གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ།

སྤེལ་དུས 2018-08-14 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། གཉའ་གོང་དཀོན་མཆོག་ཚེ་བརྟན། པདྨ་འབུམ།
          དེ་ལ་འདིར་ངེད་ཅག་གིས་བརྗོད་པར་བྱ་བ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་མཆོས་པའི་བོད་བཙན་པོའི་རྒྱལ་རབས་སིལ་བུར་མ་ཐོར་གོང་རྟེན་ཡིག་བྲག་བརྐོས་མ་འགའ་ཡིན་ནོ། །དེ་ཡང་། སྐྱེ་རྒུ་མདོའི་ཡུལ་ག་གེ་མོ་ཞིག་ན་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་ཉིད་ཀྱིས་བཞེངས་པའི་བདེ་གཤེགས་འཁོར་དང་བཅས་པའི་སྐུ་གཟུགས་བཞུགས་པའི་གཙུག་ལག་ཁང་བསམ་གྱི་མི་ཁྱབ་མ་དུ་མ་མཆིས་སོ། ཞེས་པའི་གཏམ་ཞིག་དུས་སྔ་མོ་ཉིད་ནས་ངེད་ཅག་གི་རྣར་སོན་པས། དེར་མཇལ་གྱི་ཀུན་སློང་རྣམ་པར་རྒྱས་ཀྱང་། རྐྱེན་སྣ་ཚོགས་ཀྱི་དབང་གིས་ཕྱི་དལ་དུ་སོང་སྟེ་ད་ལྟའི་བར་ལུས། ད་ལོའི་སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ངེད་ཅག་ལན་ཀྲུའུ་མཁར་ནས་ལམ་ལ་ཆས་ཏེ་སྐྱེ་རྒུར་བསྙེགས་ཞིང་ཚེས་ཉེར་བདུན་ཉིད་བདེ་བླག་ཏུ་ཡུལ་དེ་ག་རང་ལ་འབྱོར། འབྱོར་ནས་ཀྱང་འབྲེལ་ཡོད་ཀྱི་ལས་ཁུངས་སམ་བློ་མཐུན་རྣམ་པའི་རྒྱབ་སྐྱོར་དང་རོགས་རམ་འོག   ཉིན་དུ་མའི་རིང་ལ་དཀའ་བ་ཁྱད་གསོད་ཀྱིས་སྐུ་རྟེན་བཞེངས་གནས་དག་ཏུ་ཕྱིན་ནས་ཞིབ་རྟོག་བགྱིས་མཐར། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་དང་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་ཉིད་ཀྱིས་བཞེངས་པར་གྲགས་པའི་གཙུག་ལག་ཁང་དེ་དུས་ནམ་ཞིག་ལ་བཞེངས་པའི་སྐོར་གྱིདཀར་ཆག་བྲག་བརྐོས་མ་སོགས་ཧ་ཅང་བྲིན་པའི་དཔྱད་གཞིའི་ཡི་གེ་དུ་མ་ངོས་བཤུ་བགྱིས། ལར་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གཙོས་པའི་རྟེན་བྲག་བརྐོས་མ་དེ་དག་གི་ཐད། ཡུལ་དེ་གའི་དམངས་ཁྲོད་ཀྱི་ངག་རྒྱུན་ནམ་ཡི་གེར་བྲིས་པའི་ལྗགས་རྩོམ་སོགས་ན་བརྗོད་ཚུལ་འདྲ་མི་འདྲ་དུ་མ་མཆིས་པ་རྣམས་དཀར་ཆག་བྲག་བརྐོས་མ་དངོས་དང་ཀུན་ནས་ཕྱིན་ཅི་ལོག་པས། མ་དག་རྒྱུན་འབྱམས་སུ་སོང་བའི་བརྗོད་ཚུལ་རྣམས་ཀྱི་ཡོ་བསྲང་ཆེད། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་དེ་དག་ནམ་བཞེངས་ཀྱི་དཀར་ཆག ཁོ་བོ་ཅག་གི་ལྟ་ཚུལ་ཤིན་ཏུ་མ་སྨིན་པ་བཅས་འདིར་མང་བོ་ཀུན་གྱི་གཟིགས་མོར་འབུལ་བར་བྱའོ།     
གཅིག སྐུ་རྟེན་བཞེངས་གནས་དང་དམངས་ཁྲོད་ངག་རྒྱུན་སོགས་ཀྱི་མཚམས་སྦྱོར་མདོར་བསྡུས།
          ཀ་འབིས་མདོའི་སྐོར། སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ཀྱི་དཔལ་ཐང་ནས་བྱང་ཕྱོག་སུ་འབབ་པའི་དཔལ་ཆུ་ལྡོག་བརྒྱུད་ཀྱིས་སྤྱིའི་ལེ་དབར་ཉེར་ལྔ་ཙམ་སོང་ཙ་ན་ལུང་བ་ཁ་ལྷོ་ནུབ་ཕྱོགས་སུ་འཁོར་བ་ཞིག་མཆིས་པ་ལ་འབིས་ཁོག་ཅེས་དེ་གའི་སྐྱེ་བོ་རྣམས་ཀྱི་ཁ་ན་གྲགས་ཀྱང་། ཁ་ཅིག་བེེ་ཁོག་སྟེ་དེར་བེེ་རོ་ཙ་ནའི་སྐུ་གཟུགས་བཞེངས་ལགས་པས་སོ། ཞེས་པ་དང་། ཡང་ཁ་ཅིག་དང་མ་འབུམ་ཁོག་ཅེས་ཀྱང་། རྗེས་སོར་སྐད་ཀྱི་ཟུར་ཆག་ནས་འབིས་ཁོག་ཅེས་སོ། །ཞེས་བརྗོད་ཀྱང་། དེང་སང་གི་སྐད་སོ་ན་འཇོག་པ་ལས་འདོར་ལེན་གྱི་ཁུངས་མ་རྙེད།     དེ་ཡང་། ལུང་མདོ་ནས་ནང་དུ་སྤྱི་ལེ་ཕྱེད་ཙམ་ཕྱིན་པ་ན་བྲག་འཕྲང་ཧ་ཅང་དོག་པོ་ཞིག་ལ་ཐུག་ཅིང་། བྲག་འགག་དེའི་ཕྱི་ལོགས་བྲག་ངོས་ཞིག་ན་མཆོད་རྟེན་བྲག་རིས་མ་གཅིག་བརྐོས་ཡོད་པ་དེ་ཆར་ཆུ་རླུང་གསུམ་གྱིས་ཡུན་རིང་རྡེག་པར་བརྟེན་ཐིག་རིས་ཉམས་ཐལ་བས་རིས་དབྱིབས་ཀུན་པོ་མཐོང་དཀའ། བྲག་འགག་ནང་ལོགས་གཡས་ཕྱོགས་ཀྱི་བྲག་སྐྱིབས་ཤིག་གི་ངོས་སུའང་མཆོད་རྟེན་གྱི་རི་མོ་གཅིག་བརྐོས་ཡོད་པའི་བང་རིམ་གཉིས་པར་“ཆོས་གང་རྒྱུ་ལས་སྐྱེ་བ་ནྀ། །རྒྱུ་བསགས་”ཞེས་ཚིགས་བཅད་འགས་མཆིས་པའི་ཕྱེད་ཕྱི་མ་རྣམས་དག་སོང་བས་ངོས་ཟིན་ཐབས་ཀྱིས་སྟོངས་(འབིས་མདའི་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བྲག་བརྐོས་མའི་ཅ་པ་ལ་གཟིགས། འདི་མན་ནས་འབིས་མདའི་བྲག་བརྐོས་མ་ཞེས་འབྱུང་)དེའི་ཕ་གིའི་བྲག་ངོས་ཁོད་མཉམ་ལ་ཞེང་དང་སྲིད་ཀྱང་ཆེ་ཞིང་མཐོ་བ་ཞིག་ན། གོང་ན་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུ་གཟུགས་ཐིག་རིས་མ་དང་། འོག་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཡིག་ཕྲེང་སུམ་ཅུ་སོ་ལྔ་བརྐོས་ཡོད་པ་དེ་དག་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐིག་རིས་དག་ཕལ་ཆེར་ཉམས་ཚར་བའི་གནས་སུ་གྱུར་ཅིང་། བཟང་སྤྱོད་ཀྱི་སྨོན་ལམ་ཡིག་ཕྲེང་སོ་ལྔ་པོའི་ཡིག་ཕྲེང་དང་པོ་ནས་བདུན་པའི་བར་གྱི་ཡི་གེ་ཉུང་ཤས་ལས་ཀྱང་ཉུང་ཤས་ཙམ་མ་གཏོགས་དག་སོང་བ་དང་། ཡིག་ཕྲེང་གཞན་རྣམས་ཀྱི་ཡི་གེ་མི་ཉུང་ཞིག་ཀྱང་དག་སོང་བའམ་སར་ནུབ་པས་ཤེས་དཀའ་(འབིས་མདའི་བྲག་བརྐོས་མའི་ག་དང་ང་པ་གཉིས་ལ་གཟིགས་)གོང་གསལ་དེ་དང་སྤྱི་ཁྲུ་བརྒྱ་ཙམ་གྱི་བྲག་རྩ་ན་ལྷ་ཁང་ཞིག་མཆིས་པ་ནི་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་ཉིད་ཀྱིས་བཞེངས་པར་གྲགས་པ་དེ་ཡིན་ཞིང་། དེར་བཞུགས་པའི་ལྷ་དགུའི་གཙོ་བོ་རྣམ་པར་སྣང་མཛད་ནི་སེང་ཁྲི་པད་ཟླ་ཅན་ལ་བཞུགས་ཤིང་། དེའི་གཡས་ཕྱོགས་སུ་རིམ་པ་བཞིན་རྗེ་བཙུན་བྱམས་པ་དང་ནམ་མཁའི་སྙིང་པོ་གཉིས་གོང་སའི་སྙིང་པོ་དང་སྤྱན་རས་གཟིགས་གཉིས་འོག   གཡོན་ཕྱོགས་ཏུ་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་གཉིས་གོང་། འཇམ་པའི་དབྱངས་དང་སྒྲིབ་པ་རྣམ་སེལ་གཉིས་འོག་བཅས་ཡར་བཞེངས་པའི་ཚུལ་གྱིས་རྒྱ་ནག་གི་ལུགས་སུ་འབུར་དུ་བརྐོས་ཤིང་། ལྷ་ཁང་གཡོན་ལོགས་ཀྱི་བྲག་ངོས་ནའང་སྔགས་ཡིག་ཕྲེང་བ་འགའ་དང་རྒྱ་ནག་གི་ཡི་གེ་དུ་མ་མཆིས་པའི་མང་ཆེ་བ་དག་སོང་སྟེ། རྒྱ་ཡིག་ལས་“唐志”དང་“波罗密”དང་“波罗密多经”ཙམ་ལས་ངོས་མི་ཟིན་པར་གྱུར་འདུག དེ་དག་ལས་རིན་ཐང་ཆེ་བའི་ཡེ་གེ་སྟེ་སྐུ་རྟེན་ནས་བརྐོས་སོགས་ཀྱི་དཀར་ཆག་ཡིག་ཕྲེང་དགུ་ལྡན་མ་ཞིག་གཡའ་ལེབ་གྲུ་བཞི་ཐིག་ཤིང་ཕྱེད་དང་གཉིས་མཆིས་པ་ཞིག་གི་ངོས་དུ་བརྡ་རྙིང་འབའ་ཞིག་གིས་བྲིས་སོ་ལོ།
           ཁ་ལེབ་ཁོག་གི་སྐོར། སྐྱེ་རྒུ་མདོ་ནས་རླངས་འཁོར་ལ་བསྡད་དེ་ཟི་ལིང་ཕྱོགས་སུ་བགྲོད་པའི་གཞུང་ལམ་བརྒྱུད་ནས་སྤྱིའི་ལེ་དབར་ལྔ་བཅུ་ལྷག་ཕྱིན་ཅིང་། དེ་ནས་ཀྱང་རྐང་ཐང་གིས་འབྲི་ཆུའི་འབབ་ཕྱོགས་བརྒྱུད་དེ་སྤྱི་ལེ་དགུ་ཙམ་སོང་ཙ་ན་གཟོད་ལེབ་ཁོག་(ཀླུ་ཁོག་གི་སྒྲ་ཟུར་ཆག་སྐད་)ལུང་མདོར་སླེབས། དེར་སྤྱན་རས་གཟིགས་ཀྱི་གཟུངས་ཡི་གེ་དྲུག་མ་ལ་སོགས་པ་བགྲང་ལས་འདས་པ་བརྐོས་པའི་རྡེའུ་འབུམ་གཏོས་ཆེན་པོ་གཅིག་དང་མཆོད་རྟེན་ཞིག་ལ་ཉེ་བ་གཅིག་མཆིས་ཤིང་། དེའི་ཕ་རོལ་གྱི་བྲག་ངོས་གཉིས་ན་སོ་སོར་ལྷ་སྐུ་དུ་མའི་ཐིག་རིས་ཡོད་པ་ལས་གཡས་ཕྱོགས་ན་ཕྱག་གཡོན་པར་མེ་ཏོག་བསྣམས་ཤིང་ཡར་བཞེངས་པའི་ཚུལ་གྱིས་བརྐོས་པ་དེ་ནི་བྱམས་ཆེན་ཡིན་སྐད། དེ་བཞེངས་ཁྲིའི་གཡས་ཕྱོགས་སུ་ཡོན་བདག་ལྟ་བུའི་གང་ཟག་གི་སྐྱེ་བོ་བཞི་མཆིས་པ་ལས་གསུམ་ལངས་པའི་ཚུལ་དུ་མཆིས་ཏེ་དང་པོས་གསོལ་ཟས་ཀྱིས་གཏམས་པའི་སྣོད་བཟུང་ཞིང་། བར་མས་(རྒྱ་མོ་ཞིག་ཡིན་པ་འདྲ)མེ་ཏོག་བཟུང་། མཐང་མ་དེ་གཉིས་ཀྱི་རྗེས་སུ་ལངས་པ་དང་། གཞན་གཅིག་གིས་པུས་མོ་སར་བཙུགས་ཀྱིས་ཞལ་ཟས་འདྲེན་བཞིན་པ་བཅས་ཀྱི་ཚུལ་དུ་ལགས། གཡོན་ཕྱོགས་སུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམས་ཀྱིས་སྟག་དང་གླང་ཆེན་དང་ཤ་བ་དང་རྟ་དང་མི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་ཚུལ་བརྐོས་ཡོད་ཀྱང་ཡི་གེ་འདྲ་མེད་དོ(ལེབ་ཁོག་གི་བདེ་གཤེགས་པའི་སྐུ་གསུང་གི་རྟེན་བཞེངས་བྲག་བརྐོས་མ་ཀ་པའི་ཚན་པ་དང་པོ་དང་གཉིས་པ་ལ་གཟིགས། འདི་མན་ནས་ལེབ་ཁོག་གི་བྲག་བརྐོས་མ་ཞེས་འབྱུང་)ལུང་མདོ་དེ་ནས་ནང་ལ་སྤྱི་ལེ་གཅིག་ལྷག་སོང་བའི་གཡོན་ཕྱོགས་ཀྱི་བྲག་སྐྱིབས་ངོས་མཉམ་པོ་གཉིས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཞི་ཁྲོ་དུ་མའི་སྐུའི་ཐིག་རིས་ཡོད་པ་མ་ཟད། ཚེ་དཔག་མེད་ཀྱི་མདོ་ཡིག་ཕྲིང་བཅོ་ལྔ་ལྷག་དང་། ཤེར་ཕྱིན་གྱི་མདོ་ཡིག་ཕྲེང་ཉེར་བདུན་མཆིས་པ་དག་ནི་བརྡ་རྙིང་ཁོ་ཐག་གོ་(ལེབ་ཁོག་གི་བྲག་བརྐོས་མ་ཁ་པའི་ཚན་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་གཟིགས)དེ་ནས་ནང་ལོགས་སུ་སྤྱི་ལེ་གཅིག་ཙམ་ཕྱིན་པའི་གཡས་ཕྱོགས་ཀྱི་བྲག་ཅིག་གི་མདུན་ཐད་ན་བསྔོ་ཡིག་གམ་སྨོན་ལམ་མམ་ཡི་གེར་དྲུག་མའི་གཟུངས་སོགས་བརྐོས་པའི་རྡེའུ་འབུམ་ཧ་ཅང་ཆེན་པོ་ཞིག་ཡོད་ཅིང་། ཤུག་སྡོང་སྦོམ་པོ་ཡལ་འདབ་ཀུན་ནས་རྒྱས་པ་གཅིག་གི་རྒྱབ་ལོགས་བྲག་ངོས་ན་ལྷ་སྐུ་འབུར་བརྐོས་མ་འགའ་མཆིས་པའི་གཤམ་དུ་“སངས་རྒྱས་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེ་དང་ཨརྱབ་ལོ་ལ་ཕྱག་འཚལ་ལོ། རྟའི་ལོ་ལ་བགྱྀས་།།”ཞེས་བརྡ་རྙིམ་མའི་ཡིག་ཕྲེང་གསུམ་མཆིས་(ལེབ་ཁོག་གི་བྲག་བརྐོས་མ་ག་པ་ལ་གཟིགས)དེ་ཡང་ལུང་བ་དེར་ལེབ་ཁོག་གམ་ཀླུ་ཁོག་དང་། བྱིས་ཆུང་ནང་ངམ་བྱེའུ་ཆུང་ནང་། ཞེས་བོད་སྟངས་དུ་མ་ཡོད་ཀྱང་གར་ཞིག་ཡང་དག་པའི་ཆ་མ་འཚལ་ཏེ། མང་མང་ཁ་ན་བརྗོད་པ་ལྟར་བཞག་པ་ལ་བཟོད་པར་མཁྱེན། སྤྱིར་ལུང་བ་དེའི་མདའ་ཕུ་བར་གསུམ་ན་རྡེའུ་འབུམ་ཆེ་མ་ཆུང་གསུམ་མང་པོས་གང་ཡོད་པ་མ་ཟད། ས་ཁར་ཐོན་པའམ་ཆུར་གནས་པའི་རྡོ་འོས་པ་གང་དང་གང་ཡིན་པ་དེ་དང་དེ་ཐམས་ཅད་པོའི་སྟེང་མ་ཎི་དང་བསྔོ་སྨོན་སོགས་བརྐོས་མེད་པ་གཅིག་ཙམ་ཡང་མ་མཆིས་ཏེ། དེར་བགྲོད་པའི་སྐྱེ་བོ་རྣམས་ཀྱིས་བྱེད་རྐང་པའི་གོམ་པ་གཅིག་ཡར་འདེགས་པར་བྱས་པ་ན་སླར་ཡང་གང་ལ་འཇོག་པར་བྱ་བའི་གླགས་མི་རྙེད་པའི་གནས་སུ་འགྱུར་བ་གདོན་མི་ཟའོ།། 
          དེས་ན་ཡུལ་དེ་ག་རང་གི་དམངས་ཁྲོད་ཀྱི་ངག་རྒྱུན་སོགས་སུ་གོང་གསལ་འབིས་དང་ལེབ་ཁོག་གི་བཞེངས་རྟེན་ཐད་རྗོད་ཚུལ་ཅི་དང་ཅི་གདའ་ཞེ་ན། འདི་ལྟ་སྟེ། ཁ་ཅིག་གནའ་བོད་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཀྱིས་རྒྱ་མོ་བཟའ་ཝུན་ཁྲིན་ཀོང་ཇོ་ཁབ་ཏུ་བཞེས་དུས། ཡུམ་རྒྱ་མོ་འཁོར་གཡོག་རྣམས་རྒྱ་ཡུལ་ནས་ས་དེར་སླེབས་པ་ན་ལྕང་མ་དང་གླང་མའི་ཚང་ཚིང་སྟུག་པོས་བགྲོད་ལམ་བཅད་དེ་ཤིང་རྟ་མ་ཐར་བས་ན། འཁོར་རྣམས་ཀྱིས་ཡུམ་རྒྱ་བཟའ་ཉིད་རྒྱབ་ལ་བཏེགས་ནས་འགྲོའོ། ཞེས་བགྲོས་ཀྱང་། རྒྱ་བཟའི་ཐུགས་མ་འཐད་དེ་ན་རེ། ཁོ་མོ་ཤིང་རྟ་ལས་འགྲོ་ཡི། མིའི་རྒྱབ་ལ་མི་བཞོན། ཤིང་རྟའི་སྐྱོད་ལམ་གྱིས་ཤིག ཅེས་བསྒོས་པ་ལྟར་བགྱིས་པས། དེར་ཟླ་བ་གཅིག་ཙམ་ལུས་པའི་རིང་ལ་རྒྱ་བཟས་འབིས་རྣམ་སྣང་ལ་སོགས་པའི་རྟེན་བཞེངས་སོ། །ཞེས་པ་དང་གཅིག ཡང་ཁ་ཅིག་རྒྱ་བཟའི་མངལ་དུ་ནལ་བུ་ཞིག་ཡོད་པ་འབིས་ཁོག་ཏུ་བཙས་ཀྱང་ཚེ་ལས་འདས་པས། དེའི་བསྔོ་རྟེན་དུ་རྒྱ་བཟས་ལྷ་སྐུ་དེ་རྣམས་བཞེངས་པར་མཛད་དོ། །ཞེས་པ་དང་གཉིས་ཏེ་དེ་དག་ནི་ངག་རྒྱུན་ཁོ་ན་ཉིད་དོ།།
          སྐྱེ་རྒུ་དོན་གླིང་དགོན་གྱི་བཙུན་པ་སངས་རྒྱས་རྒྱ་མཚོ་ཉིད་ཀྱིས་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྟེ་སྤྱི་ལོ1958པར་བརྩམས་པའི་《མདོ་སྟོད་གནས་ཆེན་འབིས་རྣམ་སྣང་ཞེས་ལྷ་གཅིག་རྒྱ་བཟའ་ཀོང་ཇོས་བརྐོས་པའི་དཀར་ཆག་དོན་བཞིན་སྟོན་པའི་ཞལ་ལུང་》(འདི་མན་ནས་《ཞལ་ལུང་》ཞེས་འབྱུང་)ལས།། “སླར་ལུང་བསྟན་ལྟར། རྒྱ་བཟའ་ལྷ་གཅིག་སྒྲོལ་མའི་རྣམ་འཕྲུལ་དེ་ཉིད་ཁབ་ཏུ་ཆུང་མར་བཞེས་པའི་ཆེད་དུ། བློན་ཆེན་ཐོན་མི་དང་མགར་ལ་སོགས་པའི་མི་བརྒྱ་ཐམ་པ་མེ་ཕོ་སྤྲེལ་(སྤྱི་ལོ་636)ལོའི་ཟླ་བཞི་པའི་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་རྒྱ་ནག་ཏུ་བྱོན་ནོ། རྒྱ་རྗེ་ཐའི་ཛུང་ལ་ཞུ་བ་དང་ལན་མང་དུ་མཛད་མཐར། སྒོ་རྩར་མཆིས་པའི་རྒྱལ་ཁག་རྣམས་དང་འགྲན་པ་སོགས་ཐབས་སྣ་ཚོགས་ཀྱིས་ལོ་གཅིག་ལྷག་ཙམ་འགོར་ཡང་། རྒྱལ་ཁ་བོད་ཀྱིས་ཐོབ་སྟེ་ལྷ་གཅིག་ཞབས་ཞུས་རིགས་གཟུགས་མཛེས་ལྡན་བུ་བོ་(མོ་)ཉི་ཤུ་རྩ་ལྔས་བསྐོར་ལ། སྟོན་མཆོག་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་སྐུ་ཚད་ཡིད་བཞིན་ནོར་བུ་སོགས་གྱ་ནོམ་པའི་སྐྱེས་དང་བཅས་ཡར་བྱོན་ནོ། །དེ་ཤུལ་དུ་མཁས་པ་མགར་བློན་ནི་མི་སྐྱིན་དུ་བཟུང་ཀྱང་ཟླ་བ་ལྔ་ཡི་མཚམས་ནས་གཡོ་ཐབས་ཀྱིས་བྲོས་པས་ཁོང་སྔོན་དུ་ལྷ་སར་ཕེབས། མདོ་སྟོད་སྐྱུ་ར་ནི་ཇི་སྐད་དུ། འདན་སྟོད་བྲག་རྩ་སྐྱུ་རས་བཟུངས། །སྐྱུ་ར་མི་འགྱུར་འབྲུ་གཅིག་ཡིན། །བྲག་རྩ་མི་འགྱུར་གནས་གཅིག་ཡིན། །ཞེས་པ་ལྟར་འབྲུ་མི་འགྱུར་ཐར་བའི་གནས་བརྒྱད་ཀྱི་གཙོ་བོར་གྱུར་པའི་ས་འདིར། ཀོང་ཇོ་འཁོར་བཅས་ཟླ་གཅིག་ལ་བཞུགས་གནང་ནས་རྣམ་སྣང་ཆེན་པོའི་སྐུ་གཟུགས་བརྐོས་པ་སྟེ། དེ་ཡང་ཆ་ཚད་ནི་ལྟ་གཅིག་དགུང་ལོ་བཅུ་གཉིས་པའི་ཕྱག་གི་ཁྲུ་ཚད་དེ། བྲག་རི་རྩེ་བརྒྱད་འདི་ཡི་ངོས་ཆེ་ལེགས་སྟེང་དུ་རྟེན་གཞལ་ཡས་ཁང་གྲུང་བཞི་སྒོ་གཅིག་པ་འདི་ལ། སངས་རྒྱས་ཀྱི་མཚན་དཔེའི་གྲངས་ལྡན་ཁྲུ་བརྒྱ་དང་བཅུ་གཉིས་མཛད། དེ་ཡི་དབུས་སུ་བརྟེན་པ་ལྷ་དགུའི་གཙོ་བོ་ཐུབ་དབང་གངས་ཅན་མཚོ་རྒྱལ་ཁྲུ་ཉེར་ལྔ་པ་སེང་ཁྲི་པད་ཟླའི་གདན་ལ་རྒྱ་ལུསག་ལོངས་སྐུའི་ཆ་བྱད་ཀྱིས་ཕྱག་གཉིས་མཉམ་བཞག་གིས་བཞུགས་ཤིང་། སྐུའི་གཡས་ནས་རིམ་པ་བཞིན་བྱམས་པ་ཁྲུ་བདུན་པ། དེ་ལྟར་ནམ་སྙིང་། ས་སྙིང་། སྤྱན་རས་གཟིགས། གཡོན་ན་རིམ་པ་(བཞིན་)ཀུན་བཟང་། ཕྱག་རྡོར། འཇམ་དབྱངས། སྒྲིབ་སེལ་རྣམས་བཞེངས་པའི་སྟབས་ཀྱིས་པད་ཟླའི་སྟེང་དུ་རང་རང་གི་ཕྱག་རྒྱ་ཕྱག་མཚན་དང་བཅས་པས་རྒྱ་ལུགས་ཀྱིས་བཞུགས་པའོ། །གཙོ་བོའི་རྒྱབ་ཏུ་བྱང་ཆུབ་ལྗོན་ཤིང་དང་གདུགས་རྒྱལ་མཚན་ལ་སོགས་པས་ཀུན་ནས་མཛེས་པས་ཇི་སྲིད་བསྐལ་བའི་ཡུན་དུ་བཞུགས། གཡས་སུ་སམྦྷོ་ཊའི་ཡིག་གཟུགས་ཚད་ལྡན་བརྡ་རྙིང་ལུགས་ཀྱི་བོད་ཡིག་རྟེན་བརྟེན་པའི་བསྟོད་པ་སྨོན་ལམ་དང་བཅས་པ་ཕྲེང་བཅོ་བརྒྱད། དེ་ཡི་འོག་ཏུ་ཇི་ལྟར་བརྐོས་ཚུལ་དང་དཀར་ཆག་ཕྲེང་བ་ལྔ་(1)ཞེས་བྱུང་བ་དང་། དེ་བཞིན་དུ་《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་མདོར་བསྡུས་》(འདི་མན་ནས་《མདོར་བསྡུས་》ཞེས་འབྱུང་)ལས་ཀྱང་། “སྤྱི་ལོ་641པ་སྟེ་ཐང་གི་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་པར་ཐང་བོད་གཉིས་ཀྱིས་གཉེན་འབྲེལ་དང་པོ་བགྱིས།   ཐང་གི་ཝུན་ཁྲིན་ཀོང་ཇོ་ཤུལ་ཐག་རིང་བའི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་བག་མར་གནང་བ་དེ། ལོ་དེ་ག་རང་གི་ཟླ་དང་པོའི་ཚེས་ཉིན་ལ། ཅང་ཞཱ་ཝང་ལིས་ཏའི་ཙུང་(江夏王李通宋)གིས་སྐྱེལ་སྲུང་གིས་བག་རོགས་ཀྱི་ཚོགས་བཏེག་ནས་ཁྲང་ཨན་དང་བྲལ་ཏེ་ལྷ་སར་བསྙེགས་ཤིང་། (རྒྱ་བཟའ་ཉིད་ཀྱིས)གཡོག་མོའང་ཉེར་ལྔ་ཁྲིད། དེ་རྣམས་རྡོ་ཉི་ཟླ་བརྒྱུད། འ་ཞའི་ཡུལ་དུ་ཕྱིན། དེ་ནས་ཀྱང་ཀོང་ཇོའི་ལྷ་ཁང་(ཝུན་ཁྲིན་ཀོང་ཇོས་འ་ཞའི་ཡུལ་དུ་གནས་སྐབས་ངལ་གསོ་ས)བརྒྱུད་ནས་མཚོ་སྐྱ་རེངས་(སྲོང་བཙན་སྒམ་པོ་ཉིད་ཀྱིས་དམག་ཁྲིད་དེ་བསུ་བ་བྱས་པ་)སུ་སླེབས། འབྲོང་ལུང་རྟ་ཟམ་(དེང་སང་ཚའོ་ལུང་ཐང་ཞེས་བསྒྱུར་ཏེ་ཁྲི་འདུ་རྫོང་གི་ཆུ་སྔོན་ལྷོ་རུ་མཆིས་ཤིང་། ཝུན་ཁྲིན་ཀོང་ཇོས་སྤྱན་འདྲེན་པར་བྱས་པའི་ཇོ་བོ་ཉི་མར་བསྐམས་ས)ནས་བསྐྱོད་པ་དང་། འབྲི་ཆུང་བརྒལ་རྗེས་ལེབ་ཁོག་བརྒྱུད་དེ་འབིས་ཁོག་ཏུ་འབྱོར། བཤུལ་ཐག་རིང་བོ་ནས་བྱོན་པས་དེ་རུ་ཟླ་བ་གཅིག་ལ་ངལ་གསོས། ཝུན་ཁྲིན་ཀོང་ཇོས་བསྒོས་པ་ལྟར་བཟོ་པ་རྣམས་ཀྱིས་བྲག་ངོས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དགུ་བརྐོས། དབུས་སུ་བཞུགས་པའི་སྐུ་ཆེན་པོ་དེར་བོད་སྐད་དུ་རྣམ་པར་སྣང་མཛད་དང་། ལེགས་སྦྱར་སྐད་དུ་མ་ཧཱ་བེེ་རོ་ཙན། རྒྱ་ནག་སྐད་དུ་ཏཱ་རི་རོལ་ལེ་(大日如来)ཟེར། དེའི་གཡས་གཡོན་དུ་བྱང་ཆུབ་སེམས་དཔའ་བཞི་ཡར་ལངས་ཤིང་གོང་འོག་རིམ་པ་གཉིས་གཉིས་སུ་མཆིས། བྱང་ཆུབ་སེམས་དཔའ་དེ་བརྒྱད་པོ་ནི་ཀུན་ཏུ་བཟང་པོ་དང་། འཇམས་པའི་དབྱངས། ཕྱག་ན་རྡོ་རྗེ་སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ། སྤྱན་རས་གཟིགས། བྱམས་པ། སའི་སྙིང་པོ་བཅས་སོ(2)”ཞེས་འབྱུང་། ད་དུང་བརྗོད་ཚུལ་འགའ་རེ་མཆིས་ཀྱང་གཙོ་བོ་གོང་གསལ་དག་སྟེ། ད་ནི་བརྗོད་ཚུལ་དེ་དག་དང་དཀར་ཆག་བྲག་བརྐོས་མ་རྣམས་སྡུར་འབྲེལ་གྱིས་སྐུ་རྟེན་ནམ་བཞེངས་ཀྱི་དུས་དཔྱད་པ་འཇུག་བྱའོ།།
གཉིས། སྐུ་རྟེན་བཞེངས་ལོ་སོགས་དཔྱད་པའི་སྐོར།
          ལར་རྒྱ་མོ་བཟའ་ཝུན་ཁྲིན་ཀོང་ཇོ་ཉིད་བོད་ཡུལ་ལྷ་ལྡན་རྒྱལ་པོའི་ཁབ་ཏུ་འབྱོན་དུས་བྱང་ལམ་མམ་ལྷོ་ལམ་གང་བརྒྱུད་པའི་ཐད་ཤོད་ཚུལ་ངག་རྒྱུན་མ་དང་བཞེད་པ་ལྗགས་རྩོམ་མ་འགའ་རེ་མཆིས་མོད་ཀྱང་། དེ་དག་ལས་ཡང་དག་པ་ཉིད་ནི་འདིའོ། །ཞེས་ངེད་ཅག་གིས་ཁ་ཚོན་མ་ཆོད་དེ་ཡུལ་ཤུལ་དམངས་ཁྲོད་ཀྱི་རྒྱུན་སོགས་གཞིར་བཞག་སྟེ་ས་དེ་ག་རང་ནས་བརྒྱུད་པའི་དབང་དུ་བཏང་ན། ལེབ་ཁོག་གི་ཤར་བྱང་དུ་གཏད་པའི་ལུང་བ་ཞིག་ཡིན་པ་དང་། འབིས་ཁོག་ནི་ལྷོ་ནུབ་ཕྱོགས་སུ་ཁ་གཏད་པའི་ལུང་བ་ཞིག་ཡིན་ཞིང་། དེ་གཉིས་ཀྱི་ལུང་ཕུ་ལ་ཞིག་གིས་བཅད་ཀྱང་བགྲོད་ལམ་ཡོད་ལ། ལེབ་མདའ་ནས་འབིས་མདོའི་བར་ཡང་སྤྱི་ལེ་སུམ་ཅུ་ལྷག་ལས་མེད། དེར་ལེབ་ཁོག་ལུང་རྒྱུད་ཀྱི་ཕ་རི་ཚུར་རི་གཉིས་དང་། ལུང་བའི་གཞུང་གང་དང་གང་གི་སར་ཤུག་སྡོང་དང་། ལྕང་མ། གླང་མ་ལ་སོགས་པའི་ཚང་ཚིང་སྟུག་པོ་ཀུན་ནས་རྒྱས་ཏེ་བགྲོད་ལམ་རྒྱལ་མཚམས་དང་མཚམས་ལ་ལ་ནས་མི་ཐར་ཁད་ཀྱི་གནས་སུ་གྱུར། འབིས་མདའ་ཡང་དེ་ལྟར་འགས་པ་སྤྱི་ལོ1959ཙམ་རྒྱལ་ཁབ་ནང་ལོགས་ནས་མཐའ་འཁོབ་པར་རོགས་རམ་དུ་སླེབས་པ་པོ་དག་གིས་སྐྲ་གཞར་གཞར་གྱིས་བུད་ཤིང་དུ་བཅད་ཚར་སོང། ཞེས་ཡུལ་དེ་གའི་སྐྱེ་བོ་རྒན་མ་རྣམས་ཀྱི་ངག་ལས་ཐོས་ལ། ཐོས་པ་དེ་ནི་བདེན་ཚོད་དེ་བྲག་ངོས་གཡང་གཟར་བོ་ན་ཤུག་སྟོང་སྦོམ་པོ་གཅིག་གཉིས་ལས་མེད་ཀྱང་། ལུང་བའི་ཕར་ཚུར་གྱི་རི་ངོས་དང་ལུང་མཐིལ་དང་བཅས་པའི་ས་ཀུན་ན་ཤུག་པའི་མྱུ་གུ་ཕྲ་མོ་ནང་ཀྱང་ཕྲ་མོ་མང་པོ་དང་ལྕང་གླང་གསར་སྐྱེས་པའི་ཚོགས་ཀྱིས་ས་རྡོ་རིང་བྲག་བརྟོལ་ཏེ་སྔོ་སེང་ངེར་འབུས་དང་འབུ་བཞིན་པར་མཆིས། རྒྱ་བཟའ་འཁོར་དང་བཅས་པ་དེ་ལྟ་བུའི་ཡུལ་ནས་བརྒྱུད་པ་ལ་ཚང་ཚོང་གིས་བགྲོད་ལམ་བཅད་པས། ཤིང་རྟ་ཐར་ལམ་འཚག་བར་དུ་རྒྱ་བཟང་ལུང་བ་དེ་གཉིས་ཀྱི་གང་རུང་ཞིག་གི་གནས་ག་གེ་མོ་རུ་ལས་སླ་བོའི་སྐུ་རྟེན་འདྲ་བཞེངས་ཡོད་ན་ཐང་མོད་ཀྱང་། འབིས་མདའི་རྣམ་སྣང་གཙོ་འཁོར་དགུ་རྒྱ་མོས་བཞེངས་པ་མིན་པ་འདྲ། དགོས་པ་ཅིའི་ཕྱིར་སྐུ་རྟེན་ཞིག་བཞེངས་པའི་ཐད་ལྗགས་རྩོམ་དུ་མར་བརྗོད་ཟིན་པས་འདིར་སྐྱར་སྤྲོས་བྱེད་པ་དོན་གྱིས་སྟོངས། དེ་ཡང་ངག་རྒྱུན་གྱི་བརྗོད་ཚུལ་གཉིས་པ་ནི་ཐེ་ཚོམ་གྱི་གནས་སུ་གྱུར་ཀྱང་། སྤྱིར་རྒྱ་མོ་བཟའ་དེ་ཉིད་བོད་དུ་འབྱོན་ལམ་ནས་བློན་པོ་མགར་ལ་སྒྲུག་ཟོལ་གྱིས་ཡུན་རང་འགོར་བ་དང་། བོད་ལ་འབྱོན་ནས་ཀྱང་ཡབ་ཡུམ་ཞལ་འཛོམས་པ་ལ་མགར་གྱིས་བགེག་སྣ་ཚོགས་བགྱིས་པའི་ངག་རྒྱུན་ཡུལ་གཞན་དང་གཞན་ནའང་ཡོད་ནའང་ཡོད་པ་གཅིག སྒོས་སུ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གཏེར་མ་ལས་ཀྱང་རྒྱ་བཟའ་བོད་དུ་འབྱོར་རྗེས་ལོ་ངོ་དྲུག་ཙམ་ལ་བཙན་པོས་རྗེས་སུ་མ་བཟུང་བར་ལུས་སོ་སྐད་དང་གཉིས། ཁྱད་པར་དབོན་ཞང་གཉིས་ཀྱི་མཚང་བརྟོལ་བར་གནོང་ཡང་དམང་ཁྲོད་དུ་ཤུབ་པ་དང་གསུམ་པོར་བརྟགས་ན། རྒྱ་མོ་བཟའ་ལ་ནལ་ཞུ་ཞིག་འཁྲུངས་པ་ལུགས་ལ་མི་དཔེ། དོན་ལའང་མི་སྲིད་དོ། ཤོད་ཚུལ་དེ་ནི་ངེས་པ་གཏན་ནས་མེད་པའི་འཆལ་གཏམ་མོ། ཞེས་ཁ་ཚོན་གཅོད་པའང་དཀའ་དཀའི་གནས་སུ་གྱུར། འོན་ཀྱང་། དེ་འདྲ་མི་སྲིད་པ་སྐྱབས་མགོན་མཁྱེན་ནོ།། 
          《ཞལ་ལུང་》གི་བཞེད་པ་ནི་གཙོ་ཆེར་《བུ་སྟོན་ཆོས་འབྱུང་》སོགས་ལ་བསྟུན་ནས་བྱུང་བ་འདྲ། རྒྱུ་མཚན་གང་ཞེ་ན། ཇི་སྐད་དུ། “དེའི་སྲས་གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་བཟའ་འབྲི་བཟའ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ་། དབུ་ལུ་ཨ་མི་ཏཱ་པྷ་བཞུགས་པ་ཞིག མེ་མོ་གླང་ལ་བལྟམས་ཏེ། ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ། དབུའི་འོད་དཔག་མེད་དར་ལེབ་རྒན་གྱིས་དཀྲིས་ཏེ། ལོ་བཅུ་གསུམ་པ་རྒྱལ་སར་བཏོན་(3)”ཞེས་དང་། “དེའི་ཚེ་བོད་འབངས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས། དགེ་བཅུའི་ཁྲིམས་བཅས་ཏེ། བོད་རྣམས་ཆོས་ལ་བཀོད་པས། མིང་སྲོང་བཙན་སྒམ་པོར་གྲགས་སོ།།(4)”ཞེས་བྱུང་བས་ན། 《ཞལ་ལུང་》གིས་དཀར་ཆག་བྲག་བརྐོས་མ་དང་འབྲེལ་སྦྱོར་གྱིས་རང་ལུགས་འཐད་ལྡན་དུ་བཞག་སྟེ། ན་རེ། “ཁྱིའི་ལོ་ལ་ཞེས་གསུངས་པ། སྲོང་བཙན་དགོངས་(དགུང་)ལོ་ཉེར་པ་ས་ཕོ་ཁྱི་ཡི་(སྤྱི་ལོ་638)ལོར། ཀོང་ཇོ་ས་ཕག་(སྤྱི་ལོ་639)ལོ་མ་དགུང་ལོ་བཅུ་གཉིས་ཐོག སྐུ་གཟུས་དགུ་པོ་འབུར་དུ་བརྐོས་པ་དང་། དར་མཀུན་གསུངས་པ་ངྷར་མ་སྟེ་ཆོས་ཚན་རིམ་བཞིན་གཡས་ཕྱོགས་སུ་རྒྱུལ་པོའི་ཐུགས་དམ་བཟང་སྤྱོད་ཤྭ་ལོ་ཀ་དྲུག་བཅུ་བ་འགྱུར་རྙིང་དང་ལྷ་དགུའི་བསྟོད་པ་སྨོན་ཚིག་ཅན་ཕྲེང་བཅོ་བརྒྱད་དང་། དེའི་གཤམ་དུ་དཀར་ཆག་ཕྲེང་ལྔ་སྨོན་པའི་མཐའ་ཅན། གཡོན་ཕྱོགས་རྒྱ་གར་ཡིག་རིགས་སྔ་འགྱུར་ཕྲེང་བཅུ་གཉིས་དང་། རྒྱ་ནག་ཡི་གེ་ཕྲེང་བཅུ་དྲུག་ཅན། བོད་ཡིག་མེ་ཏོག་བརྩེགས་གཟུངས་ཕྲེང་སུམ་ཅུ། རྒྱ་གར་ཡི་གེ་དབུ་ཅན་ཕྲེང་བཅོ་ལྔ་ཅན་རྣམས། བློན་པོ་ཐོན་མི་དང་ལྷ་གཅིག་རྒྱ་བཟའི་ཕྱག་བྲིས་གཟོང་གིས་བརྐོས་པའི་སྨོན་ལམ་ལ་སོགས་པ་འདི་རྣམས། ཆེན་པོ་སུ་ཞིག་གི་དུས་སུ་བྱུང་(ཞེ་)ན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་གསུང་སྟེ་ཕྱིས་སུ་གཅེས་མིང་སྲོང་བཙན་སྒམ་པོ་ཞེས་ཡོངས་སུ་གྲགས་པའི་རྗེ་བློན་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གསུམ་གྱིས་ཐོག་དྲངས་ཡོན་བདག་ཕ་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར། བརྐོས་མཁན་དགེ་སློང་ལོ་ཆེན་ཡེ་ཤེས་དབྱསང་ཀྱིས་བགྱིས་སྟེ། གྲོགས་བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། དེ་བཞིན་ལག་གྲོགས་རྒྱལ་བཟང་དང་། དཔལ་ལྡན་དང་ལག་དཔོན་དེ་དག་ཐམས་ཅད་ཕྲལ་ཡུན་ཀུན་ཏུ་དགེ་ལེགས་སུ་བྱེད་པའི་གཞི་བརྟན་པོ་བཙུགས……(5)”ཞེས་འབིས་མདོའི་རྣམ་སྣང་གཙོ་འཁོར་དགུ་དང་བཅས་པ་ནི་བོད་རྒྱལ་ཁྲི་སྲོང་བཙན་སྒམ་པོའི་དུས་ཀྱི་ས་ཁྱིའི་(638)ལོར་བོད་བློན་ཐོན་མི་དང་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་རྣམ་པ་གཉིས་ཀྱིས་“ཕྱག་བྲིས་གཟོང་གིས་བརྐོས་”སོ་ཞེས་བརྗོད་ཀྱང་། དོན་ལ་མ་ཕྱོགས་པ་ནི་“ཁྲི་ལྡེ་སྲོང་བཙན”ཞེས་པ་དེ་དོན་དམ་བཙན་པོ་གང་ལ་ངོས་འཛིན་པར་བྱེད་པ་དེར་རག་ལས་ཤིང་། གནད་དོན་དེ་ཐག་ཆོད་པས་ན་འབིས་མདོའི་བཞེངས་རྟེན་རྣམས་བརྟེན་རྣམས་བརྟེན་པར་མཛད་པའི་“ཁྱིའི་ལོ་”དེ་ཨང་ཀི་གང་ལ་འབེབས་པ་སོགས་བདེ་བླག་ཏུ་བསྒྲུབ་ཐུབ་པར་འགྱུར། འོན་ཀྱང་། གོང་ནས་《བུ་སྟོན་ཆོས་འབྱུང་》ལས་དྲངས་པའི་ལུང་དེ་དང་། དེ་མིན་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། “སྲས་ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོད་གྱིས་དགུང་ལོ་བཞིའི་སྟེང་དུ་རྒྱལ་སྲིད་བཟུང་། ”སློབ་དཔོན་གྱིས་ཆོས་སྐལ་སྩལ། རྒྱལ་རབས་འགའ་ཞིག་ཏུ་རྒྱལ་པོ་འདིའི་མཚན་ལ་ཁྲི་ལྡེ་སྲོང་བཙན་དུ་འཆད་པ་ནི་སྒྲ་སྦྱོར་བམ་གཉིས་ལ་སོགས་མ་མཐོང་བའི་སྐྱོན་ནོ།(6)ཞེས་སད་ན་ལེགས་ཀྱི་མཚན་ལ་ཁྲི་ལྡེ་སྲོང་བཙན་མི་ཟེར་བར་འབྱུང་བའམ། “མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་བོད་འབངས་ཡོངས་ཀྱི་རལ་པའི་ལན་བུ་རྣམ་པར་འདུད་པའི་སེང་གེ་རྐང་པ་བརྒྱད་པའི་ཁྲི་ལ་མངའ་གསོལ་ལོ”།(7)ཞེས་རལ་པ་ཅན་དང་ཁྲི་ལྡེ་སྲོང་བཙན་མི་གཅིག་ཡིན་པར་འབྱུང་མོད་ཀྱང་། བོད་སྔ་རབས་པའི་ལྕགས་རྩོམ་མང་པོ་དང་ཕྱི་རབས་པའི་ཆེད་རྩོམ་དུ་མ། རིགས་གཞན་གྱི་མཁས་པའི་དཔྱད་རྩོམ་མི་ཉུང་བ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་གཏེར་མ། ད་ལྟའི་དུས་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ཁ་དང་སྐྱིད་ཆུའི་རྒྱུད་སྟོང་སྨད་བར་གསུམ་ན་ཀྲོང་ངེར་མཇལ་དུ་ཡོད་པའམ་ཆག་འཇིག་ཏུ་སོང་རུང་ཡི་གེ་ངོས་བཤུས་མ་མཇལ་དུའང་ཡོད་པའི་གཙིགས་ཀྱི་རྡོ་རིང་དུ་མའི་ཡེ་གེ་སོགས་ལས། སྲོང་ལྡེ་བརྩན་ནམ་སྲོང་བརྩན་དང་ཁྲི་སྲོང་བརྩན་དང་སྲོང་བཙན་སྒམ་པོ་ཞེས་འབྱུང་བ་དེ་ནི་འོ་སྐོལ་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་བཟའ་ཝུན་ཀོང་ཇོའི་ཁྱོ་བོ་སྟེ་བོད་བཙན་པོའི་རྒྱལ་བརྒྱུད་སོ་གཉིས་པར་ངོས་འཛིན་པར་བྱས་དང་བྱེད་བཞིན་དང་བྱ་བར་འགྱུར་བ་དེ་ཡིན་པ་དང་། རལ་པ་ཅན་གྱི་མཚན་ལ་ཁྲི་གཙུག་ལྡེ་བཙན་ཟེར་བ་ལས་ཁྲི་ལྡེ་སྲོང་བཙན་དུ་མི་འབོད་དེ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཏེ་བོད་བཙན་པོའི་རྒྱལ་བརྒྱུད་ཞེ་གཅིག་པ་ཡིན་ཞིང་། མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་ནམ་ཁྲི་ལྡེ་སྲོང་བཙན་ཞེས་པ་བཅས་ནི་མི་གཅིག་མིང་གི་རྣམ་གྲངས་ཡིན་གྱི། ལོགས་སུ་དགར་དུ་མེད་དེ་གང་ནི་ཁྲི་སྲོང་ལྡེ་བཙན་གྱི་སྲས། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་ཡབ་སྟེ་བོད་བཙན་པོའི་རྒྱལ་བརྒྱུད་བཞི་བཅུ་པ་དེ་ཁོ་ན་ཉིན་ཡིན་པ་གོར་མ་ཆག་ཀྱང་། དགོས་པ་སྣ་ཚོགས་ཀྱི་དབང་གིས་མི་འཐད་དོ། །ཞེས་ལྟ་ཚུལ་མཁྲེགས་བཟུང་གིས་རང་རང་ཉིད་ཀྱི་བསྙེན་གནས་དག་གི་རྟིང་ནོན་པར་བྱམ་ན་ངེད་ཅག་ལ་ཐབས་ཅི་ཡོད་ཀྱི། བདེར་གཤེགས་རྣམ་པའང་རེ་ཞིག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་མི་འགྱུར་གྲང་། སྤྱིར་ཡང་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐོར་བོད་གངས་ཅན་མཁས་ཆེན་སྔ་མ་གང་དང་གང་ཡིན་པ་རྣམས་པས་བརྩམས་པའི་ལོ་རྒྱུས་དེབ་ཐེར་དེ་དང་དེ་ཚང་མའི་ཁྲོད་ན་ཤོག་ངོས་ཕྱེད་ཀ་ཙམ་མམ་སྐད་ཆ་ཚིག་ཀ་གསུམ་བཞི་ཙམ་གྱིས་ཆོག་པར་མཛད་ཀྱང་།   སྤྱིར་ཆོས་སྲིད་གཉིས་དང་སྒོས་སུ་ཐུབ་བསྟན་དར་བར་སྤེལ་བའི་ཐད་གང་དེ་ཉིད་ཀྱིས་མཛད་རྗེས་མངོན་པར་མཐོ་བ་དང་ངེས་སུ་ལེགས་པ་རེ་བཞག་ཡོད་པ་མི་འགྱུར་རྡོ་རྗེའི་བྲག་ལ་ཡི་གེར་བརྐོས་པ་དབུས་ཁམས་གཉིས་སུ་དེང་ཡང་མཇལ་དུ་ཡོད་མོད་ཀྱང་། གང་དེ་ཁོང་གི་མཛད་རྗེས་རྨད་བྱུང་བ་རྣམས་ཉིད་ཀྱི་ཕྱོགས་ལ་སྦྱོར་རྒྱུ་ཕར་ཟད། ཐ་ན་མིང་ཙམ་གྱི་ངོའང་འཕྲོད་པར་མི་འགྱུར་བ་འདི་ནི་གཞན་རིགས་པ་ཁག་འགེལ་ས་ཅི་ཡང་ཡོད་མ་མཆིས། དཔེར་ན། 《སྒྲ་སྦྱོར་བམ་གཉིས》 ནི་བཙན་པོ་འདི་པའི་འདི་པའི་ཕྱག་ལས་འགངས་ཆེ་བ་ཞིག་ཡིན་རུང་སྲས་ཁྲི་གཙུག་ལྡེ་བཙན་གྱི་རྒྱན་དུ་སྤྲོས་པས། །ཕྱི་ཐོགས་པ་བློ་གསར་རྣམས་ཐེ་ཚོམ་གྱི་དྲར་བཙུད་པ་ལ། ཁྱེད་ཅག་ལ་ཁག་མེད་དེ་རྒན་རབས་པ་ལན་ནོ།   །ཞེས་རང་གནོང་ངེས་འཛིན་གྱིས་དཀར་འདེབས་མཁན་རྗེ་བཙུན་བྱམས་པ་མ་བྱོན་བར་དུ་མཆིས་སམ་འཕྱང་མོ་ཉུག་གོ། འོན་ཀྱང་། ལོ་རྒྱུས་ནི་ལོ་རྒྱུས་ཏེ་ལོ་རྒྱུས་ཁོ་ན་ཉིད་དོ།། 
          《མདོར་བསྡུས་》ནི་《ཞལ་ལུང་》གི་ལྟ་བའི་རྗེས་ཁོ་ནར་འབྲངས་ཤིང་དོན་དངོས་བདེན་སྒྲུབ་ཀྱི་བརྩོན་པ་ཀུན་ནས་སྤངས་ཏེ། “སྒྲོལ་མ་བྲག་ཅེས་སྐྱུ་རའི་གནས་ཆེན་འདིར།   །སྒྲོལ་མ་རང་བྱོན་ཡོད་ཅེས་སྲོང་བཙན་གསུངས། །སྒྲོལ་མ་བྲག་གི་གཡས་ཀྱི་འབིས་ལུང་ལྷ། །སྒྲོལ་མའི་སྤྲུལ་བ་རྒྱ་བཟང་བཞེངས་འདི་རྨད་།།(8)”ཞེས་《ཞལ་ལུང་》གི་རྩོམ་པ་པོས་རང་ལུགས་འཐད་ལྡན་དུ་བཞག་པའི་ཚིགས་བཅད་ཤློོ་ཀ་གཅིག་པོ་འདི་གཙིགས་དམ་པ་ཉིད་དུ་བཟུང་ནས། ན་རེ། “ཚིགས་བཅས་རྐང་པ་འདི་བཞི་པོ་ནི་ལོ་རྒྱུས་ཀྱི་སྙན་ངག་ངོ་མ་ཉིད་དེ། དེ་ཡིས་སྐྱེ་བོ་རྣམས་ལ་སྲོང་བཙན་སྒམ་པོས་པཱའེ་ཧའེ་(柏海)རུ་ཝུན་ཁྲིན་ཀོང་ཇོ་བསུས་པ་ནི་ལོ་རྒྱུས་ངོ་མ་ཡིན་ལ། ཝུན་ཁྲིན་ཀོང་ཇོ་དང་ལྷན་དུ་འབིས་ཁོག་ཏུ་ཕེབས་པའང་ལོ་རྒྱུས་ངོ་མ་ཡིན་ཞིང་། ཝུན་ཁྲིན་ཀོང་ཇོ་ལོ་རྒྱབ་སྐྱོར་གྱིས་འབིས་ཁོག་ཏུ་སངས་རྒྱས་ཀྱི་སྐུ་རྟེན་བརྐོ་བཞེངས་མཛད་པའང་ལོ་རྒྱུས་ངོ་མ་ཉིད་དོ་ཞེས་བརྗོད་དོ་།།”(9)ཞེས་པའི་མུར། “སྤྱི་ལོ་710པ་སྟེ་ཐང་ཀྲུང་ཙུང་གི་ཁྲི་ལོ་ཅིང་ལོང་བཞི་པ(唐中宗景龙四年)ལ། ཐང་བོད་ཟུང་གིས་གཉེན་འབྲེལ་གཉིས་པ་བྱས་ཏེ་ཐང་གི་ཀྱིན་ཁྲིན་ཀོང་ཇོ་ཤུལ་ཐག་རིང་སའི་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་བྱིན།   ཟླ་དང་པོར་ཀྲུང་ཙུང་གིས་གཡོན་སྲུང་དམག་དཔོན་ཆེན་མོ་དབྱང་ཅེའུ(杨矩)ཀྱིན་ཁྲིན་ཀོང་ཇོ་བོད་དུ་སྐྱེལ་བའི་ཕོ་ཉར་བཀས་བསྩལ། ཀྱིན་ཁྲིན་ཀོང་ཇོ་ཉིད་འབྲི་ཆུའི་ལྷོ་ངོགས་ཀྱི་འབིས་ཁོག་ལ་སླེབས་པ་ན་ཝུན་ཁྲིན་ཀོང་ཇོ་ཉིད་ཀྱི་བརྐོས་པའི་སངས་རྒྱས་ཀྱི་སྐུ་རྟེན་རྣམས་རླུང་གིས་བརྡར་བ་དང་ཆར་གྱིས་བརྡེགས་པས་ཁོག་ཞིག་ཏུ་གྱུར་པ་མཐོང་ནས། ལྷ་ཁང་བཞེངས་ཏེ་བཀབ། ཀྱིན་ཁྲིན་ཀོང་ཇོ་བོད་དུ་འབྱོར་ནས་སྲས་ཁྲི་སྲོང་ལྡེ་བཙན་འཁྲུང་རྗེས།། སྤྱི་ལོ་730པར་སླར་ཡང་མི་མངགས་ཏེ་འབིས་ཁོག་གི་ལྷ་ཁང་ཞིག་གསོས་བྱས་པ་མ་ཟད། སྔོན་ཆད་ཝུན་ཁྲིན་ཀོང་ཇོ་ཉིད་ཀྱིས་བཟོ་པ་རྣམས་ལ་བསྒོས་པ་བཞིན་བརྐོས་པའི་སངས་རྒྱས་ཀྱི་སྐུ་རྟེན་དག་བསྐྱར་བརྐོ་བྱས་མཐར། ལྷ་ཁང་སྒོ་ལོགས་ཀྱི་རྡོ་ངོས་སུ་ཐོ་བཀོད་ཅིང་། དེར་སེམས་ཅན་ཐམས་ཅད་དང་ཁྲི་ལྡེ་གཙུག་བཙན།(ཁྲི་སྲོང་ལྡེ་བཙན་ནོ)ཡབ་སྲས་བདེ་བ་དང་སྐྱིད་པ། ཐུབ་བསྟན་དར་ཞིང་རྒྱས་པའི་སྨོན་ལམ་གྱི་ཕྱིར། སྔར་བརྐོས་པའི་སངས་རྒྱས་ཀྱི་སྐུ་རྟེན་གཞིར་བཟུང་གི་སླར་ཡང་བསྐྱར་བརྐོ་ཞིབ་མོ་བྱས་ཏེ་ལྷ་ཁང་འདི་ཉིད་བཞེངས་སོ་།།”ཞེས་པ་འདི་ལས་མཐོང་བ་ནི། ཡུལ་ཤུལ་འབིས་ཁོག་གི་ལྷ་སྐུ་བྲག་བརྐོས་མ་དེ་བརྐོས་བཞེངས་ཀྱི་ཆ་ནས་རྣམ་པར་སྣང་མཛད་ཟེར་དགོས་པ་དང་།  བརྐོ་མགོ་སྡུད་པ་པོ་ནི་ཝུན་ཁྲིན་ཀོང་ཡིན་དགོས་ཤིང་། ལྷ་ཁང་བཞེངས་པ་པོ་ནི་ཀྱིན་ཁྲིན་ཀོང་ཇོ་ཡིན་དགོས་སོ། །འདི་ནི་ད་ལྟའི་བར་ངག་རྒྱུན་དུ་མཆིས་པའི་ཡུལ་ཤུལ་གྱི་‘ཝུན་ཁྲིན་ཀོང་ཇོའི་ལྷ་ཁང་’ཞེས་བྱ་དེའི་གནས་ཚུལ་ངོ་མ་ཉིད་ཡིན་པ་དང་། ལྷ་སྐུ་དང་ལྷ་ཁང་བཞེངས་ཕུབ་བྱེད་པ་པོ་ནི་ཐང་གི་ཀོང་ཇོ་རྣམ་པ་ཟུང་ཡིན་ལ། དེ་དག་ནི་བོད་ཀྱི་བཙན་པོ་རྣམ་གཉིས་ཀྱི་བཙུན་མོ་ཟུང་ཡང་ཡིན་པས། བོད་རྒྱ་མི་དམངས་རྣམས་ཀྱིས་མཐོང་ཤིན་ཏུ་ཆེན་པོ་བྱས། 1957ལོའི་ཟླ་12པའི་ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱས་པ་བརྒྱུད་ཆོག་མཆན་གནང་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དངོས་པོར་སྐྱོབ་སྲུང་བྱེད་པའི་སྡེ་ཚན་གནད་ཆེ་སའི་གྲལ་དུ་བཞག་གོ། །“(10)ཞེས་བྱུང་ཞིང་། བྱུང་བ་དེ་དག་བསམ་སྦྱོར་ལེགས་པའི་གཏམ་དུ་སོང་བ་ཙམ་སྣང་ཡང་། འགལ་འདུའི་ཕུང་པོས་ཁེངས་ལ། དོན་དངོས་མ་དང་ཕྱིན་ཅི་ལོག་པ། དཀར་ཆག་བྲག་བརྐོས་མའི་ཚིག་དོན་ལ་རང་བཟོ་ཅི་དགར་བྱས་པ་སོགས་ཀྱི་དབང་གིས། ལེ་འབིས་ལུང་བ་གཉིས་ན་མཆིས་པའི་སྐུ་རྟེན་གཞན་དང་གཞན་གང་རུང་ཞིག་ལ་འབྱོར་ན་མ་གཏོགས། འབིས་རྣམ་སྣང་གི་སྐུ་རྟེན་དང་གཙུག་ལག་ཁང་དེ་རྒྱ་བཟའ་སྔ་ཕྱི་གང་གིས་བཞེངས་ཕུབ་མཛད་པ་ལ་སྦྱར་ཀྱང་སྦྱར་ཀྱང་སྦྱོར་བྱེད་དུ་མི་འགྲུབ་པ་འདྲ། ཅི་ལག་ཤེ་ན། 
          1ངེད་ཅག་གིས་གོང་ནས་ཀྱང་ཕྱོགས་ཙམ་གླེང་ཟིན་པ་བཞིན། རྒྱ་བཟའ་སྔ་མ་ཝུན་ཁྲིན་ཀོང་ཇོ་ལེབ་འབིས་ལུང་བ་གཉིས་ལ་དངོས་སུ་ཕེབས་མྱོང་བས་ན། རྒྱ་མོ་ཉིད་ཀྱིས་བཀའ་བསྒོས་པ་ལྟར་བཟོ་པ་རྣམས་ནས་བཞེངས་བརྐོས་གནང་བའི་སྐུ་རྟེན་དེ་འབིས་རྣམ་སྣང་གཙོ་འཁོར་དགུ་འདོད་པ་ལས། ལྷ་ཁང་དེའི་གཡོན་ལོགས་བྲག་ངོས་ན་མཆིས་པའི་སྔགས་ཡིག་ཕྲེང་བ་དུ་མ་དང་རྒྱ་ཡིག་ཕྲེང་བ་འགའ་རྒྱ་བཟའ་སྔ་མ་ཐོན་མི་སོགས་ཀྱིས་བརྐོས་པར་འདོད་ཅིང་ཡུལ་དེར་རྒྱ་བཟའ་ཉིས་ཞབས་ཀྱིས་བཅགས་པས་ན་གནས་མཆོག་དམ་པ་ཞིག་ལ་བརྩིས་ནས་འབངས་ཀྱིས་དེར་ཀྱིས་དེར་ཕྱག་སྐོར་བྱས་པ་དང་། ཕྱིས་ཁྲི་ལྡེ་སྲོང་བཙན་རིང་ལ་རྣམ་སྣང་གཙོ་འཁོར་དགུའི་སྐུ་གཟུགས་འབུར་དུ་བརྐོས་པ་མ་ཟད། བཟང་པོ་སྤྱོད་པའི་སྨོན་ལམ་དང་ཕྱོགས་བཅུ་སངས་རྒྱས་དང་མཆོད་རྟེན་གྱི་ཐིག་རིས་ཀྱང་བྲག་ལ་བརྐོས་ཀྱང་། རྣམ་སྣང་གཙུག་ལག་ཁང་བཞེངས་ཕུབ་ཀྱི་འབྲས་བུ་ནི་ཝུན་ཁྲིན་ཀོང་ཇོ་དང་ཐོན་མི་སོགས་ཀྱིས་བྲག་ལ་རྒྱ་གར་ནག་གི་ཡི་གེ་བརྐོས་པའི་རྒྱུ་ལས་བྱུང་བ་མ་ཡིན་ནམ། ཞེས་སྙམ་ན་ཅུང་ཟད་འདྲ་འདྲར་ཕྱོགས་ཀྱང་། དཀར་ཆག་བྲག་བརྐོས་མ་ལས། “བྲགལསྐུགཟུགསདངདརམའདིརྣམསབྲིསཔདངདཀོནམཆོགགསུམགྱིརྟེནགྱྀརྣམ་པ”ཞེས་གནས་དེ་ག་རང་ན་མཆིས་པའི་བདེ་གཤེགས་གཙོ་འཁོར་དགུ་དང་བཅས་པའི་སྐུ་གསུང་ཐུགས་རྟེན་ཡོད་དོ་ཅོག་ནི་དུས་གཅིག་སྟེ་“ཁྱྀའྀ་ལོལ་སྐུགཟུགས་འབུརདུབརྐོསཔདངདརམཀུབྲྀསཔའིསྨོནལམསོགསཔབཙནཁྲྀལྡེསྲོངབཙནགྱྀསྐུརིངལརྗེབློནཡོབདགདངསེམསཅནཐམསཅདཀྱྀདོནགྱིཕྱིརདགེསློངལོཆེནཡེཤེསདབྱངསཀྱིསབགྱྀསྟེ།”ཞེས་ཁ་གསལ་དོཾན་གྱིས་བྱུང་བ་མ་གཏོགས། བཙན་པོ་ཡབ་མེས་སྐུ་གོང་མི་ཞིག་གི་རིང་བཞེངས་པ་ཕྱིས་ཞིག་གསོས་སམ་བསྐྱར་བརྐོ་བྱས་པ་ཚིག་ཟུར་ཙམ་ཡང་མི་སྣང་བས། གོང་གསལ་དག་ནི་འོལ་ཚོད་དུ་ཟད་ཀྱི། བདེན་པར་བསྒྲུབ་པའི་གླགས་རྙེད་དཀའ་ལ། སྲོང་བཙན་སྒམ་པོས“ཝུན་ཁྲིན་ཀོང་ཇོ་ལ་རྒྱབ་སྐྱོར་གྱིས་འབིས་ཁོག་ཏུ་སངས་རྒྱས་ཀྱི་སྐུ་རྟེན་བརྐོ་བཞེངས་མཛད་།”ཕྱིས་སུ་ཀྱིན་ཁྲིན་ཀོང་ཇོ་གནས་དེར་ཕེབས་ཚེ་སྐུ་རྟེན་“ཁོག་ཞིག་ཏུ་གྱུར་པ་མཐོང་ནས། ལྷ་ཁང་བཞེངས་ཏེ་བཀབ།”ཁྲི་སྲོང་ལྡེ་བཙན་འཁྲུངས་རྗེས་ཀྱི་“སྤྱི་ལོ730ལ་སླར་ཡང་མི་མངགས་ཏེ་འབིས་ཁོག་གི་ལྷ་ཁང་ཞིག་གསོས་བྱས་པ་མ་ཟད།”“སྐུ་རྟེན་བསྐྱར་བརྐོ་བྱས་”ནས་དེ་སྐོར་“ཐོ་བཀོད་”བགྱིས་པ་སོགས་བརྗོད་པའང་“ལོ་རྒྱུས་ངོ་མ་”ཞིག་ཏུ་གྱུར་པ་དཀའ་ལས་ཁག་པོའི་གནས་སུ་ལྷུང་ངོ་།། 
          2དཀར་ཆག་བྲག་བརྐོས་མ་ལས་“ཁྱིའིལོལསྐུགཟུགསའབུརདུབརྐོས”ཞེས་སྐུ་རྟེན་བཞེངས་ལོ་དེ་ནི་“བཙན་པོཁྲིལྡེསྲོངཙནགྱིསྐུརིང”ཡིན་པ་གསལ་བོར་བཀོར་ཀྱང་། 《མདོར་བསྡུས》ལས་སྤྱི་ལོ730ཞིག་གསོས་བྱས་པར་བརྗོད། ལོ་དེའང་ཁྲི་སྲོང་ལྡེ་བཙན་འཁྲུངས་རྗེས་འདོད། སྤྱིར་ན་བོད་ཀྱི་བཙན་པོ་རིམ་རྣམ་པ་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་མཁས་པའི་དགོངས་བཞེད་ཅི་རིགས་མཆིས་མོད་ཀྱང་། ཡིག་ཚང་གསར་རྙིང་ཁུངས་མ་མང་པོར་ཁྲི་སྲོང་ལྡེ་བཙན་ནི་ཆུ་རྟ་སྟེ་སྤྱི་ལོ་742པ་ཡུམ་སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང་ལ་འཁྲུངས་པར་འབྱུང་བས། ངེད་ཅག་ཀྱང་དེ་དེ་བཞིན་ནོ།། 《མདོར་བསྡུས》མཁན་པོས་རང་ལུགས་རྟིང་གནོན་གྱིས་དཀར་ཆག་བྲག་བརྐོས་མར“བཙན་པོཁྲྀལྡེསྲོངབཙན་”ཞེས་མཐོང་སྣང་དུ་ཡོད་གཞིར་བཞག་པ་དེ་“ཁྲི་ལྡེ་གཙུག་བཙན་”ཞེས་སྣང་མེད་ཀྱིས་བཅོས་པ་མ་ཟད། ཟླ་ཁྱིམ་དུ“ཁྲི་སྲོང་ལྡེ་བཙན་ནོ”ཞེས་ཆེད་དུ་བཀོད་པ་ནི་ཤིན་ཏུ་ནས་མ་ལེགས། དེ་ཡང་། 《མདོར་བསྡུས》སུ་ལྕགས་རྟ་སྟེ་སྤྱི་ལོ་རྟ་སྟེ་སྤྱི་ལོ་730འབིས་རྣམ་སྣང་གཙུག་ཁང་ཞིག་གསོས་བྱས་ཞེས་བཀོད་པ་དེར་དམིགས་པ་གཏད་སོ་གཅིག་མཆིས་པ་ནི། ལེབ་ཁོག་ཕུའི་སྐུ་རྟེན་འབུར་བརྐོས་མའི་གཤམ་ན“སངས་རྒྱས་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེ་དང་། ཨུརྱ་བ་ལོ་ལ་ཕྱག་འཚལོ།  རྟའི་ལོ་ལ་བགྱྀས་”ཞེས་བརྐོས་པའི་ལོ་དེར་གཟས་ནས། འབིས་ཀྱི་“ཁྱྀ”སྡེ་མཐར་བཏང་སྟེ་དེའི་ཤུལ་དུ་ལེབ་ཀྱི་“རྟ”ཕོ་བཏགས་ནས་ལོ་རྒྱུས་རྒན་པོར་ངོ་སོ་ཞུས་པ་གོར་མ་ཆག་པ་འདྲ། བསམ་སྤྱོད་དེ་ལས་《ཞལ་ལུང་》མཁན་པོ་མཁས་པ་ནི། ཁོང་ན་རེ། “ཞར་བྱུང་ལེབ་འགག་རྣམ་སྣང་རྒྱུ་མཚན་ནི། རྒྱ་བཟའ་སྔོན་མ་བྱོན་དུས་བཞེངས་པ་མིན། རྟ་ཡི་ལོ་ཞེས་ཁ་བྱང་གསལ་བར་བཞུགས། སྲོང་བཙན་ཡབ་ཡུམ་རྒྱ་ནག་ཕེབས་པའི་ཚེ། །བཞེངས་པའམ་ཡང་ན་ཁྲི་སྲོང་སྐུ་དུས་སུ། རྒྱ་བཟའ་ཕྱི་མས་ལམ་བར་བཞེངས་འདྲ་སྟེ། །འབྲི་ཆུའི་འགྲམ་གྱི་སྐུ་གཟུགས་བྱེ་མ་ཞེས།།(11)”ཞེས་བྱུང་བ་ལགས། དེར་རྒྱུ་མཚན་ཅུང་ཟད་ལྡན་པ་གཤམ་གསལ་ལྟར་ཏེ།    
          ལེབ་ཁོག་ལུང་མདོའི་གཡས་ལོགས་ཀྱི་ལྷ་སྐུ་(ལེབ་ཁོག་གི་བྲག་བརྐོས་མ་ཀ་པའི་ཚན་པ་དང་པོ་)ཡར་བཞེངས་པ་དེའི་མཐའ་འཁོར་གྱི་གང་ཟག་སྐྱེ་བོའི་ཐིག་རིས་མ་དག་ལས་གཅིག་ནི་ཕོ་སྐྱེས་ལུས་ལ་ལྭ་རིང་པོ་དང་། མགོར་ལ་ཐོད་གྱིན་(ལ་ཐོད་ཀྱི་རྩེར་ཨ་མི་ཏཱ་བྷའི་དབུ་འབུར་མེད་པ་ཙམ་ལས་སྲོང་བཙན་སྒམ་པོ་དང་གཉིས་སུ་མེད་པ་འདྲ)པ་ཞིག་མཆིས་པ་དེ་བོད་དང་། དེའི་རྗེས་སུ་མཆིས་པ་ནི་རྒྱ་མོ་ཞིག་ཡིན་པ་འདྲ་བས། རྒྱ་བཟའ་སྔ་མ་ཝུན་ཁྲིན་ཀོང་ཇོ་འཁོར་དང་བཅས་པས་འབྲི་ཆུ་བཅད་ནས་ལེབ་ཁོག་བརྒྱུད་དུས། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་རྟེན་འབྲེལ་དུ་ལུང་མདོའི་བྲག་ངོས་གཉིས་ལ་སོ་སོར་སངས་རྒྱས་དང་བྱང་ཆུང་སེམས་དཔའི་སྐུ་གཟུགས་ཐིག་རིས་མ་དང་། ལུང་དཀྱིལ་དུའང་ལྷ་སྐུ་དང་ཚེ་མདོ་སོགས་བཞེངས་པ་མ་ཡིན་ནམ་སྙམ་ཏེ་དཔྱད་པར་འཚལ། དེ་ཡང་། ལེབ་ཁོག་ཕུའི་སྐུ་རྟེན་ནམ་བཞེངས་ཀྱི་ཐད་བཞེངས་རྟེན་གྱི་གཤམ་དུ་“རྟའི་ལོ་ལ་བགྱྀས།”ཞེས་བརྐོས་ཡོད་ཀྱང་། 《ཞལ་ལུང་》ལས་ཀྱང་“རྟ་ཡི་ལོ་ཞེས་ཁ་བྱང་གསལ་བར་བཞུགས། སྲོང་བཙན་ཡབ་ཡུམ་རྒྱ་ནག་ཕེབས་པའི་ཚེ། །བཞེངས་པའམ་ཡང་ན་ཁྲི་སྲོང་སྐུ་དུས་སུ། །རྒྱ་བཟའ་ཕྱི་མས་ལམ་བར་བཞེངས་འདྲ་སྟེ།”ཞེས་རྟ་ལོ་དེ་སྲོང་བཙན་ཏེ་སྲོང་བཙན་སྒམ་པོ་དང་ཝུན་ཁྲིན་ཇོ་གཉིས་རྒྱ་ནག་ནས་ནས་བོད་དུ་ཕེབས་པའི་ཚེ་བཞེངས་པ་ཡིན་ནམ། ཡང་ན་ཁྲི་སྲོང་སྟེ་ཁྲི་སྲོང་བཙན་སྒམ་པོའམ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ངམ། ཡང་ན་རྒྱ་བཟའ་ཕྱི་མ་ཀྱིན་ཁྲིན་ཀོང་ཇོ་བོད་དུ་ཕེབས་ལམ་སོགས་གང་རུང་ཞིག་ཡིན་པ་ཐུགས་ཐག་མ་ཆོད་པས་ཕྱི་རབས་པ་དག་ལ་དྲག་བསླངས་པ་ཙམ་གྱིས་ཆོག་པར་མཛད་པ་དང་། ཡི་གེ་བྲག་བརྐོས་མ་དེ་ཉིད་དུའང་དེ་ཙམ་ལས་མེད་པས། དེ་ལས་ལྷག་པ་ངེད་ཅག་ལའང་བརྗོད་དུ་མ་མཆིས། འོན་ཀྱང་། དེ་ནི་ཀྱིན་ཁྲིན་ཀོང་ཇོ་བོད་དུ་ཕེབས་པའི་ལམ་བར་བཞེངས་སོ་སྐད་ལ་སྒྲུབ་བྱེད་ཚང་དཀའོ། །ཞེས་སྙམ་མོ།། 
          འོ་ན། འབིས་རྣམ་སྣང་གཙུག་ལག་ཁང་ལ་སོགས་པའི་ཐད་ཁྱོད་ཅག་གི་ལྟ་ཚུལ་མདོར་བསྡུས་ན་ཅི། ཞེ་ན། དཀར་ཆག་བྲག་བརྐོས་མ་ལས་བྱུང་བ་དེ་ཁོ་ན་བཞིན་ནོ། །དེར་བཀོད་པའི་བཙན་པོ་ནི་ཁྲི་གཙུག་བཙན་གྱི་དབོན། ཁྲི་སྲོང་ལྡེ་བཙན་གྱི་སྲས། ཁྲི་གཙུག་ལྟེ་བཙན་གྱི་ཡབ་སྟེ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ཡོད་པ་དང་། འབིས་རྣམ་སྣང་གཙོ་འཁོར་དགུ་དང་ཕྱོགས་བཅུ་སངས་རྒྱས་ཀྱིས་ཐིག་རིས་བྲག་བརྐོས་མ། བཟང་པོ་སྤྱོད་པའི་སྨོན་ལམ། བྲག་འགག་ཕྱི་ནང་གི་མཆོད་རྟེན་ཐིག་རིས་མ་བཅས་ནི་མེ་ཕོ་ཁྱི་སྟེ་སྤྱི་ལོ806པར་བཞེངས་ཤིང་། རྒྱ་བཟའ་སྔ་མས་བཞེངས་པ་ནི་ལེབ་མདོའི་སྐུ་རྟེན་བྲག་རིས་མ་དེའམ་། ཡང་ན་འབིས་རྣམ་སྣང་ལྷ་ཁང་གཡོན་ལོགས་བྲག་ངོས་ཀྱི་སྔགས་ཡིག་དང་རྒྱ་རིག་དག་ཡིན་པ་འདྲ། རྒྱ་བཟའ་ཕྱི་མས་ཡུལ་དེ་ག་རང་ལ་སྐུ་རྟེན་བཞེངས་ཡོད་མེད་ད་སྔ་ཆ་མ་འཚལ་ལོ། ཞེས་བྱ་བའི་ལྟ་ཚུལ་ཤིན་ཏུ་མ་སྨིན་པ་འདི་ཙམ་ལགས་ཏེ། ངེད་ཅག་སྐྱེས་སྦྱངས་མཐོང་ཐོས་ལ་སོགས་པའི་ཡོན་ཏན་གྱིས་ཀུན་ནས་དབུལ་བས། མ་རྟོགས་ལོག་དཔྱད་ཀྱི་གནས་ཀྱང་སྲིད་ངེས་པ་ནི་གདོན་མི་ཟ་སྟེ། གཟིགས་པ་བོ་རྣམ་པའི་སྤྱན་སྔ་སེལ་གྱི་གསུང་རེ་གནང་རྒྱུ་སྐུ་མཁྱེན། གསུང་མཁྱེན། ཞེས་སྙིང་ཐག་པ་ནས་ཞུའོ།།
          འདིར་མཇུག་བྱང་གི་ཚུལ་གྱིས་བརྗོད་པར་བྱ་དགོས་པ་ནི། 《ཞལ་ལུང་》ལས་བྱུང་བ་བཞིན། བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་ནས་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་འབྲི་གུང་པས་ཡུལ་དེ་དག་བཟུང་ནས་འབིས་རྣམ་སྣང་གི་གཙུག་ལག་ཁང་དང་བཅས་པ་མཆོད་གཞིར་བཟུང་བ་དང་། དེ་ནས་ཡུན་རིང་འགོར་རྗེས་སྐྱེ་བོན་གསུམ་ལ་སོགས་པའི་དགོན་ཁག་རྣམས་ཀྱིས་ཅི་ནུས་ཀྱིས་ཞབས་ཞུས་མཛད་པ། རབ་བྱུང་བཅུ་བཞི་པའི་ནང་གཏེར་ཆེན་གཏེར་ཆེན་གླིང་པས་སྐོར་ལམ་བཏོད་ཅིང་གནས་ལ་རབ་གནས་མཛད། རབ་བྱུང་བཅོ་ལྔ་པར་རྟོགས་ལྡན་ས་བཅུ་པས་ལྷ་ཁང་ཞིག་རལ་དུ་གྱུར་པ་ཐོག་མར་ཞིག་གསོས་མཛད། རབ་བྱུང་བཅུ་དྲུག་པར་སྒ་ཁྲ་ལེགས་སྐྱབས་མགོན་སྐུ་ཕྲེང་བདུན་པས་གཙུག་ལག་ཁང་གསར་སྐྲུན་བྱེད་པའི་དབུ་མཛད་ཅིང་དྭའུ་བླ་དཔོན་གསུམ་གྱིས་ཨར་ལས་རྫོགས་པར་བྱས། དཀོན་གཉེར་རྣམས་ཀྱིས་མཆོད་རྫས་མང་དུ་ཕུལ། རབ་བྱུང་དྲུག་པའི་ལྕགས་སྟག་(1950)ལོའི་ཟླ་གསུམ་པར་པཎ་ཆེན་ཀརྨ་གུ་རུ་དང་ཁྲ་དགུའི་ཀརྨ་བསམ་གྲུབ། འདམ་དཀར་གྲྭ་དགའ་བཅས་ཀྱིས་སྐུ་རྟེན་ཉམས་གསོ་མཛད། སྐྱེ་དགོན་སངས་མིང་པས་དཀར་ཆག་བྲག་བརྐོས་མར་ཁྲུས་གསོལ་ལེགས་པར་མཛད།  རྗེས་སོར་དཀོན་གཉེར་དགེ་སློང་བསོད་ནམས་ཡར་འཕེལ་གྱིས་ཚོན་རྩི་སོགས་ཀྱིས་སྲི་ཞུ་བླ་ན་མེད་པར་བསྒྲུབས། །ཞེ་མཛད་ཀརྨ་པས་འགྲུབ་མའུ་དང་སྐྱེ་མདོ་ཉི་མ་བཀྲ་ཤིས་བུ་སྤུན་བཅས་ཀྱིས་མཆོད་སྒྲུབ་རྒྱུན་འཇོག་དང་། དཔའ་བོ་དང་གཉེར་ཤུལ་ཁག་ནས་རྣམ་སྣང་ཉེ་སྲས་བརྒྱད་མཆོག་གསར་འཛུགས་སོགས་ཏེ། ཡུལ་དེ་གའི་སྐྱ་སེར་མཆོག་དམན་པར་བ་སྔ་རབས་པ་རྣམས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་གནས་མཆོག་དམ་པ་དེ་ལ་མཆོད་སྒྲུབ་དང་ཞབས་ཏོག་རྒྱུན་ཆག་མེད་པར་མཛད་པས་མངོན་པར་བསྟོད་དོ། དེ་ཡང་། ལོ་བཅུའི་དུས་ལོག་གི་སྐབས་སུ་“རྙིང་བཞི་གཏོར་མཁན་”གྱི་གྱེན་ལོག་པ་དག་ཐེངས་གཅིག་མིན་གཉིས་མིན་ཡང་ཡང་དུ་འབིས་རྣམ་སྣང་གཙུག་ལག་ཁང་ལ་མཆོངས་ཏེ་འཇིགས་ཚད་བཤིགས། ཆོགས་ཚད་བཅགས་པ་བཅས་ཀྱིས་དཀར་ཆག་བྲག་བརྐོས་མ་དེ་ས་སློག་རྡོ་སློག་གིས་བཙལ་ཀྱང་མ་རྙེད་པ་ནི། ད་ལྟ་དགུང་ལོ་རེ་དྲུག་སོན་པའི་མ་ནེ་མཚོ་རྒྱས་སྒྲོལ་མ་ཉིད་ཀྱིས་བསྐུངས་པ་ལགས། གཏུམ་སྤྱོད་པ་དག་གིས་ཨ་ནེ་ལ་འཇིགས་པ་སྣ་ཚོགས་བསྟན་ཀྱང་ཁོང་གིས་བསྲན་བཙུགས་ཏེ་ཚིག་ཟུར་ཙམ་ཡང་མ་ཤོར་བའི་ཁར། སྐབས་འགར་འུ་ཐུག་ནས་སྨྱོས་པའམ་འདོམས་ཀྱིས་གསང་གནས་སྟོན་ཟོལ་གྱིས་ཤམ་ཐབས་ཀྱི་འདབ་ཀ་བརྫེས་པ་ལ་སོགས་པའི་ཐབས་དུ་མས་དཀར་ཆག་ཤིན་ཏུ་བྲིན་པ་དེ་དང་བཅས་པ་བསྐྱབས་པས་བཀའ་དྲིན་བརྗོད་ཀྱིས་མི་ལང་ངོ་། །ཉེ་ལོའི་དུས་ལ་མཚོ་སྔོན་ཞིང་ཆེན་ནས་ཞིག་གསོའི་སྒོར་མོ་ཁྲི་ཕྲག་དུ་མ་གནང་སྟེ་ཁུལ་རིག་གནས་ཁང་གིས་འགན་འཁུར་ནས་ཉམས་གསོ་དང་དཀོན་གཉེར་བསྐོ་བཞག་མཛད་པས། དེང་གི་ཆར་འབིས་རྣམ་སྣང་གཙུག་ལག་ཁང་ནི་ལེགས་པའི་ཚུལ་དུ་མཆིས། རྟེན་གཞན་དང་གཞན་རྣམས་འཇིག་སྐྱོབ་ཞིག་གསོའི་འཆར་གཞིའང་བཀོད་དོ། །ཞེས་ཀྱང་ཐོས་ཏེ་མྱུར་བ་དང་རེམ་པའི་འགག་རྩར་ཐུག་གདའོ།།


བསྟོད།   མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། 
11སིལ་སྙནརྣམསདངབྱུགཔའིགདུགསམཆོགདང། །མར་མྱེམཆོགདངབདུགཔསྤོསཡིསནི། རྒྱལ་བ་དེ་དག་ཀུན་ལམཆོད་པརབགྱྀ། །ནབཟའདམཔརྣམསདངདྲྀམཆོགདང་། །ཕྱེམའྀ(ཕུར་མ་རི་རབ་མཉམ་པ་དང་། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།)

12དེདགརྒྱལབཐམསཅདགངབརམོས། བཟངཔོསྤྱོདལདདཔའིསྟོབསདགགིས། རྒྱལབཀུནལཕྱགའཚལམཆོདཔརབགྱི། འདོདཆགས(ཞེ་སྡང་གཏི་མུག་དབང་གིས་ནི། ལུས་དང་ངག་དང་དེབཞིན། ) ཡིན་ཀྱིས་ཀྱང་། སྡིག་པབདགིསབགྱྀསཔཅིམཆིསཔ། །དེདགཐམསཅདབདགགིསསོསོརབཤགས།། 

13ཕྱོགས་བཅུའྀརྒྱལབཀུནདངསངསརྒྱསསྲས། རངརྒྱལརྣམསདངསློབངྔམྱྀསློབངྔ། །འགྲོབཀུནགྱིབསོདནཾསགངལཡང་། དེདགཀུནགྱྀརྗེསསུབདགཡྀརང་། །(གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག    བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། འཁོར་ལོ་བླ་ན་)མྱེད་(པ་བསྐོར་བར་བསྐུལ། )

14མྱ་ངནའདའསྟོནགངབཞེདདེདགལ། འགྲོབཀུནལཕནཞྀངབདེབའྀཕྱིར། །ཞིངགིརྡུལསྙིདབསྐལཔརབཞུགསཔརཡང། བདགགྀསཐལམོརབསྦྱརགསོལབརབགྱྀ། །ཕྱགའཚལབདངམཆོད(ཅིང་བཤགས་པདང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། འཇིག་རྟེན་དག་ན་གང་བཞུགས་མཆོད་པར་འགྱུར།)

15གང་ཡང་མ་བྱོན་དེ་དག་རབམྱུར་བར། །བྱང་ཆུབ་རྣམཔརཆུབ་པས་×སྤྱོད། །ཕྱོགས་བཅུདུས་གསུམ་སངས་རྒྱས་མཆོད་གྱུར་ཅིག། །ཕྱོགས་བཅུ་××ཇིསྙེད་××××། (བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག)ཕྱོགས་བཅིའྀ﹝སེམས་ཅན་གང་རྣམས་ཇི་སྙེད་པ﹞དེ་རྟགཏུནདམེད།

16 བདེབརགྱུརད། འགྲོ་བ་ཀུན་གྱི་ཆོསཀྱྀདོནརྣམསཎྀ། མཐུནཔརགྱུརཅྀངརེབའངའགྲུབཔརཤོག །བྱང་ཆུབ་སྤྱོད་པ་དགཎྀབདགསྤྱིད་ཅིང་། འགྲོབཀུན(ཏུ་འཆི་འཕོ་སྐྱེ་བ་ན། རྟག་ཏུ་བདག་ནི་རང་ཏུ་འབྱུང་བར་ཤོག)རྒྱལ་བཀུནགྱྀརྗེསསུསློབགྱུརཏེ། བཟངཔོསྤྱོདཔཡོངས་སུསརྫོགསབྱེདཅིང། །ཚུལཁྲིམས། 

17དྲྀམེདཡོངསདགསྤྱོདཔརཤོག ལྷའྀསྐདདངཀླུདངགནོདསྦྱིནསྐད། །གྲུལ་བུམདགངམྱྀཡིསྐདརྣམསདང། འགྲོབཀུནགྱིསྒྲསྐདཇྀཙམཔར། །ཐམསཅདསྐདདུབདགགྀས(ཆོས་བསྟན་ཏོ། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། སྡིག་པ་གང་རྣམས་སྒྲིབ་པར་འགྱུར་བ་དག   དེ་དམ་མ་ལུས་ཡོངས་སུ་བྱུང་བར་ཤོག །ལས་དང་)

18ཉོན་མོངས་བདུད་ཀྱིལསརྣཾས{ལས}། །འཇྀག་རྟེན་རྒྱལ་×རྣཾསགྲོལ×པ་། །ཇིལྟརཔདམོཆུསམིཆགསཔབཞིན། །གཉྀཟླནམཀརཐོགསཔམྱེདཔབཞྀན།  ××××ཕྱོགས་རྣམས(ཇི་ཙམ་པར། ངནསོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། བྱང་ཆུབ་སྤྱོད་པ་ཡོངས་སུ་རྗོགས་བྱེད་ཅིང་།)

19སེམསཅནདགགྀསྤྱོདངྔམམཐུནཔརའཇུག །བཟང་པོ་སྤྱོད་བདགནིརབསྟོནཅིང། མའོངསབསྐལབཀུནཏུསྤྱོདཔརགྱུར། །བདགགྀསྤྱོདདངམཚུངཔརསུསྤྱོད་པ། དེདག(དང་ནི་རྟག་ཏུ་འགྲོགས་པར་ཤོག ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འོདད་པའི་གྲོགས་པོ་དག  བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ་རྣམས། དེ་དག)

20 དང་ཡང་རྟགཏུཕྲདཔར་ཤོག། དེ་དག་བདགགྀསནམཡངཡྀདམྱྀདབྱུང། མགོན་པོསངསརྒྱསསྲསཀྱིསབསྐོར་བའིརྣཾས།། བདག་གྀ××××རྒྱལབམངོནསུཾབལྟ།།×××××

21མའོངས(བསྐལ་བ་ཀུན་ཏུ)སྤྱད་པར་བགྱི། །སྤིད་པཐམསཅད་དུཡང་འཁོར་བ་ན། །བསོདནམས་ཡེ་ཤེས(དག་ནི་)མྱྀ་ཟདརྙེད། །ཐབས་ངྔཤེསརབཏིང་འཛིནརྣམཐརདང་། ཡོད་ཏནཀུནཀྱིམྱྀཟད(མཛོད་དུགྱུར། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། སངས་རྒྱས་སྲས་ཀྱིདབུས་ན་བཞུགས་པ་ལ། བྱང་ཆུབ་སྦྱད་པ་སྤྱོད་ཅིང་བལྟ་བར་བགྱི)

22××མལུསཐམསཆདདུ། །སྐྲ་ཙམ་ཁྱོནལདུསགསུམཚད་སྙེདཀྱྀ། ཞིང་རྣསརྒྱམཚོསངསརྒྱསརྒྱམཚོལ།བསྐལ བསྐལ་བརྒྱམཚོརའཇུགཅིངརབཏུསྤྱོད། །རྒྱལབཀུནདབྱངས(ཡན་ལག་རྣམ་དག་པ།

 འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། དུས་གསུམ་གཤེགས་པ་རྒྱལ་ཐམས་ཅད་དག)

23དེ་དགགིཡངགསུངདབྱངསམཟདལ། །ཆོསཀྱི་འཁོརལོཚུལབཞིནབསྐོརབལ། །བདག་ཀྱང་གློའྀ་སྟོབས་ཀྱྀསརབཏུའཇུག། མ་འོངསབསྐལབཀུནཏུའཇུགཔརཡང། །བདག་གྱྀསསྐདཅིགིསནིའཇུགཔརབགྱི། །(གང་ཡང་བསྐལ་བ་དུས་གསུམ་ཆོད་དེ་དག   སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ)

24རྟག་ཏུ་དེ་དག་ཀུན་གྱྀསྤྱོད་ཡུལ་ལ། །རྣཾཐར་སྒྱུམརགྱུར་བའྀ་སྟོབས་ཀྱིསའཇུག །དུས་གསུཾགངདགགྀནིཞིང་བཀོད་པ། དེདགརྡུལགཅྀགསྟེངདུམངོནཔརབསྒྲུབ། །དེལྟརམལུསཕྱོགསརྣཾས(ཐམས་ཅད་དུ)རྒྱལབདགགྀཞིངབཀོདརྣམསལའཇུག   བྱངཆུབ×××××། དེ་དག་རིམཔརའཚངརྒྱའཁོརལོསྐོར། །མྱ་ངན་འདས་པ་རབ་ཏུཞིམཐའསྟོན། 

25མགོན་པོ་ཀུནགྱིདྲུངདུབདགམཆིའོ། །རྫུའཕྲུལཀུནདུམྱུརབའིསྟོབསརྣམསངྔ། །ཐེག་པཀུནནསསྒོའིསྟོབསདགངྔ། ཡོནཏནཀུནདུསྤྱོདཔའིསྟོབསརྣམསངྔ། །བྱམསཔཀུནདུཁྱབཔར××××ཀུནདུདགེབའིབསོདནམསསྟོབསརྣམསདང་། ཆགསཔམྱེདཔརགྱུརཔའྀ﹝ཡེ་ཤེས་སྟོབས﹞ཤེསརབཐབསདངཏྔའཛིན﹝སྟོབས་དག་གིས﹞བྱང་ཆུབསྟོབསརྣམས་ཡངདགསྒྲུབཔརབྱེད།།

26ལསཀྱིསྟོབསརྣམསཡོངས་སུདགབྱེདཅིང། ཉོན་མོངསསྟོབསརྣམསཀུནཏུའཇོམསཔརབྱེད། བདུདཀྱི་སྟོབསརྣམས(སྟོབས་མེད་རབ་བྱེད་ཅིང་།    བཟང་པོ་སྤྱོད་པའི)སྟོབསནིརྫོགསཔརབགྱི། །ཞྀངརྣམསརྒྱམཚོརྣམཔརདགབྱེདཅིང། སེམས་ཅནརྒྱམཚོདག(ནི་རྣམ་པར་གྲོལ)ཆོས་རྣམསརྒྱམཚོརབཏུམཐོངབྱེདཅིང། ཡེ་ཤེསརྒྱམཚོརབཏུགོམས(པར་བྱེད)སྤྱོད་པརྒྱམཚོརྣམཔར

27དགབྱེདཅྀང། སྨོནལམརྒྱམཚོརབཏུརྫོགསཔརབྱེད། །སངས་རྒྱསརྒྱམཚོརབདུམཆོདབྱེད་པ། །བསྐལ་བརྒྱམཚོརམྱྀ

སྐྱོསྤྱདཔརབགྱི། དུསགསུམགཤེགསཔའིརྒྱལབགངདགགི །བྱང་ཆུབསྤྱོདཔའྀསྨོནལམ(བྱེ་བྲག)རྣཾས། བཟངཔོསྤྱོདཔས(བྱང་ཆུབ་སངས་རྒྱས་ནས་)དེ་ཀུནམལུསབདགགིསརྫོགསཔརབབགྱྀ། །རྒྱལབཀུནགྱྀསྲསཀྱྀཐུབོཔ། །མྱིངནིཀུནདུབཟངཞེསགངབྱབ། མཁས་པ་དེ་(དང་མཚུངས་པར་སྤྱད་པའི་ཕྱིར)

28དགེབའདིཀུནལནིརབདུབསྔོ། ལུསངྔགངྔ་ཡྀདཀྱངརྣམདགགཅིང། སྤྱོདཔཡོངསདགཞྀངརྣམསསཡོངསདགངྔ། ཇིལྟརབཟངཔོསསྔོབདེབཞིནདུ། །དེའདྲརབདགཀྱང་དེདངམཚུངསཔརཤོག། བཟངཔོསྤྱོདཔཀུནདུདདགེབདང། འཇམ་དཔལགྱིནིསྨོནལམསྤྱདཔརབབགྱི། །མའོངསབསྐལབཀུནདུམྱིསྐྱོབར། དེཡིབྱབམལུསརྫོགསཔརབགྱི། སྤྱོདཔགལཚདཡོདམགྱུརཅིག །ཡོནཏནརྣམསཀྱངཚདགཟུང

29མྱེདཔརཤོག །སྤྱོདཔཚདམྱེདཔལགནསབྱསནས།། །དེཡིརྫུའཕྲུལཐམསཆདའཆལབརབགྱི། །ནམཀའྀམཐརགྱུརཐུགཔཅིཙམཔ། 

།སེམསཅནམལུསམཐའཡངདེབཞིནདེ། །ལསངྔཉོནམོངསནཾཟདཇིཙམབར། བདགགིསྨོནལམམཐའནིདེབཞིནནོ།།ཕྱོགས་བཅུ་གངནཞྀངརྣམསམཐའཡསཔ།རིནཆེནརྒྱནདེརྒྱལབ××××

30ཞིངགིརྡུལསྙེདབསྐལབརཕུལབབས། གངགྀསབསྔོབའྀརྒྱལབོའདིཐོསནས།   བྱང་ཆུབ་མཆོགགྀརྗེསསུརབམོསཤིང། ལནཅྀགཙམ་ཡངདདཔབསྐྱེདཔནྀ། བསོདནམསདམཔའིམཆོགདུདེའགྱུརརོ། གངགིསབཟངསྤྱོདསྨོནལམའདིབཏབཔས། དེསནིངནའགྲོཐམསཅདསྤངཔརའགྱུར།××××××

31མྱྀཚེའདིརཡངདེདགལེགསཔརའོངས། །ཀུན་ཏུབཟངཔོདེཡངཇིའདྲབར། །དེདགརིངཔོམྱྀཐོགསདེའདྲརའགྱུར། །མཚམསམྱེདལྔཔོདགགྀསྡིགཔརྣམས། །གང་གྀསམྱྀཤེསདབངགིསབྱསཔདག །དེའིསབཟངཔོསྤྱོདཔའདིབརྗོདན། མྱུརདུམ་ལུསཡོསངསསུ××××××

32འཇྀགརྟེནགསུམཔོཀུནནམཆོདཔརགྱུར། བྱངཆུངབཤྀངདབངདྲུངདུདེམྱུརའགྲོ། སོངནསེམསཅནཕནཕྱིརདེརའདུགསྟེ། །བྱང་ཆུབསངསརྒྱསའཁོརལོརབཏུབསྐོར། །བདུདརྣམསསྡེདངབཅསཔཐམསཅདབཏུལ། གངགིས་བཟངཔོསྤྱོདཔའི་སྨོནལམའདྀ།།××××××

33ཀུན་ཏུབཟངཔོཡྔནྀབཞྀནདེ། །དེདགྀནིརྗེསསུབདགསློབཔར། །དགེབའདིདགཀུནཀྱྀརབཏུབསྔོ། །(དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི།   བསྔོ་བ་གང་ལ)མཆོགདུབསྔགསྤདེས། །བདགགིདགེབའིརྩབའདྀཀུནཀྱང་། །བཟངཔོ××××××

34རྒྱལབའྀདཀྱིལཀོརབཟངཞྀངདགཱབདེར། །པདྨོདམཔཤིནཏུམཛེསལསསྐྱེས། །དེརཕྱིནནསནྀ(རྒྱལ་བས་མངོན་སུམ་དུ། ལུང་བསྟན་པ་ཡང་བདག་གིས་)སྤྱོད་པར་ཤོག དེཀུནབདགགྀས××××

35བློཡིསྟོབསཀྱྀསཕྱོགསབཅུཀུནདུཡང། སེམསཅནརྣམསལཕནཔམངཔོབགྱི། ཀུནདུཟངཔོསྤྱོདཔའྀསྨོནལམགྱིས×××××××(མཆན)

1ཨང་ཀི་རྣམས་ནི་བྲག་ངོས་ཀྱི་ཡིག་ཕྲེང་མཚོན་བྱེད་དོ།། 

2རྟགས་××××འདིས་བྲག་ངོས་ཀྱི་ཡི་གེ་དག་སོང་བ་རྣམས་མཚོན། 

3རྟགས་○འདིའི་ནང་གི་ཡི་གེ་རྣམས་ནི། ད་ལྟར་ཁ་བཏོན་དུ་རྒྱུགས་ཆེ་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ཞེས་བྱ་བ་སྟེ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོངྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ་དེ་ལས་བསྐངས་སོ།། 

4ཡིག་ཕྲེང་ཉེར་དགུ་ནས་རྟགས×××××འདིས་བྲག་ངོས་ཀྱི་ཡི་གེ་སར་ནུབ་པ་མཚོན།



2.བྲག་ངོས་བར་མའི་གསུང་རྟེན་ངོ་བཤུས།

1.༄༅།ཚེདབགདུམྱེད 

2.པའིམདོ་སྟེ། 

3.༄༅།བཅོམ་ལྡན་འདས་ཚེ་དཔག་མྱེད་

4.པའིཡེ་ཤེས་གནང་དུ་གདོན་མྱི་པའི་གཟི་བརྗད་

5.ལོ(སོལ།པོལ)ཕྱག་འཚལལོ། །ཏར་དྱ་ཐཱ་ན་མ་གྷ་ག་བ་ཏེ་

6.བ་རྀ་×××ཡུ་ག×འ་ན་སུ་བྀ་ནི་ཤཱི་ཏ་ཏེ་ཛཱ་ར་ཛ། །ཏ་ཐཱ་ག་ཏཱ་

7.×××ཧ་ཏེ།××××ག་ས་མ་འབུ་ངྷཱ་ཡ། ཨཱོཾམ། སང་སྐར་

8.པ་ར་ཤུང་ངྷ་×××ཏེ་བ་×××མ་ཧ་མ་ས་པ་རི་བཱ་རེ་སཱ་ཧཱ།།

9.༄།སྔགས་འདྀ་(བླན)×××ན་ཏེ་མཆོད་ན། ཚེ་རིང་། སྡིག་འབྱང་། ལྷས

10.ཀྱང་བསྲུང་བར་འགྱུར། ཚེ་ཕྱི་མ་ལ་ངན་སོང་དུ་མྱྀ་སྐྱེ། བུད་མེད་ཀྱི་ལུས་སུ་

11.སྐྱེས་མྱྀ་འགྱུར། སངས་རྒྱས་ཀྱྀཞིང་ཡོན་ཏན་དཔག་ཏུ་མྱེད་པ་སྩོགས་པ་དང་

12.××××ས་པ་གར་འདོད་ཀྱྀའོ། །ཚེ་སྔ་ཕྱི་དྲན་པ་ཐོབ་པ་ཐོབ་པར་འགྱུར། ཕྱོགས་བཅུའྀ་

13.སངས་རྒྱས་ལ་ཕྱག་བྱས་ཤིང་མཆོད་པར་འགྱུར། འདི་བླགས་ན་ཆོས་ཀྱི་ཕུང་པོ་སྟོང་

14.ཕྲག་བརྒྱད་ཅུ་བླགས་པར་འགྱུར་རོ། །གཞན་ཡང་ཡོན་ཏན་མང་མོད་ཀྱི། འདྀར་ནི

15.×××××(འདི་མན་སར་ནུབ་བོ།)

3.བྲག་བརྐོས་གཡོན་མའི་རྟེན་ཡིག་ངོ་བཤུས།

1.རྒྱ་གར་སྐད་དུ་ཨརྱ×××

2.ཕྱིན་པའི་མདོ། བཅོམ་ལྡན་འདས་མ་ཤེས×××

3.ལྡན་སངསརྒྱ×པོ་ཁབ་བྱ×གྱྀ××དགེ་སློང×××

4.བཞུགས×།དེའི་ཚེ་བཅོམ་ལྡན་འདས་ཆོས××ཟབ་མོ××××

5.དེའྀཚེབྱང་ཆུབ་སེམས་དཔཱ××འཕགས་པ་སྤྱན་རསགཟྀགས་ཀྱི་××××

6.པར་རྟོག་ཅིང་ཕུང་པོ་དེ་དགལཡྔརང་གཞན་གྱྀ་×××ནས་ཆེ་×××××

7.ཆུབ་སེམས་དཔའ་སེས་དཔཱ་ཆེན་པོའཕགས་པ་སྤྱནརས་གཟྀགས་ཀྱི་××××

8.ལལཤེས་×ཀྱིཕརོལ་དུཕྱིན་×××

9.ཆུབ་སེམས་དཔཱསེས་དཔཱཆེནཔོའཕགས་×××××

10.རྀགས་ཀྱི་×××ཀྱི  བུམོགངལ་×××××

11.སྟེ། ཕུང་པོ་ལྔ་པོ་སོགས་ཀྱིས་རང་བཞིན××××

12.×××ཡྀན་ནོ།།སྟོང་བ་ཉྀད་ནས་ཀྱང་×××ཟུགས་×××××

13.ཤརྀའིབུདེལྟར་ཆོས་ཐམསཅད་×××སྟོང་བཉིདདོ།། །མཚན་

14.བྲིབ་མྱེད་དཔ། གང་བམྱེདཔའོ། །ཤརྀའིབུདེ་ལྟར་ན་སྟོང་བ་ཉྀད་ནི་གཟུགསམ་××××

15.མ་ཡིན། རྣ་བ་མ་ཡྀན། སྣ་མ་ཡིན། ལྕེ་མ་ཡིན། ལུས་མ་ཡྀན། ཡིད་མ་ཡྀན་ནོ། །གཟུགས་××××

16.གནས། ཡྀད་ཀྱི་ཁམས་མ་ཡིན། ཡྀད་ཀྱི་རྣམ་པར་ཤེས་པའྀ་ཁམས×××

17.སྡུག་བསྔལ་ངྔ། ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ཡིན། ཡེ་ཤེས་མ་ཡིན། 

18.ཕྱྀར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིནཔལགནས་×××ང་སྤྱོད་དེ། སེམས་ཀྱྀ་སྒྲིབ་པ་མྱེད་པས་སྐྲགཔམྱེདདོ། ཕྱྀམ་ནྀ།×××

19.དུས་གསུམདུརྣམཔརབཞུགསཔའྀསངསརྒྱསཐམསཅདཀྱངཤེསརབ་ཀྱྀཕརོལདུཕྱིན་པལ་×××××སངས་རྒྱས་

20.སོ། །དེ་བསནཤེསརབཀྱིཕརོལདུཕྱིནཔའྀསྔགས། རིག་པ་ཆེན་པོའི་སྔགས། བླ་ན་མྱེད་པའྀ་སྔགས། མྱྀ་མཉམཔདངམཉམཔའྀསྔགས་×××××

21.པའི་སྔགས་སུ་ཤེས་པར་བྱ་སྟེ། བདེན་ཏེ་མནོར་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་×××འགདཏེཔརཔརསང་འག་ད་དེ་སྭཧ།ཤརྀའི་བུ་དངབྱངཆུངསེམསདཔཱསེམསདཔཱ་××××ཤེསརབཀྱིཕརོལདུཕྱིནཔའ×××

22.བསླབ་པར་བྱའོ། །དེ་ནས་བཅོམ ལྡན་འདས་སཏེངངེའཛིནདལསབཞེངསཏེབྱངཆུབ་××××

23.བསླབ་པར་བྱའོ།དེ་ནས་བཅོམ ལྡནའདསཏིངངེའཛིནདལབཞེངསཏེབྱངཆུབ་××××

23.དབང་བོལལེགསསོཞེསབྱབབྱིན་ནས། ལེགས་སོ་ལེགས་སོ། རིགས་ཀྱི་བུ། དེ་×བཞིན་ཏེ་×××××ཁྱོད་ཀྱི་××××

24.བསྙན་པ་དེ་བཞིན་དུ། ཤེས་རབ་ཀྱྀ་ཕརོལ་དུཕྱིནཔཟ××དཔར་བྱ་སྟེ། དེ་བཞིན××××

25.བཅོམ་ལྡན་འདས་དགྱེས་ཤྀང་དེསྐདཅེས་བཀའ་བསྩལ་ཏེ། ཚེདང་ལྡན་པའི་ཤརྀའི་བུད།བྱ་××××

26.ལྷ་དང་མྱི་དང་ལྷ་མ་ཡིན་དང་དྲི་ཟར་མཅས་པའི་འཇིག་རྟེན་གྱི་འཁོརདདེ་ཐམསཅ××××

27.གསུང་པལམ་ངོན་པརདགའོ། །རྫོགས་སོ། 

ག ལེབ་ཁོག་ལུང་ཕྱུའི་སྐུ་རྟེན་བྲག་བརྐོས་མའི་མཚོན་རིས།