཆགས་ཀྱི་མགོ་རུས། སྒོ་སོགས་མང་པོ་ཞིག་ཡོད་པར་སྣང་། དེ་ཡང་ཇི་ལྟར་མིའི་རིགས་ཀྱི་གདོད་མའི་རིག་གནས་དང་ཆོས་ལུགས་ཀྱི་རིག་གནས་ཆེས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པའི་གངས་ལྗོངས་འདིར་ཞལ་འབག་དང་འབྲེལ་བའི་རིག་གནས་ཀྱང་དེ་བཞིན་དུ་དར་ཁྱབ་ཕུན་སུམ་ཚོགས་པོར་མཆིས་ཏེ། དེ་ཡི་ཁུངས་གཏུགས་ས་བོན་ཆོས་དང་ཕྱིས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་མགོ་བརྩམས་ཏེ་སངས་རྒྱས་ཆོས་ལུགས་པའི་འཆམ་དང་། ལྷ་མོའི་འཁྲབ་གཞུང་རྣམ་ཐར་སོགས་ཀྱི་ནང་དུའང་སྤྱོད་སྒོ་ཧ་ཅང་ཆེ་བར་སྣང་། དེ་ལའང་རིགས་མི་འདྲ་བ་མང་ཞིང་བཟོ་ཁྱད་ཐུན་མོང་མ་ཡིན་པ་དུ་མ་ཡོད་ལ་དེ་ཡི་བྱུང་འཕེལ་ལོ་རྒྱུས་ཀྱང་ཧ་ཅང་རིང་ངོ་། །   
          བོད་སྐད་ནང་ཡོངས་གྲགས་འབག་ཅེས་པའི་ཐ་སྙད་བཏགས་པ་ཡིག་ཐོག་ལོ་རྒྱུས་ལ་དཔྱད་ན་སྦ་བཞེད་དང་། སྦ་བཞེད་ཞབས་བཏགས་མ། དབའ་བཞེད་སོགས་ཀྱི་ནང་འབག་ཅེས་པའི་ཐ་སྙད་མང་པོ་ཞིག་ཐོན་གྱིན་འདུག་པ་དེ་རྣམས་ཀྱི་ཐོག་མའི་དགོངས་གཞི་ནི་དེང་དུས་ཀྱི་ཐ་སྙད་ཀྱི་གདགས་སའི་གཞི་དང་ཅུང་མི་འདྲ་བ་སྟེ། འབག་ཅེས་པ་འདྲ་སྐུ་ཉིད་ལ་དམིགས་ཏེ་གསུངས་པ་ལས་གུད་དུ་ཞུལ་འབག་གི་ཐ་སྙད་དུ་བྱས་མི་འདུག  བོད་ཡུལ་དུ་ཆོས་ལུགས་ཀྱི་གསོལ་མཆོད་དང་འབྲེལ་བའི་ཆོ་གའམ་དམངས་ཁྲོད་ཀྱི་ལྷ་མོའི་འཁྲབ་གཞུང་ངམ་གླུ་གར་གང་གི་ཆ་ལའང་ཞལ་འབག་ནི་བྲོ་ཞིམ་ཟས་ལ་ཚྭ་ཡིས་བརྒྱན་པ་དང་གཉིས་སུ་མ་མཆིས་སོ། །   
          སྤྱིར་བཏང་ཞལ་འབག་ལ་ཁ་དོག་གི་སྒོ་ནས་དཀར་སེར་དམར་སྔོ་ནག་ཁྲ་དྲུག་ཙམ་དུ་དབྱེ་ཡོད་ལ། ཁ་དོག་མི་འདྲ་བ་སོ་སོའི་བྱེད་ལས་དང་། མཚོན་ཚུལ་ཡང་མི་འདྲ་བ་དུ་མ་མཆིས་མོད་འདིར་སྐབས་བབས་ཀྱི་གླེང་བྱ་མིན་ལ། ཉི་ཟླའི་རྒྱན་ནམ་ཁྱད་པར་དུ་ཟླ་ཚེས་ཐིག་ལེའི་རྒྱན་ནི་ཞལ་འབག་ཕལ་ཆེ་བར་མེད་ཐབས་མེད་པ་ཞིག་ཡིན། དེ་རྣམས་ཞལ་འབག་གི་ཐོད་པའི་ཆར་གསལ་ཅིང་། ཡོངས་གྲགས་ལྟར་ན་རིགས་གསུམ་མགོན་པོའི་མཚོན་བྱེད་ཡིན་པར་ཡང་སྨྲ། དེ་ཡང་ཉི་དཀྱིལ་དམར་པོས་ཤེས་རབ་ཀྱི་བདག་ཉིད་འཇམ་དཔལ་དབྱངས་དང་། ཟླ་ཚེས་དཀར་པོས་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས། ནཱ་ད་སྔོན་པོས་མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་མཚོན། སྐབས་འགར་རྫེ་བཙུན་སྒྲོལ་དཀར་སོགས་ཀྱི་དབུ་ཐོད་སྨིན་མཚམས་སུ་གསལ་བའི་ཡེ་ཤེས་ཀྱི་སྤྱན་མཚོན་བྱེད་ཡིན་པར་ཡང་སྨྲའོ། །  
          གཞན་ཡང། དམངས་ཁྲོད་དུ་འབྲས་དཀར(བགྲེས་དཀར་ཞེས་པའང་སྣང་)ཞེས་ཕྲག་དཔུང་གཡོན་མར་ར་ལྤགས་དཀར་པོ་ལས་བྱས་པའི་ཞལ་འབག་བཀོན་ཅིང་། ལག་གཡས་པར་འབྲས་རྒྱུག་བསམ་པའི་དོན་གྲུབ་ཅེས་པའི་དབྱུག་པ་ཞིག་ཐོགས་ལ་གཞས་མ་གླུ་ཡི་ལམ་ནས་འབྲས་བཤད་བྱེད་ཚེ། ཐོད་པའི་ཟླ་ཚེས་ཐིག་ལེ་ནས་རིམ་བཞིན་འབྲས་བཤད་བྱེད་པ་ལགས་སོ། །   
          མདོ་སྔགས་ཟུང་སྦྲེལ་གྱི་བསྟན་པ་བོད་ཡུལ་དུ་ས་དར་རྡོ་དར་བྱུང་རྗེས་སངས་རྒྱས་ཆོས་ལུགས་དང་འབྲེལ་ཡོད་ཀྱི་བཟོ་སྐྲུན་ཁག་དང་། ཆོས་ཆས་མི་ཉུང་བ་ཞིག་གི་ངོས་ཉི་མ་དམར་པོ་དང་། ཟླ་བ་དཀར་པོའི་དབྱིབས་རིས་གསལ་ཡོད་པ་དཔེར་ན། མཆོད་རྟེན་དང་། ཁྲི་རྒྱབ་དྲུག་འགྱོགས། བ་དན།  གཏོར་མ། ཕྱག་མཚན་སོགས་མང་དག་ཅིག་ལ་ཉི་ཟླའམ་ཟླ་ཚེས་ཐིག་ལེ་གསལ་ཡོད་ལ། དེ་བཞིན་དུ་བོད་དར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ལ་སྔ་བ་རྙིང་མའི་སྲོལ་འབྱེད་མཁན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཆོད་པའི་ཨོ་རྒྱན་པཎ་ཞྭ། བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་རིན་ཆེན་ཆོས་རྗེའི་དབུ་ཞྭ་ནག་པོ། གེ་གསར་སྒྲུང་མཁན་གྱི་སྒྲུང་ཞྭ། སྟོན་པའི་དབུ་དཔྲོག་ལ་སོགས་པ་མང་པོར་ཡང་ཉི་ཟླའམ་ཟླ་ཚེས་ཐིག་ལེ་གསལ་ཡོད། །   
          དེ་དག་གི་འབྱུང་ཁུངས་སྐོར་བདག་འདྲས་ཁ་ཚོན་གཅོད་རྒྱུ་ནམ་མཁའི་མེ་ཏོག་ལ་ཅོ་འདྲི་བ་ལྟར་ན་སོང་མོད། བོད་ཀྱི་ཡིག་ཆ་རྙིང་པའི་ནང་མཚོ་སྐྱེས་དང་། ཟླ་བའི་མ་མ། ཟླ་བའི་སྲིང་མོ། བདེ་འབྱུང་གཙུག་རྒྱན། གཙུག་ན་ཟླ་བ་སོགས་མང་དག་གསལ་ཡོད་པ་ཟླ་བ་དང་མེད་ན་མི་འབྱུང་གི་འབྲེལ་བ་དམིགས་བསལ་ཞིག་གྲུབ་ཡོད། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་དང་། མངོན་བརྗོད་འཆི་མེད་མཛོད། མཁས་པའི་རྣ་རྒྱན་སོགས་སུ་འཇིག་རྟེན་བྱེད་པོ་ལྷ་དབང་ཕྱུག་ཆེན་པོས་རྒྱ་མཚོ་ལན་གསུམ་བསྲུབས་པས་ལན་དང་པོར་ཟླ་བ་བྱུང་བས་ཟླ་བའི་མིང་ལ་མཚོ་སྐྱེས་ཞེས་བཏགས་ལ་ཟླ་བ་འབྱུང་ས་མཚོ་ཉིད་དུ་ངེས་པས་མཚོ་ལ་ཟླ་བའི་མ་མ་ཞེས་བཏགས། ཕྱིས་ལྷ་ཆེན་གྱིས་ཟླ་བ་ལྷ་གནས་སུ་འཁྱེར་ཏེ་རང་གི་གཙུག་རྒྱན་བྱས་པས་ཟླ་བ་ལ་བདེ་འབྱུང་གཙུག་རྒྱན་ཞེས་མིང་བཏགས་ལ་ལྷ་དབང་ཕྱུག་ཆེན་པོའི་སྤྱི་གཙུག་ཏུ་ཟླ་བ་གནས་པའི་རྒྱུ་མཚན་གྱིས་དབང་ཕྱུག་ལ་གཙུག་ན་ཟླ་བའམ་ཟླ་བའི་ཅོད་པན་ཅན་ཞེས་ཟེར། ཚུལ་དེས་བོད་ཁ་བ་གངས་ཅན་དུ་ཟླ་ཚེས་ཀྱིས་ཞྭ་རྒྱན་བྱེད་པ་དེ་གནའ་རབས་རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་སམ་སྙམ་སྟེ། སངས་རྒྱས་ཆོས་ལུགས་བོད་དུ་མ་དར་གོང་ཉི་ཟླས་ཞྭ་མོའམ་ལ་ཐོད་བརྒྱན་པ་ཞིག་མེད་པར་སེམས་སོ། །   
          དེ་བཞིན་དུ་བོད་པའི་ལོ་གསར་སྐབས་དུད་ཚང་ཚང་མར་གྲོ་སོ་ཕྱེ་མར་སྒྲིག་པ་ཕུད་རྒྱུ་མར་ཚོན་ལས་བྱས་པའི་ཟླ་ཚེས་ཐིག་ལེས་བརྒྱན་པའི་ལུག་མགོ་ཞིག་སྒྲིག་སྲོལ་ཡོད་པ་ཚུལ་དེར་མི་ཚོས་བཤད་པ་བྱེད་ཚུལ་མང་མོད། བོད་འདི་ཉིད་གནའ་བོའི་དུས་སུ་འབྲོག་ལས་གཙོ་བོར་བྱེད་པའི་རིགས་ཤིག་ཡིན་པར་བལྟོས་ཚེ་དེས་འབྲོག་ལས་རིག་གནས་མཚོན་ཞེས་སྨྲ་ན་མི་འཐད་པ་མེད་ཅིང་། ལུག་མགོ་ཞེས་པ་ཁ་སྐད་ནང་ཚིག་ཁྱིམ་གཉིས་པའི་མགོ་ལ་སྣ་སྒྲ་ལྡན་པས་ལོ་མགོ་ཞེས་པ་དང་སྒྲ་ཐག་ཉེ་བས་དེས་ལོ་གསར་རམ་ལོ་གཅིག་གི་ཐོག་མའམ་མགོར་བྱེད་པའང་མཚོན་ནོ། །   
          ཁོ་བོ་ལྟར་ན། ལུག་མགོ་མཆོད་པའི་དོད་དུ་སྒྲིག་གཤོམ་བྱེད་པ་དེ་གནའ་དུས་ཀྱི་དུད་འགྲོའི་རིགས་ལ་དད་པ་བྱེད་སྲོལ་བོད་ཀྱི་ཡུལ་ཁྲོད་རྒྱུན་མཐུད་བྱུང་བ་ཙམ་མ་ཟད། ལུག་མགོ་ཞེས་པའི་སྒྲ་ལོ་མགོར་རྩི་ཚུལ་བོད་སྐད་ཀྱི་ཁོར་ཡུག་ནང་བེད་སྤྱོད་བྱེད་ཚུལ་གྱི་དམིགས་བསལ་གྱི་མཚོན་བྱེད་རིག་གཞུང་ཞིག་ཀྱང་ལགས་སོ། །   
          དེས་མ་ཟད། ཧ་ལམ་སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་ཁམས་སྒང་དྲུག་བར་གྱི་བོད་མིའི་སྡོད་ཁང་ཡོད་དོ་ཅོག་གི་ཕྱི་སྒོའི་ངོས་ལ་ཟླ་ཚེས་ཐིག་ལེའི་དབྱིབས་རིས་བཀོད་ཡོད་ལ། སྒོ་སྟེང་ལ་ལུག་མགོ་དང་། གཡག་མགོ་སོགས་དུད་འགྲོའི་མགོ་སྒྲིག་ཅིང་། སྐབས་རེ་དེ་རྣམས་ཀྱི་ཐོད་པའི་ཆར་ཡང་ཟླ་ཚེས་ཐིག་ལེའི་དབྱེབས་རིས་གསལ་ཡོད། སྤྱིར་གཡག་ཅེས་པ་དེ་མཚོ་བོད་ས་མཐོར་འཚོ་གནས་བྱེད་པའི་སྲོག་ཆགས་དམིགས་བསལ་ཞིག་ཡིན་ལ། གཡག་དེ་ཉིད་བོད་མི་རིགས་ཀྱི་མཚོན་བྱེད་ལྟ་བུར་བྱེད་པའི་སྲོལ་ལུགས་དེ་དོན་དམ་སངས་རྒྱས་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་གངས་སེང་ལས་ཆེས་སྔ་བ་ནི་སྨྲོས་མ་དགོས་པ་ཞིག་ལགས།⒂ དེས་ན། གཡག་དེ་བོད་མིས་དད་པའི་ཐོ་ཐེམ(Totem)མམ་བླ་རྟགས་སམ་མཆོད་ཡུལ་ཞིག་ཏུ་བྱེད་པ་ལ་ཡ་མཚན་དགོས་ཅི་ཞིག་ཡོད་དེ་མེད་དོ། །   
          དེ་ལྟར་བོད་མི་ཞིག་ལ་བལྟོས་ན། ཉི་མ་དམར་པོ་དང་ཟླ་བ་དཀར་པོ་དེ་བོད་ཀྱི་རིག་གནས་ཁྲོད་ཀྱི་མཚོན་བྱེད་ཀྱི་ནུས་པ་དམིགས་བསལ་ཅན་གྱི་རྟགས་སམ་མཚན་མ་ཞིག་ཡིན། དེས་རྣམ་པ་ཀུན་ཏུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་དབར་ནང་བསམ་པ་དང་ཕྱི་དོན་དངོས་གཉིས་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པའི་ཚུལ་དེ་མཚོན་ལ། རི་མོ་དེས་རིམ་བཞིན་ངེད་ཚོར་ཕྱི་ནང་འཇིག་རྟེན་གཉིས་ཀྱི་དེ་བྱུང་འབྲེལ་པ་གྲུབ་ཚུལ་ཐད་དྲན་བསྐུལ་ཞིག་བྱེད་པར་ཡང་ངེས། ཚུལ་དེས་ངེད་ཚོའི་བསམ་པ་དང་དོན་དངོས་འཚོ་བ་གང་གི་ཆར་ཡང་ཤུགས་རྐྱེན་སྔ་ན་མེད་པ་ཞིག་བྱེད་པའང་མྱོང་བས་གྲུབ། སྐབས་རེ་ཉི་ཟླ་དཀར་དམར་གྱི་རྣམ་པར་འདྲེན་བྱེད་ཡུལ་དུ་འཆར་ལ། སྐབས་རེ་དེ་ལས་ལྡོག་སྟེ་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་གསལ་བ། སྐབས་རེ་གཟུགས་ཀྱི་སྐྱེད་མཆེད་ཀྱི་ཚུལ་དུ་ཕྱི་དོན་དུ་གྲུབ་མོད། ཇི་ལྟར་ཁོར་ཡུག་མི་འདྲ་བ་དེ་ལྟར་ཕྱི་ནང་གི་འགྲེལ་པའང་མི་འདྲ། གང་ལྟར་ཡང་བོད་ཀྱི་ཡིག་རྙིང་དཔེ་ཆ་ཁག་ཡིན་ནའང་འདྲ། ཕྱིས་བྱུང་གི་དཔྱད་ཡིག་ཁག་ཡིན་ནའང་ཆོག དེ་བཞིན་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ཡིན་ནའང་འདྲ། ཡང་ན་གསང་སྔགས་དང་འབྲེལ་བའི་རིག་གནས་ཤིག་ཡིན་ནའང་ཆོག དེ་རྣམས་ཉི་ཟླ་དང་དེ་དག་གི་ཁ་དོག་དཀར་དམར་གཉིས་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ནི་སྨྲོས་མ་དགོས་པ་སྟེ། གནའ་ནས་ད་བར་བོད་རྩམ་ཟན་པས་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་དེའི་ནང་ཉི་ཟླའི་མཆོན་རྟགས་ཀྱི་རིག་གནས་དེ་ལྟ་བུའི་ཟབ་རྒྱས་ཤིག་རྒྱུན་འཛིན་ལེགས་སྤེལ་བྱེད་ཐུབ་པ་དེ་ནི་ཁ་བ་རི་པ་སྤྱི་བོ་གནམ་བསྟན་ཀུན་གྱི་ཐུན་མོང་མ་ཡིན་པའི་ནང་སེམས་ཀྱི་ཞི་བའི་ཉམས་སྣང་ཕུན་སུམ་ཚོགས་པ་དེ། ཕྱི་ཉི་ཟླའི་དབྱིབས་རིས་སུ་གསལ་བ་གདོན་མི་ཟ་བ་ཞིག་ལགས་ཞེས་བརྗོད་ན་འགལ་བ་ཆེར་མེད་སྙམ་མོ། ། ། །
མཆན་འགྲེལ།
①དེ་སྔའི་རྒྱལ་ཐང་རྫོང་ཞེས་པའི་ཐ་སྙད་དེ་སྤྱི་ལོ2002ལོའི་ཟླ་5པའི་ཚེས25ནས་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐད་སོར་བཞག་གིས་香格里拉ཞེས་པར་དངོས་སུ་བསྒྱུར་ཏོ། །འོན་ཏེ་བོད་སྐད་དུ་གྲགས་དབང་གིས་ཤམྦྷ་ལར་བསྒྱུར་བ་མང་ངོ་། །
②འཇེམ་སེ་ཧིལ་ཋོན་གྱིས་མཛད་པའི་སྟོངས་བརླག་ཏུ་སོང་བའི་གནམ་སའི་འབྲེལ་མཚམས། ཞེས་པ་སྤྱི་ལོ་1933ལོར་དབྱིན་ཇིའི་རྒྱལ་ས་ལན་ཊོན་གྱི་མེག་གེ་མིད་དཔེ་སྐྲུན་ཁང་ནས་དཔར་དུ་བསྐུན།
③གཏེར་མ་ཚེ་རིང་ཆོས་འཕེལ་གྱིས་རྒྱ་ཡིག་བརྒྱུད་དེ་བོད་ཡིག་ཏུ་བསྒྱུར་བའི་ཁ་བྱང་ལའང་། མི་ཡུལ་གྱི་དག་པའི་ཞིང་ཁམས། ཞེས་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་2002ལོར་དཔར་བཏབ་འདུག་ཅིང་། དེའི་ནང་དུའང་དབྱིན་ཡིགShangri- la→香格里拉→ཤམྦྷ་ལ་ཞེས་བསྒྱུར་བ་ཙམ་མ་ཟད། སྒྱུར་དེབ་ནང་ཤམྦྷ་ལའི་ཞིང་བཀོད་ཀྱི་རི་མོ་གསལ་ཚུལ་དངལོ་ཙཱ་བ་རང་གིས་མཛད་པའི་མཇུག་བྱང་སོགས་ལས་香格里拉དང་། ཤམྦྷ་ལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་ངེས་པར་དཔོག་ཐུབ།
④པར་ཏྲི་ཅི་ཡས(Patricia   bames   Svamey)རྩོམ་སྒྲིག་མཛད་པའི་ཉེའུ་ཡོག་སྤྱི་སྤྱོད་དཔེ་མཛོད་ཁང་ཚན་རིག་དཔྱད་ཡིག(The   new   York   Public   Li-brary-Science   Desk   Reference)ཅེས་པ་ཉོའུ་ཡོག་སི་ཏོན་སོང་དཔེ་སྐྲུན་ཁང་གིས་སྤྱི་ལོ1995ལོར་དཔར། དབྱིན་ཡིག་ལྕགས་པར་མའི་ཤོག་ངོས46པར་གསལ།
⑤ལི་ཡུང་ཤོན་གྱིས་མཛད་པའི་བོད་ཀྱི་གནའ་བོའི་སྒྱུ་རྩལ་ཞེས་པ་ཁྲེང་ཏུ་ཟི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1998ལོར་དཔར། རྒྱ་ཡིག་ལྕགས་པར་མའི་ཤོག་ངོས229པར་གསལ།
⑥དོན་གྲུབ་དབང་འབུམ་གྱིས་མཛད་པའི་བོད་ཀྱི་རིག་གནས་འཕེལ་རིམ་ལོ་རྒྱུས་སྟོད་ཆ།  ལང་གྲུ་ཀན་སུའུ་སློབ་གསོ་དཔེ་སྐྲུན་ཁང་གིས་སྤྱི་ལོ2001ལོར་དཔར། རྒྱ་ཡིག་ལྕགས་པར་མའི་ཤོག་ངོས326-337པར་དཔྱད་གཟིགས་ཞུ།
⑦སེ་ཐན་ཨན( R. A.Stein)གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་སྙན་ངག་དང་གླུ་མ་གཏམ་གྱི་སྒྲུང་མཁན། སྟེང་ཧྲེང་གིས་བསྒྱུར་ཅིང་ཁྲེན་ཆིང་དབྱིང་གིས་ཞུས་དག་མཛད། པེ་ཅིན་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་དཔར། རྒྱ་ཡིག་ལྕགས་པར་མའི་ཤོག་ངོས209པར་གསལ།  གཞན་ཡང་དེབ་འདིའི་སོག་སྐད་མིང་ལBodimirཟེར་ཞིང་། ཧྲེ་མི་ཏེས་མཛད། 1928ལོར་དཔར། ཤོག་ངོས་361པར་གསལ་ཞེས་གོང་གསལ་སེ་ཐན་ཨན་གྱི་དེབ་དེའི་ཤོག་ངོས229པའི་མཆན28ལ་གསལ།
⑧བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ། ལང་གྲུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་དཔར། ལྕགས་པར་མའི་ཤོག་ངོས27པར་གསལ།
⑨ནམ་མཁའི་ནོར་བུས་མཛད་པའི་གནའ་རབས་ཞང་ཞུང་དང་ཐུ་བྷོད་ཀྱི་ལོ་རྒྱུས་ཞེས་པ་པེ་ཅིན་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་1996ལོར་དཔར། རྒྱ་ཡིག་ལྕགས་པར་མའི་ཤོག་ངོས116པར་དཔྱད་གཟིགས་ཞུ།
⑩སྤྱི་ལོའི་དུས་རབས་བཅུ་གཅིག་ནང་བཞེངས་པའི་གྲ་ཐང་དགོན་གྱི་ལྡེབས་རིས་སུ་གསལ་བའི་སྲིད་པའི་བཀོད་པ་དང་། བོན་ལུགས་གཉིས་ཧ་ཅང་འདྲ་ཆེས་པར་སྣང་།
(11)རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་ལྕགས་པར་མའི་ཤོག་ངོས59-62བར་དང་གཞན་ཡང་རྒྱ་གར་གྱི་མཁས་པ་འཆི་མེད་སེངྒེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད། ལྕགས་པར་མའི་ཉི་མའི་མིང་གི་རྣམ་གྲངས་ལའང་དཔྱད་གཟིགས་ཞུ། 
(12)དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་དེའུ་དམར་ཟབ་རྒྱས་ཆོས་གླིང་དུ་མཛད་པའི་ཀུན་གསལ་མཚོན་གྱི་ལས་རིམ་མེ་ཏོག་མདངས་སྟེར་འཇའ་འོད་འབུམ་བྱིན་ཞེས་བྱ་བ་བཞུགས་པའི་གཟིགས་ཕྱོགས་ལེགས་སོ། །ཞེས་པ་སྤྱི་ལོ་1981ལོར་ལྷ་ས་སྨན་རྩིས་ཁང་ནས་ལག་བྲིས་སུ་ཕབ་པའིཤོག་ངོས49པར་གསལ།
(13)དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཤིང་པར་ཤོག་ངོས་པར67གསལ།
(14)མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བོད་མར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་མིང་འདོགས་སྐོར་ལ་དཔྱད་པ་ཞེས་བོད་ལྗོངས་ཞིབ་འཇུག་གི་དཔྱད་རྩོམ་འདེམས་བཏུས་ནང་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་1985ལོར་དཔར། ཤོག་ངོས་189པར་དཔྱད་གཟིགས་ཞུ།
(15)མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བོད་རིག་པའི་ཞིབ་འཇུག་བདུད་རྩི་འཁྱིལ་བ། ཞེས་པ་ལང་གྲུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2003ལོར་དཔར། ལྕགས་པར་ཤོག་ངོས12པར་དཔྱད་གཟིགས་ཞུ།