གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་དུ་ལས་འབྲས་ཀྱི་ལྟ་བ་ཐོག་མར་དར་ཚུལ་སྐོར་ཅུང་ཟད་བརྗོད་པ།

སྤེལ་དུས 2018-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རྒྱལ།
          འགྲོ་བ་མིའི་རིགས་ཤེས་ཡོན་ཅན་གྱི་དུས་སྐབས་ལ་འཕེལ་རྒྱས་བྱུང་བ་ནི་ཁོ་ཚོས་རང་གི་བློ་གྲོས་དང་སྙིང་སྟོབས་ལ་བརྟེན་ནས་རིག་གནས་ཕུན་སུམ་ཚོགས་པ་ཞིག་གསར་གཏོད་བྱས་པ་ཁོ་ན་ལས་བྱུང་བ་རེད། དེ་ཡང་འཛམ་གླིང་རིག་གནས་ཀྱི་ཁོར་ཡུག་ནས་བཤད་ན། ད་ལྟའི་ཚན་རིག་དང་། ཆོས་ལུགས། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ། མི་ཆོས་རིག་པ་ལ་སོགས་པ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་དོན་དངོས་ཟུང་འབྲེལ་བྱས་ནས་བྱུང་བའི་འབྲས་བུ་རེད། 
          ནང་བསྟན་ལས་འབྲས་ཀྱི་རྣམ་གཞག་སྟོན་པའི་གཞུང་ནི་དུས་རབས་བདུན་པའི་སྐབས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བོད་ལ་དམ་པའི་ཆོས་ཀྱི་སྲོལ་དར་བ་ནས་བྱུང་བ་ཞིག་ཡིན་ལ། ལྷག་པར་དུ་དགེ་བ་བཅུའི་མདོ་སོགས་བོད་དུ་བསྒྱུར་ཏེ་ལས་རྒྱུ་འབྲས་ཀྱི་རྒྱལ་ཁྲིམས་ལྷ་ཆོས་དགེ་བ་བཅུའི་ཁྲིམས་བཅས་པས་ལས་འབྲས་ཀྱི་ལྟ་བ་དེ་ལག་ལེན་དངོས་ཀྱི་ཁྲོད་ནས་བོད་སྤྱི་ཚོགས་སུ་ཐོག་མར་རྐང་ཚུགས་འགོ་བརྩམས། ཡིན་ན་ཡང་། རྒྱལ་པོ་སྲོང་བཙན་སྒམ་པོས་དམ་པའི་ཆོས་དར་མ་ཐག་ནས་ལས་རྒྱུ་འབྲས་ཀྱི་རྒྱལ་ཁྲིམས་ཏེ། ལྷ་ཆོས་དགེ་བ་བཅུའི་ཁྲིམས་འཆའ་ཐུབ་པ་དེར་ཕྱི་ནང་གི་ཆ་རྐྱེན་ངེས་ཅན་མེད་པར་རྒྱལ་པོའི་བཀའ་ཁོ་ན་ལ་བརྟེན་པ་ཞིག་གཏན་ནས་མ་ཡིན་ཏེ། དེ་ལ་སྤྱི་ཚོགས་ཀྱི་ཕྱི་རྐྱེན་དང་། ལས་འབྲས་ཀྱི་ནང་རྐྱེན། རྒྱལ་པོའི་མཐུན་རྐྱེན་བཅས་ལ་བརྟེན་ནས་ད་གཟོད་བོད་ཀྱི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་རྒྱལ་ཁྲིམས་དེ་འཆའ་ཐུབ་པ་བྱུང་ཞིང་། དེ་ནི་བོད་དུ་ལས་འབྲས་ཀྱི་ལྟ་བ་དར་འགོ་ཚུགས་པའི་ཐོག་མའི་དུས་རིམ་ཡང་ཡིན་ནོ། །དེས་ན་འདིར་ལས་འབྲས་ཀྱི་ལྟ་བ་བོད་དུ་དར་ཚུལ་བརྗོད་པ་ལ་སྤྱིར་ལས་འབྲས་རང་སྟེང་གི་ཁྱད་ཆོས་དང་ཆ་རྐྱེན་ཇི་འདྲ་ཡིན་པ་དང་། ལྟ་བ་དེ་ནི་དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་མཐུན་མིན་བཅས་ལ་དཔྱད་པ་བཏང་སྟེ་ལས་འབྲས་ཀྱི་ལྟ་བ་བོད་དུ་དར་ཚུལ་ཙམ་བརྗོད་པ་ལ།  
གཅིག ལས་འབྲས་ཀྱི་ལྟ་བའི་གོ་དོན་དང་ཁྱད་ཆོས།  
          ལས་འབྲས་ཀྱི་སྟོ་བ་བོད་དུ་དར་ཐུབ་པའི་ཆ་རྐྱེན་གཅིག་ནི། ལས་རྒྱུ་འབྲས་ཞེས་པའི་ལྟ་བ་འདི་གཅིག་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་མཐུན་པ་དང་། གཉིས་ནས་ལྟ་བ་འདི་སྤྱིར་མིའི་རིགས་ཀྱི་སེམས་ཁམས་དང་མཐུན་པའི་རྐྱེན་གྱིས་རེད། གལ་ཏེ་ལས་རྒྱུ་འབྲས་ཀྱི་གཞུང་ལུགས་ལ་ཆ་རྐྱེན་འདི་འདྲ་མེད་ན། རྒྱལ་པོ་སྲོང་བཙན་སྒམ་པོས་གཞུང་ལུགས་འདིའི་སྟེང་ནས་བོད་ཀྱི་སྤྱི་ཚོགས་དང་ཡོངས་སུ་མཐུན་པའི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལུགས་འདི་ལྟ་བུ་ཞིག་འཆའ་ཐབས་མེད་ལ། ཐ་ན་ལས་འབྲས་ཀྱི་ལྟ་བ་འདི་བོད་དུ་དར་ཐུབ་པའི་ངེས་པ་ཡང་མི་སྣང་ངོ་། །དེས་ན་འདིར་ཐོག་མར་ལས་འབྲས་ཀྱི་ལྟ་བའི་གོ་དོན་དང་ཁྱད་ཆོས་ལ་དཔྱད་པ་རགས་ཙམ་ཞིག་གཏོང་བ་ལ། ལས་འབྲས་ཀྱི་ཆོས་སྐོར་འདི་སྟོན་པས་ཆོས་འཁོར་རིམ་པ་གསུམ་སྐོར་བ་ལས་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར་གྱི་སྐབས་སུ་གསུངས་ཡོད། དེ་ཡང་བདེན་པ་བཞི་ལས་སྡུག་བསྔལ་བདེན་པས་རྒྱུ་ཀུན་འབྱུང་ལས་བྱུང་བའི་འབྲས་བུ་སྟོན་པ་དང་། ཀུན་འབྱུང་བདེན་པས་སྡུག་བསྔལ་གང་ལས་བྱུང་བའི་རྒྱུ་སྟོན་པས་བདེན་པ་འདི་གཉིས་ཀྱི་སྟེང་ནས་ལས་འབྲས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་ཡོད་ཅེས་བཤད་ཆོག དེས་ན་ལས་རྒྱུ་འབྲས་ཀྱི་གཞུང་ལུགས་འདི་ནང་པའི་སྐྱེས་བུ་གསུམ་གྱི་ཐུན་མོང་གི་ལམ་དང་། དཀར་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ནང་པའི་ཆོས་ལ་ལས་རྒྱུ་འབྲས་ཀྱི་ཆོས་སྐོར་མ་འདྲེས་པ་གཅིག་ཀྱང་མེད། དེ་ཡང་ལས་འབྲས་ཀྱི་རྣམ་གཞག་འདི་ཐེག་པ་སྤྱིའི་དབང་དུ་བྱས་ན་ཐེག་དམན་དུ་གཙོ་བོར་བསྟན་ཡོད་པ་དང་། སྡེ་སྣོད་གསུམ་གྱི་དབང་དུ་བཏང་ན་འདུལ་བའི་སྡེ་སྣོད་ནས་གཙོ་བོར་སྟོན་པ། བསླབ་པ་གསུམ་གྱི་དབང་དུ་བཏང་ན་ཚུལ་ཁྲིམས་ཀྱི་བསླབ་པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་དབང་དུ་བཏང་ན་སྐྱེས་བུ་ཆུང་ངུའི་སྐབས་ནས་གཙོ་བོར་གསུངས་ཡོད། དེ་བཞིན་དུ་བཀའི་དབང་དུ་བཏང་ན། སྙིང་རྗེ་པད་མ་དཀར་པོའི་མདོ་དང་། མདོ་སྡེ་ལས་བརྒྱ་བ། རྟོགས་བརྒྱ་བ། མདོ་ཏིང་འཛིན་གྱི་རྒྱལ་པོ། རྒྱ་མཚོས་ཞུས་པའི་མདོ། མདོ་མཛངས་བླུན། སའི་སྙིང་པོའི་མདོ་དང་སྟོན་པའི་སྐྱེས་རབས་ལ་སོགས་པ་ནས་བསྟན་ཡོད་ལ། དེ་དག་ལས་ལས་འབྲས་ཀྱི་ལྟ་བ་གསུང་ཚུལ་ཡང་སྤྱིར་ལས་ཀྱི་སྣང་ཚུལ་མཐའ་ཡས་པ་བཞིན་དུ་གསུང་ཚུལ་ཡང་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གསུངས་ཡོད་དེ། མདོ་སྡེ་ལས་བརྒྱ་བ་ལས། “ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །”ཞེས་དང་། སྙིང་རྗེ་པད་དཀར་ལས། “འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་རབ་ཏུ་ཕྱེས་པའོ། །”①ཞེས་དང་། མདོ་ཏིང་འཛིན་གྱི་རྒྱལ་པོ་ལས། “དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །”②ཅེས་དང་། རྒྱ་མཚོས་ཞུས་པ་ལས། “དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ནོ། །རྩ་བའི་རྟེན་ཡང་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་རྣམས་ཏེ་”③ཞེས་དང་། སའི་སྙིང་པོའི་མདོ་ལས། “དགེ་བའི་ལམ་བཅུ་བོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི། གང་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ། འོན་ཀྱང་ང་ནི་ཐེག་པ་ཆེན་པོ་བ་སྟེ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚོལ་ལོ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ། རྫུན་ཆེན་པོ་སྨྲ་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ། །”④ཞེས་པ་སོགས་ལས་ངེས་པ་དང་། ལས་འཕེལ་ཆེ་བའི་ཁྱད་ཆོས་རྣམས་གསུང་ཚུལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གསུངས་ཡོད་པ་ལྟ་བུའོ། །
          བསྟན་བཅོས་ཀྱི་དབང་དུ་བྱས་ན། མངོན་པ་སྡེ་བདུན(མངོན་པ་སྡེ་བདུན་རྒྱལ་བའི་བཀའ་ཡིན་ཟེར་བ་\དང་ཉན་ཐོས་ཆེན་པོ་བདུན་གྱིས་རང་དབང་དུ་མཛད་པའི་བསྟན་བཅོས་ཡིན་ཟེར་བའི་བཞེད་ཚུལ་གཉིས་ཡོད་པ་ལས་འདིར་ཕྱི་མ་ལྟར་འཆད་)སོགས་ཏེ།  ཇི་སྐད་དུ། ཆོས་ཀྱི་ཕུང་བོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་འབྱུང་བ་དང་། འདི་དག་གི་བསྡུས་འགྲེལ་《བྱེ་བྲག་བཤད་མཛོད་ཆེན་པོ་》སོགས་ནི་ལས་འབྲས་ཀྱི་རྣམ་གཞག་རྒྱ་ཆེར་སྟོན་པའི་བྱེ་བྲག་སྨྲ་བའི་གཞུང་གཙོ་བོ་ཡིན། ཕྱིས་སུ་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་པའི་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་དེ་མཛད་པ་ལས། གནས་གཉིས་པ་ལས་འབྲས་བུ་དང་། གནས་བཞི་པ་ལས་ལས་བསྟན་ཡོད། རྣམ་གཞག་དེ་བོད་ཀྱི་གྲུབ་མཐའ་ཁག་གི་ལམ་རིམ་དུ། རྙིང་མ་བས་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས།  ལས་རྒྱུ་འབྲས་ཞེས་བཞག་ཡོད་ལ། བཀའ་བརྒྱུད་ལམ་རིམ་དུ། འདུས་བྱས་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་འབྲས་ཞེས་དང་། བཀའ་གདམས་ལམ་རིམ་དུ། སྐྱབས་འགྲོ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་ཞེས་དང་། དགེ་ལུགས་པས་འཆི་བ་མི་རྟག སྐྱབས་འགྲོ་ལས་འབྲས་ཞེས་གོ་རིམ་ཅུང་མི་འདྲ་བའི་སྒོ་ནས་ལས་འབྲས་ཀྱི་ཆོས་སྐོར་རང་རང་གི་གྲུབ་མཐར་བཀོད་ཡོད།  
          སྤྱིར་ལས་འབྲས་ཀྱི་རྣམ་གཞག་ཁས་ལེན་པའི་གྲུབ་མཐའ་ནང་པ་མ་ཟད། ཕྱི་རོལ་པ་ལས་ཀྱང་ཤིན་ཏུ་མང་ལ། ལྷག་པར་དུ་གཅེར་བུ་བས་ཤེས་བྱ་གྲངས་དགུར་འདུས་པར་བཤད་པ་ལས་དྲུག་པར་ལས་ཀྱི་རྣམ་གཞག་བཤད་ཡོད། ཡིན་ནའང་། ནང་པའི་ལས་འབྲས་ཀྱི་ལྟ་བ་འདི་ཕྱི་རོལ་བའི་གྲུབ་མཐའ་ཁག་གི་འདོད་པ་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་དང་། ལྷག་པར་དུ་འཇིག་རྟེན་ལས་ཀྱིས་བསྐྲུན་པའི་ལྟ་བ་འདི་ནི་གྲུབ་མཐའ་གཞན་གང་ལ་ཡང་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། ཕྱི་རོལ་གྲངས་ཅན་པ་དང་ཚངས་པ་བ་སོགས་ཀྱིས་གཙོ་བོ་དང་འཇིག་རྟེན་བྱེད་པོ་ལ་གཙིགས་འཛིན་བྱེད་པ་བཞིན་དུ་ནང་པའི་བསྟན་པས་ལས་ལ་གཙིགས་འཛིན་བྱེད་པ་ཡིན། དེ་ལ་ཡང་ནང་པ་རང་ཉིད་ཀྱི་གྲུབ་མཐའ་ཁག་ཏུ་ཕན་ཚུན་བཞེད་པ་མི་མཐུན་པ་ཡོད་ནའང་། དེ་ནི་གྲུབ་མཐའ་གོང་འོག་གི་ལྟ་བའི་ཁྱད་པར་ཙམ་ལས་ནང་པའི་བསྟན་པ་སྤྱིའི་འགལ་བ་ཙམ་གཏན་ནས་མིན། དེ་ཡང་ལས་འབྲས་ཀྱི་རྣམ་གཞག་འདི་ནང་པའི་གྲུབ་མཐའ་བཞིའི་དབང་དུ་བཏང་ན་གོང་དུ་བརྗོད་པ་ལྟར་བྱེ་བྲག་སྨྲ་བ་ནས་གཙོ་བོར་གསུངས་པས་འདིར་ཡང་བྱེ་བྲག་སྨྲ་བས་བཀོད་པའི་ལས་ཀྱི་གོ་དོན་ལྟར་དཔྱད་པ་གཏོང་རྒྱུ་ཡིན།  
          དགྲ་བཅོམ་པ་བདུན་གྱིས་རང་དབང་དུ་མཛད་པའི་《མངོན་པ་སྡེ་བདུན་》དང་། དེའི་བསྡུས་དོན་《བྲེ་བྲག་བཤད་མཛོད་ཆེན་པོ་》ནི་བྱེ་བྲག་སྨྲ་བའི་གཞུང་གཙོ་བོ་ཡིན་ན་ཡང་། དེ་དག་བོད་དུ་མ་འགྱུར⑤བས་ང་ཚོས་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གཅེན་གཅུང་གཉིས་ཀྱིས་མཛད་པའི་《མངོན་པ་ཀུན་བཏུས་》དང་། 《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་》སྟེ། མངོན་པ་གོང་འོག་གཉིས་ནི་བྱེ་བྲག་སྨྲ་བའི་གཞུང་ཤེས་བྱེད་ཀྱི་ལྡེ་མིག་གཉིས་ཡིན་པས་དེ་ལ་བརྟེན་ནས་བྱེ་སྨྲའི་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པས་འདིར་བཤད་པའི་ལས་འབྲས་ཀྱི་གོ་དོན་ཡང་དེ་དག་ལ་བརྟེན་ནས་དཔྱད་པ་གཏོང་དགོས་ཏེ། དེ་ལ་ལས་ཞེས་པ་ནི་ཡིད་ཤེས་དང་མཚུངས་ལྡན་གྱི་སེམས་བྱུང་ཞིག་སྟེ། བྱེད་ལས་ལུས་ངག་གི་ལས་རྣམས་འདུ་བར་བྱེད་པ་ཞིག་ཡིན་ལ། དེ་ལ་《མངོན་པ་མཛོད་》ལས་སེམས་པའི་ལས་ཟེར། སེམས་པ་དེས་འདུ་བར་བྱས་པ་ལ་བརྟེན་ནས་ཕྱིའི་ལུས་ངག་ཏུ་ལས་རྣམ་པ་གཉིས་འཆར་བ་སྟེ། ལུས་དང་ངག་ལ་འཆར་བ་གཉིས་ཡོད་པ་དེར་ལུས་ངག་གི་ལས་ཟེར་ཞིང་། སེམས་པ་དེས་བསྐྱེད་པའི་ལུས་ངག་གི་ལས་ལ་《མངོན་པ་མཛོད་》ལས་བསམ་པའི་ལས་ཞེས་བཏགས་ཡོད། ལུས་དང་ངག་དང་ཡིད་གསུམ་ནི་འཇིག་རྟེན་འདིའི་ལས་དཀར་ནག་ཐམས་ཅད་འབྱུང་བའི་གཞིའམ་འཇིག་རྟེན་གྱི་དགེ་སྡིག་ཡོད་ཚད་ཡོང་སའི་སྒོ་ལྟ་བུ་ཡིན་པས་ལུས་ངག་ཡིད་གསུམ་ལ་ནང་པའི་བསྟན་པ་ལས་སྒོ་གསུམ་ཞེས་དཔེའི་སྒོ་ནས་མིང་བཏགས།  དེས་ན་འཇིག་རྟེན་གྱི་བྱ་བ་བཟང་ངན་ལེགས་ཉེས་གང་ཡིན་ཡང་སྒོ་གསུམ་མ་བརྒྱུད་པར་འབྱུང་སའི་གནས་མེད་ལ། སྒོ་གསུམ་ལས་འདས་པའི་དགེ་སྡིག་གི་ལས་ཕུང་སུམ་པ་ཞིག་མེད་པས་ནང་པའི་གཞུང་ནས་སྒོ་གསུམ་སྡོམ་པའི་ཚུལ་ཁྲིམས་ལ་ཤིན་ཏུ་གཙིགས་འཛིན་བྱེད་པ་ཡིན། དེ་ཡང་མདོ་སྡེ་བ་ཡན་གྱི་གྲུབ་མཐའ་གོང་མ་རྣམས་ཀྱིས་ལུས་ངག་གི་ལས་ལ་བཏགས་པའི་ལས་ཟེར་བ་ལས་ལས་དངོས་ལ་མི་འདོད་དེ། རྒྱུ་མཚན་ནི། ལུས་ངག་དགེ་སྡིག་ཏུ་འགྱུར་བའི་སྐབས་སུ་ཡང་སེམས་པ་ཉིད་ལས་ཡིན་ཏེ་དགེ་སྡིག་ཏུ་འགྱུར་བའི་ལས་ལ་སེམས་པའི་ལས་ཡོད་པས་སེམས་པའི་ལས་ནི་གཙོ་བོ་དང་ལུས་ངག་གི་ལས་ནི་ཕལ་བར་བཞེད་ཀྱིན་ཡོད་ལ། མངོན་པ་ལས་འབྱུང་བའི་སེམས་པ་དང་བསམ་པའི་ལས་ཏེ་གཉིས་གསུངས་པ་ནི་རྒྱུ་འབྱུང་ཡིན་པར་དགོངས་འདུག
          ང་ཚོས་སྒོ་གསུམ་གྱི་ལས་ལ་གཙོ་ཕལ་གྱི་དབྱེ་བ་མི་ཕྱེད་པར་གསུམ་ག་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན་ཏེ། རྒྱུ་མཚན་ནི་ལས་ཀྱི་སྣང་ཚུལ་གྱི་དབང་དུ་བྱས་ན། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ལས་བསམ་པར་ཡིད་དང་ཀུན་སློང་ཉོན་མོངས་གསུམ་འདུས་པ་ཡིད་ཀྱི་ལས་དེ་སྡིག་པ་སྲོག་གཅོད་ཀྱི་ལས་ལྟ་བུ་ལ་འཇུག་པར་མཚོན་ན། གཞི་སེམས་ཅན་ར་ལུག་ལ་ཀུན་སློང་བཤའ་སེམས་ཡོད་ཀྱང་སྦྱོར་བ་བཤས་པ་མེད་ན་མཐར་ཐུག་མི་འགྲུབ་ལ། དེར་དངོས་གཞིའི་སྡིག་པ་ཡང་མི་འབྱུང་པས་སྒོ་གསུམ་གྱི་ལས་ཐམས་ཅད་འདྲ་མཉམ་དུ་འཛིན་དགོས་སྙམ།  
          དེ་ལྟ་ནའང་། མངོན་པ་ལས་ལས་ཀྱི་མཚན་ཉིད་འཇོག་སྐབས། “ལས་ནི་ཡིད་ཤེས་དང་མཚུངས་ལྡན(ཡིད་ཡུལ་ལ་གཡོ་བར་བྱེད་པ་)ལུས་ངག་གི་ལས་མངོན་པར་འདུ་བར་བྱེད་པའི་སེམས་བྱུང་ཡིན་པའི་ཕྱིར་”⑥ཞེས་དང་། “སེམས་པའི་ལས་ནི་ཡིད་ཤེས་དང་མཚུངས་ལྡན་ཡིད་ཡུལ་ལ་གཡོ་བར་བྱེད་པ་ལུས་ངག་གི་ལས་འདུ་བར་བྱེད་པའི་སེམས་བྱུང་ཡིན་པའི་ཕྱིར་”⑦ཞེས་དང་། “བསམ་པ་དེས་བསྐྱེད་པའི་(བསམ་པའི་)ལས་ནི་ལུས་ཀྱི་ལས་དང་ངག་གི་ལས་ཏེ། དེ་དག་ནི་སེམས་པས་ཀུན་ནས་བསླངས་པའི་ཕྱིར་རོ་”⑧ཞེས་པ་ལ་དཔྱད་ན། ལས་ནི་སེམས་སམ་སེམས་ཀྱི་འཁོར་དུ་གྱུར་བའི་སེམས་བྱུང་ཞིག་ལ་ངོས་འཛིན་པ་དང་། ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལས་སེམས་པའི་ལས་དེ་ལས་དངོས་སམ་གཙོ་བོ་ཡིན་པ་དང་། ལུས་ངག་གི་ལས་ནི་སེམས་པ་དེས་བསྐྱེད་པའི་ལས་ཡིན་ཙ་ན་ལས་ཕལ་བའམ་ལས་བཏགས་པ་བ་ཡིན་ནོ། །
          དེ་བས་བསྡུ་བ་ལས། གཞི་དང་འདུ་ཤེས་དང་བསམ་པ་དང་ཉོན་མོངས་དང་མཐའ་སྟེ་ལྔར་གསུངས་པ་དེ་གོང་གི་དགོངས་པ་དང་མཐུན་པར་སྙམ་མོ། །དེ་ལ་རྗེ་རིན་པོ་ཆེས། འདུ་ཤེས་དང་བསམ་པ་ཉོན་མོངས་གསུམ་བསམ་པར་བསྡུས་ཏེ་དེའི་སྟེང་སྦྱོར་བ་བསྣན་ཏེ་བཞིར་བྱས་པ་ལ་དཔྱད་ན། སྲོག་གཅོད་ལྟ་བུར་གཞི་སེམས་ཅན་དང་། ཀུན་སློང་(ཡིད་ཀྱི་ལས་)གསོད་སེམས་ཡོད་ཀྱང་སྦྱོར་བ་(ལུས་ཀྱི་ལས་)མེད་ན་དངོས་གཞིའི་སྡིག་པ་མི་འབྱུང་བས་ལུས་དང་ཡིད་ཀྱི་ལས་ལ་གཙོ་ཕལ་གྱི་དབྱེ་བ་མེད་པར་བསྟན་ཡོད་པ་དང་། གཞན་ཡང་། 《ལུང་རྣམ་འབྱེད། 》ལས། “ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་བཅུ་བོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུང་བའི་ལམ་ནི་འཐོབ་པར་འགྱུར། །”⑨ཞེས་དྲང་སྲོང་གི་ལམ་ཐོབ་པ་ལ་ལས་གསུམ་ཆ་སྙོམས་པར་བསྟན་ཡོད་པའི་རྒྱུ་མཚན་གྱིས་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལ་གཙོ་ཕལ་གྱི་དབྱེ་བ་མེད་པར་སེམས་སོ། །
          གོ་དོན་དེ་ལྡན་གྱི་ལས་ལ་དབྱེ་བ་ཤིན་ཏུ་མང་པོ་ཡོད་དེ། མངོན་པ་མཛོད་ལས་ལས་སུམ་ཚན་དུ་དབྱེ་བ་དང་། མྱོང་འགྱུར་གྱི་དབྱེ་བ། དཀར་ནག ལེགས་སྤྱད་ཉེས་སྤྱད། དགེ་མི་དགེ། འཕེན་བྱེད་དང་རྫོགས་བྱེད། རིགས་པ་དང་རིགས་པ་མ་ཡིན། མཚམས་མེད་པ་ལྔ་སོགས་ལས་ཀྱི་རྣམ་གྲངས་བཅོ་ལྔ་ཡོད་པར་མདོ་ལས་གསུངས་ལ། ལས་དེས་འབྲས་བུ་བསྐྱེད་པའི་ཚུལ་ནི། མངོན་པ་མཛོད་ལས་འབྲས་བུ་བཞི་བསྐྱེད་ཚུལ་གསུངས་ཡོད་དེ། དེ་ཡང་རྣམ་སྨིན་གྱི་རྒྱུས་རྣམ་སྨིན་གྱི་འབྲས་བུ་འབྱིན་པ་དང་། བྱེད་པའི་རྒྱུས་བདག་པོའི་འབྲས་བུ་དང་། སྐལ་མཉམ་གྱི་རྒྱུ་དང་ཀུན་འགྲོའི་རྒྱུས་རྒྱུ་མཐུན་གྱི་འབྲས་བུ་དང་། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུས་བྱེད་པ་ཅན་གྱི་འབྲས་བུ་འབྱིན་ནོ། །དེས་ན་ནང་པའི་ལས་འབྲས་ཀྱི་ལྟ་བ་ཞེས་པ་ཡང་མདོར་བསྡུས་ན་རྒྱུ་དྲུག་གིས་འབྲས་བུ་བཞི་བསྐྱེད་པའི་རྣམ་གཞག་འདི་ཉིད་ཡིན་ལ། ལས་གང་ལ་གསོག་པའི་ཐད་ནས་གྲུབ་མཐའ་སོ་སོར་བཞེད་པ་མི་མཐུན་པ་ཅུང་ཙམ་ཡོད་ནའང་། ལས་གང་དུ་སྨིན་པའི་ཐད་ལ་རྩོད་གཞི་མེད་པར་ཟིན་པའི་ཕུང་བོ་ཁོ་ན་ལ་སྨིན་ཏེ། དེ་ཡང་མདོ་སྡེ་ལས་བརྒྱ་བ་ལས། ལས་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན། ཆུ་ལ་མི་སྨིན། ཟིན་པའི་ཕུང་བོ་ལ་སྨིན་གསུངས་པ་ལྟར་ཡིན་ནོ། །ལུས་ངག་ཡིད་གསུམ་གྱི་བྱེད་པ་ལ་བརྟེན་ནས་བྱས་ན་འབྲས་བུ་ཟིན་པའི་ཕུང་པོ་ལ་སྨིན་པའི་ལས་འབྲས་ཀྱི་རྣམ་གཞག་འདི་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་ཡོད་དེ། ལས་ངེས་པའི་ཁྱད་ཆོས་དང་། ལས་འཕེལ་བའི་ཁྱད་ཆོས། ལས་མ་བྱས་པ་དང་མི་འཕྲད་པའི་ཁྱད་ཆོས། ལས་བྱས་པ་ཆུད་མི་ཟ་བའི་ཁྱད་ཆོས་དང་བཞིར་བྱས་པ་ལ་དབྱེ་ཞིབ་ཅུང་ཙམ་ཞུས་ན།  
          1.ལས་ངེས་པའི་ཁྱད་ཆོས་ནི། ལས་ཀྱི་ངོ་བོའི་སྟེང་ནས་བྱས་པ་ཡིན་ཏེ་ངོ་བོའི་སྟེང་ནས་ལས་དཀར་ནག་གང་ཡིན་ནའང་འབྲས་བུ་ཡང་དཀར་ནག་གི་ངོ་བོ་མ་ནོར་བར་འབྱུང་བ་ཡིན་ཏེ། ཕྱིའི་རྒྱུ་འབྲས་ཀྱི་དཔེ་ནི། ས་བོན་གྲོ་བཏབ་ན་འབྲས་བུ་གྲོ་སྐྱེས་པ་དང་། ས་བོན་ནས་བཏབ་ན་འབྲས་བུ་ནས་སྐྱེས་པ་ལྟ་བུའོ། །ཚོམས་ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ཅིག་འགྲོ་བ་བཞིན།།ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང་། །ཇི་ལྟར་ལམ་བརྒྱགས་ཉུང་བ་དག། ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པའི། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་བརྒྱགས་མང་བསྡོགས་པ། །ལམ་ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ་ཞེས་པ་ལྟ་བུའོ། །དེ་ལ་སྤྱི་ཚོགས་སྟེང་ནས་རྒྱུན་དུ་དྲིས་པ་འདི་འདྲ་རེ་འབྱུང་བཞིན་ཡོད་དེ། མི་ལ་ལས་མི་ཚེའི་གང་བོར་ལས་བཟང་པོ་བྱས་ན་ཡང་འབྲས་བུ་ངན་པ་འབྱུང་བ་དང་། མི་ལ་ལས་མི་ཚེ་གང་བོར་གཡོ་སྒྱུ་ལ་སོགས་པའི་ལས་ངན་པ་བྱས་ཀྱང་འབྲས་བུ་བདེ་བ་མྱོང་བ། ཤན་པ་ལ་ལ་ཚེ་ཐག་རིང་བ་དང་སེར་སྣ་ཅན་ཕལ་ཆེར་ཕྱུག་པོར་ཆགས་པའི་གནས་ཚུལ་རྒྱུན་དུ་མཐོང་བ་ཡིན་ན། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བའི་རིག་གཞུང་འདི་ཇི་ལྟར་དོན་ལ་གནས་ཏེ་རིག་གཞུང་དཔྱད་གླེང་གི་ཁྲོད་ནས་ཡིད་ཆེས་བྱེད་དཀའ་འོ་ཟེར། དེ་ལ་ནང་བསྟན་ལས་འབྲས་ཀྱི་རྣམ་གཞག་འཆད་མཁན་ཞིག་ཡིན་ན་ཐོག་མར་ཆ་རྐྱེན་ཞིག་དགོས་པ་ནི་ད་ལྟ་འཛམ་གླིང་སྟེང་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་པ་དང་མེད་པར་འདོད་པའི་རིག་གཞུང་ཚན་ཁག་གཉིས་ཡོད་པ་ལས་སྔ་མ་ཡོད་པའི་སྟེང་གི་ལུགས་འཛིན་དགོས་ལ། དེའི་སྟེང་ནས་ད་གཟོད་ལས་ཀྱི་ཁྱད་ཆོས་ལ་བསམ་བློ་གཏོང་དགོས་ཏེ། ལས་ཀྱིས་སྐྱེ་བ་སྔ་མ་དང་། ཕྱི་མ། ད་ལྟ་གསུམ་གའི་འབྲས་བུ་བདེ་སྡུག་སྟོན་པ་ལས་སྐྱེ་བ་གཅིག་ཁོ་ན་མིན་ལ། ལས་སྨིན་ཚུལ་གྱི་ཐད་ནས་བཤད་ན། ཕྱིའི་རྒྱུ་འབྲས་ས་བོན་ལྟ་བུ་ལ་མཚོན་ན་ས་བོན་ཞིང་དུ་བཏབ་ན་ཡང་ཕྱི་རྐྱེན་དྲོད་གཤེར་ལ་མ་འཕྲད་པའི་ཚུན་དུ་མྱུ་གུ་འགྲུབ་ཐབས་མེད་པ་བཞིན་དུ་ནང་གི་རྒྱུ་འབྲས་ཀྱི་རྣམ་གཞག་ཀྱང་དེ་དང་མཚུངས་པར་ལས་སྨིན་བྱེད་ཀྱི་རྐྱེན་དང་མ་འཕྲད་པའི་ཚུན་ལ་འབྲས་བུ་འབྱིན་ཚུལ་མེད་ལ། ནམ་ཞིག་རྐྱེན་དང་འཕྲད་ན་འབྲས་བུ་ཆུད་མི་བཟའ་བར་འབྱིན་པ་ཡིན་ནོ། །དེས་ན་གོང་གི་གནད་དོན་དེ་ལས་འབྲས་ཀྱི་དགོངས་པ་གཞིར་གཞག་སྟེ་བཤད་ན། ལས་བཟང་པོ་ལ་འབྲས་བུ་ངན་པ་དང་། ལས་ངན་པ་ལ་འབྲས་བུ་བཟང་པོ་ལྟ་བུ་ཞིག་འབྱུང་བ་ནི་སྐབས་དེའི་ལས་བཟང་པོའམ་ལས་ངན་པ་དེའི་འབྲས་བུ་མ་ཡིན་པར་དེ་ནི་སྔར་བསགས་ལས་དཀར་ནག་གི་འཕྲོ་མ་རྫོགས་པར་འབྲས་བུ་བདེ་སྡུག་མྱོང་བ་ཡིན། དེ་ནི་དཔེར་ན་ལྐོག་བརྔན་བསྡུ་མཁན་གྱི་དཔོན་པོ་ཞིག་ལ་མཚོན་ན། ཁོས་གཡོ་སྒྱུའི་སྒོ་ནས་ལྐོག་བརྔན་བསྡུས་ཏེ་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཀྱང་། རྩ་འཛུགས་སྟེང་ད་དུང་ཁོ་ལ་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་པ་དེ། ཁོས་ལྐོག་བརྔན་བསྡུས་པའི་འབྲས་བུ་མངོན་པ་མ་ཡིན་ཏེ། སྔོན་ཆད་རྒྱལ་ཁབ་དང་མི་དམངས་ལ་ཁེ་ཕན་ཅུང་ཟད་སྒྲུབ་པའི་འབྲས་བུ་སྟེ། གཟེངས་བསྟོད་བྱེད་སྐབས་དཔོན་ག་གེ་མོས་རྒྱལ་ཁབ་དང་མི་དམངས་ལ་དོན་བཟང་འདི་དང་འདི་སྒྲུབ་པས་སྔོན་ཐོན་མི་སྒེར་དུ་བདམས་ཞེས་བརྗོད་པ་ལས་དཔོན་འདིས་ལྐོག་བརྔན་འདི་བླངས་པས་སྔོན་ཐོན་མི་སྒེར་དུ་བདམས་ཞེས་བརྗོད་པ་མ་ཡིན་པ་བཞིན་ནོ། །
          2.ལས་འཕེལ་བའི་ཁྱད་ཆོས་ནི། ལས་དཀར་ནག་གང་བྱས་ཀྱང་ལས་ཀྱི་འབྲས་བུ་དཔེར་ན་ཤིང་དཔར་གཅིག་ལས་དཔར་བ་ལྟ་བུའི་ལས་ཀྱི་ཚད་ཇི་འདྲ་བྱས་ན་འབྲས་བུ་ཡང་ཚད་དེ་དང་འདྲ་མཉམ་དོ་མཉམ་ཞིག་མ་ཡིན་པར། ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་བསྐྱེད་པ་སྟེ། འདི་ལ་ཕྱིའི་རྒྱུ་འབྲས་སྟེང་ནས་རྒྱ་གར་གྱི་ལྗོན་ཤིང་ཆེན་པོ་ནྱ་གྲོ་དྷ་འཇོག་སྟེ། ལྗོན་པ་འདིའི་ས་བོན་ཤིན་ཏུ་ཆུང་བ་ཡུངས་དཀར་གྱི་བཞི་ཆ་ཙམ་ལས་མེད་ཀྱང་འབྲས་བུ་ལྗོན་པའི་འོག་ཏུ་ཤིང་རྟ་ལྔ་བརྒྱ་ཤོང་བར་བཤད་པས་ལས་འཕེལ་བའི་དཔེ་ལ་རྒྱུན་དུ་འདི་འཇོག་པ་མང་། འདི་ལ་བཅོམ་ལྡན་འདས་ཀྱི་རྣམ་ཐར་ཞིག་ཡོད་དེ། “བཅོམ་ལྡན་འདས་ནྱ་གྲོ་དྷའི་གྲོང་དུ་ཕེབས་པའི་ཚེ། སེར་སྐྱ་ནས་དེར་བག་མར་བཏང་བའི་བུ་མོ་ཞིག་གིས་དད་པས་བསོད་སྙོམས་ཕུལ་བ་རང་སངས་རྒྱས་ལེགས་སྨོན་ཞེས་པར་ལུང་བསྟན་པ་ལ། དེའི་ཁྱོ་བོ་བྲམ་ཟེ་ཞིག་ཡོད་པ་ཡིད་མ་ཆེས་པར་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས། བཤོས་ཙམ་གྱི་སླད་དུ་རྫུན་གསུང་ངམ་ཞུས་པར། བཅོམ་ལྡན་འདས་ཀྱི་གྲོང་དེའི་ཤར་ཕྱོགས་སུ་ནྱ་གྲོ་དྷའི་སྡོང་བུ་ཆེན་པོ་ཡལ་གའི་འོག་ནས་ཤིང་རྟ་རྔ་བརྒྱ་མ་རེག་པར་སོང་ཆོག་པ་ཡོད་པ་དེའི་ས་བོན་ཡུངས་དཀར་གྱི་བཞི་ཆ་ཙམ་ལས་མེད་པ་དཔེར་མཛད་ནས་ནང་གི་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ངས་མངོན་སུམ་དུ་མཐོང་བ་ཡིན་ནོ་གསུངས་ཏེ་ཡིད་ཆེས་པར་མཛད་”⑩པ་དེ་ལ་བརྟེན་ནས་དཔེ་འདི་དྲངས་པ་ཡིན་ལ། དེ་བཞིན་ཕྱིའི་རྒྱུ་འབྲས་སྟེང་ནས་དཔེ་མང་ཡང་ནང་གི་རྒྱུ་འབྲས་སྐབས་གཙོ་བོ་སྟོན་པའི་ལུང་ལ་བརྟེན་དགོས་པ་ཞྭ་དམར་པཎྚི་ཏས། “ཞིབ་པར་བཅོམ་ལྡན་འདས་ཀྱི་ལུང་ལ་བརྟེན་ནས་བསམ་དགོས་པས་”(11)ཞེས་གསུངས་ཡོད། ལས་འཕེལ་བའི་ཚུལ་འདི་རང་རེས་ཅུང་ཙམ་གོ་མི་བདེ་བའི་ཉམས་ཤིག་འདུག་ནའང་། དེང་གི་སྤྱི་ཚོགས་ཀྱི་མི་བྱེ་བྲག་ཅིག་ལ་དཔེར་བལྟོས་ཏེ་དཔྱད་པ་བཏང་ན་ཤིན་ཏུ་གོ་མི་ཐུབ་པ་ཞིག་མ་ཡིན་ཏེ། མི་ཞིག་གིས་སྔོན་ཨ་རག་མི་འཐུང་བ་ལ་གྲོགས་པོ་ལྷན་འཛོམས་བྱུང་སྟེ་དེ་རིང་ཕྲན་ཙམ་འཐུང་། དེ་ལ་བརྟེན་ནས་ཟླ་འགའི་རྗེས་ནས་སླར་ཡང་འཐུང་། རིམ་བཞིན་འཐུང་གྲངས་དང་འཐུང་ཚད་ཇེ་མང་དུ་སོང་སྟེ་མཐར་ཨ་རག་ལ་དགའ་པོ་བྱུང་སྟེ་མཐར་རང་སྲོག་ཨ་རག་གིས་འཕྲོག་པ་ཞིག་ལ་མཚོན་ན། རང་སྲོག་ཤོར་བའི་རྒྱུ་དང་པོའི་ཨ་རག་ཉུང་ཙམ་དེ་ཡིན་མོད་དེའི་འབྲས་བུ་འཕེལ་ཏེ་ད་གཟོད་རང་གི་སྲོག་ཀྱང་འཕྲོག་པས་དེ་འདྲ་བ་ཞིག་ལ་ལས་འཕེལ་བ་ཞེས་བརྗོད་ཆོག
          3.ལས་མ་བྱས་པ་དང་མི་འཕྲད་པའི་ཁྱད་ཆོས་ནི། ཕྱིའི་རྒྱུ་འབྲས་ཀྱི་དཔེ་ནི་གྲོ་ནས་ཀྱི་ས་བོན་ཞིང་ཐོག་ཏུ་མ་བཏབ་ན་མྱུ་གུ་འབྱུང་ཐབས་མེད་པ་བཞིན་དུ། ལས་ལ་དགེ་སྡིག་གཉིས་ཡོད་པ་ལས་རང་གིས་སྡིག་པའི་ལས་ཤིག་བསགས་མེད་ན་འབྲས་བུ་སྡུག་བསྔལ་མྱོང་དགོས་མེད་ལ། རང་གིས་དགེ་བའི་ལས་གང་རུང་ཞིག་བསགས་མེད་ན་འབྲས་བུ་བདེ་བ་ཡང་མྱོང་ཐབས་མེད། དེ་བཞིན་དུ་ངན་འགྲོར་འཕེན་པའི་ལས་ཤིག་བསགས་མེད་ན་ངན་སོང་དུ་སྐྱེས་པའི་འོས་མེད་ལ། བདེ་འགྲོར་འཕེན་པའི་ལས་ཤིག་བསགས་མེད་ན་བདེ་འགྲོར་སྐྱེས་པ་ཡང་གཏན་མི་སྲིད། ལས་མ་བྱས་པ་དང་མི་འཕྲད་པའི་ཚུལ་འདི་ཡང་ལམ་རིམ་སོགས་ལས་སྟོན་པའི་སྐྱེས་རབས་ལ་སྦྱར་ཏེ་གསུངས་ཡོད། སྤྱི་ཚོགས་ཀྱི་ཁྲོད་ནས་བཤད་ན་འདི་ནི་སྤྱིར་བཏང་གི་གནས་ལུགས་ཤིག་ཡིན་པས་ང་ཚོས་གོ་བ་ལེན་བདེ་སྟེ། མི་ཞིག་གིས་ཁྲིམས་འགལ་གྱི་བྱ་བ་བྱས་མེད་ན་ཁོ་རང་བཙོན་དུ་སོང་སྟེ་བཙོན་ཁང་གི་སྡུག་བསྔལ་མྱོང་འོས་མེད་ལ། མི་ཞིག་གིས་རྒྱུན་དུ་ལས་ཀ་ལ་འབད་བརྩོན་མི་བྱེད་པར་ལེ་ལོའི་ངང་དུས་འདས་པ་ཞིག་ལ་རྒྱུ་ནོར་ལོངས་སྤྱོད་མང་པོ་འཛོམས་ཐབས་མེད་པ་ལྟ་བུ་རེད།  
          4.ལས་བྱས་པ་ཆུད་མི་ཟ་བའི་ཁྱད་ཆོས་ནི། ཕྱིའི་རྒྱུ་འབྲས་སྟེང་ནས་ཆུད་ཟ་བའི་དུས་སྐབས་ཡོད་དེ། ས་བོན་འཚིག་པ་དང་ས་བོན་སྐྱོན་ཅན་ལ་སོགས་པ་བཏབ་ན་མྱུ་གུ་མི་སྐྱེས་ཀྱང་། ནང་གི་རྒྱུ་འབྲས་ཀྱི་སྒོ་ནས་བཤད་ན་ལས་བྱས་པ་དེ་བསྐལ་བ་བརྒྱ་འགོར་ཡང་གཉེན་པོས་མ་བཅོམ་ཚུན་ལ་ནམ་ཞིག་འབྲས་བུ་སྨིན་པ་ཡིན་ལ། དེ་བཞིན་དུ་སོ་སོས་བྱས་པའི་འབྲས་བུ་དེ་སོ་སོས་མྱོང་བ་ལས་བགོ་བ་རྒྱག་ཐབས་མེད་པ་དང་། ནག་པོའི་ལས་ཤིག་བྱས་ཡོད་ན་འབྲས་བུ་ནམ་ཞིག་ཆུད་མི་ཟ་བར་སྡུག་བསྔལ་མྱོང་དགོས་ཤིང་། དཀར་བའི་ལས་ཤིག་བྱས་ཡོད་ནའང་དེའི་འབྲས་བུ་ནམ་ཞིག་ཆུད་མི་ཟ་བར་བདེ་བ་མྱོང་དགོས་པས་འདི་དག་ལ་རྒྱུ་འབྲས་བསླུ་བ་མེད་པ་ཞེས་བརྗོད། སྤྱི་ཚོགས་སྟེང་ལས་ཆུད་མི་ཟ་བའི་དཔེ་གཞི་ཆ་ཚང་ཞིག་རྙེད་དཀའ་ཡང་། གོང་དུ་དྲངས་པའི་ལྐོག་བརྔན་ཅན་གྱི་དཔོན་པོ་དེ་རེ་ཞིག་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་ཀྱང་། དེས་ཁོའི་ནག་ཉེས་གཞི་ནས་དག་ཟིན་པ་མ་ཡིན་ཏེ། ནམ་ཞིག་ནག་ཉེས་ཕྱི་ལ་ཁྱབ་པའི་དུས་ཡོད་ལ་དེའི་དུས་ད་གཟོད་ཁོས་བྱས་པའི་ནག་ཉེས་ཀྱི་འབྲས་བུ་ཆུད་མི་ཟ་བར་མྱོང་དགོས་པ་ལྟ་བུ་རེད། གོང་གི་ལས་འབྲས་ཀྱི་གོ་དོན་དང་ཁྱད་ཆོས་དེ་འཇིག་རྟེན་གྱི་ཁྲིམས་ལུགས་དང་སྦྱར་ཏེ་དབྱེ་ཞིབ་ཅུང་ཟད་བྱས་ན་དཔྱད་འབྲས་འདི་འདྲ་ཞིག་ཐོན་ཏེ། སྤྱིར་འཇིག་རྟེན་ན་ཁྲིམས་ལུགས་ཡག་པོ་ཡོད་ན་ཡང་། དེ་དག་ལག་ལེན་དངོས་ལ་འདེབས་པའི་གོ་རིམ་ཁྲོད་ནས་རྒྱལ་པོ་དང་ཁྲིམས་དཔོན་ལྟ་བུ་ཁྲིམས་འོག་ཏུ་མི་འདུ་བ་ཡོད་ལ། ལས་རྒྱུ་འབྲས་ཀྱི་ཁྲིམས་འདི་ནི་རང་གིས་བྱས་པའི་ལས་དཀར་ནག་དེ་རང་གིས་མྱོང་བ་ལས་གཞན་ལ་ཁལ་འགེལ་ས་མེད་ལ། ཡང་འཇིག་རྟེན་གྱི་ཁྲིམས་ནི་མི་གཡོ་སྒྱུ་ཅན་འགའ་ཞིག་གིས་ནག་ཉེས་བྱས་ཀྱང་ཁྲིམས་དཔོན་དང་རྒྱལ་པོ་ལྟ་བུས་མ་ཤེས་ན་ཁྲིམས་ཀྱི་ཉེས་པ་ཁུར་དགོས་མེད་ལ། ལས་རྒྱུ་འབྲས་ཀྱི་ཁྲིམས་ནི་རང་གིས་བྱས་པའི་ཉེས་པ་གཞན་གྱིས་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་ནག་ཉེས་རང་གིས་ཁུར་དགོས་པ་དང་། ཡང་འཇིག་རྟེན་གྱི་ཁྲིམས་ནི་རང་གིས་ནག་ཉེས་བྱས་ཏེ་རྒྱལ་ཁྲིམས་མི་འདྲ་བའི་རྒྱལ་ཁོངས་སུ་ཕྱིན་ན་ཁྲིམས་ཀྱི་ཉེས་པ་ཁུར་དགོས་མེད་ལ། ལས་རྒྱུ་འབྲས་ཀྱི་ཁྲིམས་ནི་རང་ཉིད་རྒྱལ་ཁྲིམས་མི་གཅིག་པའི་རྒྱལ་ཁོངས་གང་དུ་བྲོས་ཀྱང་རུང་། ཐ་ན་ཕྱིའི་ལུས་པོ་བསྐྱུར་ཏེ་ནང་རྣམ་ཤེས་གཅིག་པུ་བྲོས་ན་ཡང་ནག་ཉེས་རང་གིས་ཁུར་དགོས་པ་དང་། ཡང་འཇིག་རྟེན་གྱི་ཁྲིམས་ལ་ཁྲིམས་དཔོན་དང་ཉེན་རྟོག་ལ་སོགས་པར་རིག་པ་གྲིམ་ལྷོད་ཤོར་ཏེ་མ་ཉེས་ཁ་གཡོགས་ཐེབས་པའི་དུས་ཡོད་ན་ཡང་། ལས་རྒྱུ་འབྲས་ཀྱི་ཁྲིམས་ལ་ལས་མ་བྱས་པ་དང་ནམ་ཡང་མི་འཕྲད་པ་སྟེ། འཇིག་རྟེན་གྱི་ཁྲིམས་དང་མི་མཐུན་པའི་ཁྱད་ཆོས་མང་པོ་ཞིག་ལྡན་ཡོད། དེ་བས་དུས་རབས་བདུན་པའི་སྐབས་སུ། བོད་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་བསྟན་པ་བོད་དུ་བསྒྱུར་བ་དང་མཉམ་དུ་ལས་རྒྱུ་འབྲས་ཀྱི་རྒྱལ་ཁྲིམས། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ་བོད་ཁམས་སུ་ཁྱབ་སྤེལ་བྱས་པ་དེའི་དམིགས་ཡུལ་གཙོ་བོ་རྒྱལ་ཁམས་བདེ་སྲུང་གི་ཆེད་ཡིན་ནའང་། བྱེད་ཕྱོགས་དེ་དང་བསྟུན་ནས་ལས་རྒྱུ་འབྲས་ཀྱི་ལྟ་བ་བོད་ཁམས་སུ་རྐང་ཚུགས་པའི་བྱ་བ་དེ་ཞོར་ནས་གྲུབ་པ་ཡིན་ནོ། །
གཉིས། ལས་འབྲས་ཀྱི་ལྟ་བ་བོད་དུ་དར་ཐུབ་པའི་རྒྱུ་རྐྱེན།  
          དགེ་བ་བཅུའི་ཁྲིམས་བོད་བཙན་པོའི་སྐབས་སུ་འཛུགས་ཐུབ་པའི་རྒྱུ་མཚན་ནི། གཅིག་ནས་ལས་འབྲས་ཀྱི་ལྟ་བ་འདིའི་རང་སྟེང་ནས་མིའི་རིགས་སྤྱིའི་སེམས་ཁམས་དང་མཐུན་པའི་ཁྱད་ཆོས་ཤིག་ཡོད་པའི་རྐྱེན་ཡིན་ཏེ། སྤྱིར་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཁྱད་ཆོས་ནི་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་དེ་ཡིན། བདེ་བ་དེ་ལའང་ཕྱི་ལུས་སྟེང་གི་བདེ་བ་དང་ནང་སེམས་སྟེང་གི་བདེ་བ་གཉིས་ཡོད་པ་ལས། ཕྱི་ལུས་ཀྱི་བདེ་བ་ནི་ཐོབ་མངའ་ཐང་དང་རྒྱུ་འབྱོར་བ་སོགས་ཏེ་གཙོ་བོ་ཕྱི་རྐྱེན་སྟེང་ནས་འཇོག་དགོས་པས། དེ་ནི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སམ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཏེ་ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བའི་སྤྱི་ཚོགས་ལས་མི་ཉུང་ཤས་ཙམ་ལས་འབངས་མི་སེར་སྤྱི་ལ་ཐོབ་དཀའ་བ་རེད། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་ནི་རྒྱུ་དགེ་བའི་ལས་གསོག་པ་ལ་སྟོབས་མངའ་ཐང་དང་འཇིག་རྟེན་གྱི་རྒྱུ་འབྱོར་ལ་བལྟ་མི་དགོས་པར་འབངས་མི་སེར་གྱི་དད་སྟོབས་སོགས་གཙོ་བོ་གང་ཟག་གི་ནང་རྐྱེན་སྟེང་ནས་སྒྲུབ་ཐུབ་པ་ཞིག་ཡིན་པས། རྒྱལ་པོ་སྲོང་བཙན་སྒམ་པོས་ལས་འབྲས་ཀྱི་ཁྱད་ཆོས་འདི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་མཐུན་པར་མཁྱེན་པ་ནི་དགེ་བ་བཅུའི་ཁྲིམས་འཆའ་བའི་ཐོག་མའི་རྨང་གཞི་རེད། ཡིན་ན་ཡང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་ལ་སོགས་པ་ནི་དཔལ་འབྱོར་གྱི་རྨང་གཞིའི་སྟེང་ནས་ཐག་བཅད་པ་ཡིན་པས་སྐབས་དེའི་སྤྱི་ཚོགས་ཀྱི་ཆ་རྐྱེན་སྟེང་ནས་ལས་རྒྱུ་འབྲས་ཀྱི་ལྟ་བ་བོད་དུ་དར་ཐུབ་པའི་རྒྱུ་རྐྱེན་ལ་དཔྱད་པ་ཙམ་བཏང་ན།  
          1.སྐབས་དེར་བོད་སྤྱི་ཚོགས་ཀྱི་དཔལ་འབྱོར་སྟེང་ནས་བལྟས་ན། དགེ་བ་བཅུའི་ཁྲིམས་འཆའ་བའི་དཔལ་འབྱོར་གྱི་རྨང་གཞི་ཡོད་པ། སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་རྒྱལ་པོ་ཞིག་ཡིན་པ་དང་། ཁོང་གིས་བོད་ཀྱི་ལོ་རྒྱུས་སྟེང་སྔོན་ཆད་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་བ་མང་པོ་སྒྲུབ་པ་ལས་བོད་ཡིག་གསར་གཏོད་མཛད་པ་དང་བསྟན་བཅོས་བོད་དུ་བསྒྱུར་པ་གཉིས་ནི་རླབས་ཆེན་གྱི་མཛད་རྗེས་ཁག་ཅིག་རེད། ལྷག་པར་དུ་དམ་ཆོས་བོད་དུ་བསྒྱུར་པ་དང་མཚུངས་སུ་དེའི་དགོངས་པ་དང་བོད་ཀྱི་སྤྱི་ཚོགས་གཉིས་ཀྱི་ཁྱད་ཆོས་ལ་ཐུགས་གཞིགས་བཏང་སྟེ་དགེ་བ་བཅུའི་རྒྱལ་ཁྲིམས་བཅས་པ་དེར་ལྷག་ཏུ་གདེང་འཇོག་བྱེད་འོས་པ་ཞིག་རེད། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་མོད། གཙོ་བོ་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་རྨང་གཞི་ཅུང་ལེགས་པས་བོད་སྤྱི་ཚོགས་ལ་དགེ་བ་བཅུའི་ཁྲིམས་དང་ལེན་བྱེད་པའི་ནུས་པ་ཡོད་པའི་རྐྱེན་རེད།  
          བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་ནས་བོད་ཀྱི་ཐོན་སྐྱེད་དང་དཔལ་འབྱོར་ཡར་རྒྱས་འགྲོ་བའི་འགོ་ཚུགས་ཤིང་། གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་དང་། སོལ་བ། སྤང་ཐང་ཞིང་དུ་བསྒྱུར་བའི་སྲོལ་དར་ལ། ཨི་ཤོ་ལེགས་ཀྱི་དུས་སུ། ཐོན་སྐྱེད་དང་དཔལ་འབྱོར་དེ་ལས་འཕེལ་རྒྱས་བྱུང་སྟེ། ཞིང་ལ་དོར་ཁ་རྩིས་པ། འབྲོག་ལ་ཐུལ་རྩིས་པ། ཡུར་བ་བཟོས་ཏེ་མདའ་ཞིང་ཆུ་མར་བསྒྱུར་བ་སོགས་ཀྱི་ཐོན་སྐྱེད་ཡར་རྒྱས་བྱུང་། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་སྔོན་ཆད་བོད་ལ་མེད་པའི་བྲེ་སྲང་ཕུལ་གསུམ་གྱི་ཚད་གཞི་གཏན་འཁེལ་བྱས་ཤིང་། བོད་དུ་ཚོང་ལས་དཔལ་འབྱོར་དར་བའི་འགོ་ཡང་ཚུགས་པ་རེད། སྲོང་བཙན་སྒམ་པོའི་སྐབས་སུ། གཏེར་ལས་དང་། ཞིང་ལས། ཕྱུགས་ལས། ཚོང་ལས་སོགས་དཔལ་འབྱོར་ལས་རིགས་ཕྱོགས་ཡོངས་ནས་སྔོན་ཆད་བྱུང་མ་མྱོང་བའི་ཡར་རྒྱས་གོང་འཕེལ་བྱུང་ཡོད་ལ། དེ་དག་སྐབས་འདིར་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་འཁེལ་བྱས་པའི་ཁྲིམས་ལུགས་དེའི་སྟེང་ནས་མཚོན་གྱི་ཡོད།
          འཇལ་གཤོར་འདེགས་གསུམ་གྱི་ཁྲིམས་འདི་སྲོང་བཙན་གྱིས་བཟོས་པའི་བཀའ་ཁྲིམས་ཆེན་པོ་དྲུག་ལས་གཉིས་པ་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ཞེས་པའི་དངོས་གཞིའི་བརྗོད་བྱ་ཡིན། འདི་ནི་དེང་རབས་ཀྱི་ཁྲིམས་རིག་པའི་ངོས་ནས་ཞུས་ན་དཔལ་འབྱོར་བཅའ་ཁྲིམས་ཡིན་ཞིང་། དེ་ཡང་དཔལ་འབྱོར་བཅའ་ཁྲིམས་ཀྱི་འབྱུང་ཁུངས་ནི་སྤྱི་ཚོགས་དཔལ་འབྱོར་གྱི་རྨང་གཞིའི་སྟེང་ནས་བྱུང་བ་ཡིན་ཏེ། སྤྱི་ཚོགས་ཤིག་ལ་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་མེད་ན་དཔལ་འབྱོར་བཅའ་ཁྲིམས་བཟོ་བའི་དགོས་པ་མེད་པས། སྲོང་བཙན་གྱིས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་ལ་ཕབ་པའི་ཁྲིམས་བཅས་པའི་སྟེང་ནས་སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་ཚད་ངེས་ཅན་ཞིག་ལ་སླེབས་པའི་རྟགས་མཚན་མཐོང་ཐུབ།  
          སྟག་རི་གཉན་གཟིགས་ཀྱི་སྐབས་ནས་བྲེ་ཕུལ་སྲང་གསུམ་གྱི་ཚད་གཞི་གཏན་འཁེལ་མཛད་ཡོད་མོད། སྲོང་བཙན་སྐབས་ཀྱི་འཇལ་གཤོར་འདེགས་གསུམ་ལྟ་བུའི་ཚད་གཞི་ཞིབ་མོ་ཞིག་མིན། སྲོང་བཙན་སྐབས་ཀྱི་གཤོར་འདེགས་ཀྱི་འཇལ་ཚད་ནི། བྲེ། སྲང་། ཕུལ། ཁྱོར། ཞོ། ནམ། སེ། སྲན་བཅས་ཡིན་ལ། བྲེ་ཚད་ནི་ད་ལྟའི་ཤིང་བྲེ་ཞེས་པའི་དོན་ཡིན་ཞིང་བྲེ་ཚད་ལ་དྲུག་ཕུལ་ཏེ་ཡ་ཁྱོར་གསུམ་དང་ཕྱེད་ཀ་ཕུལ་གང་དུ་རྩི་བ་དང་། བྲེ་ཉི་ཤུ་ཁལ་གཅིག་ཏུ་རྩི་བའི་ལུགས་གཅིག་དང་། ཕུལ་བདུན་ཏེ་ཡ་ཁྱོར་གསུམ་ཕུལ་གཅིག་ཏུ་རྩི་བ་དང་ཕུལ་བདུན་བྲེ་གང་དང་བྲེ་ཉི་ཤུ་ལ་ཁལ་གཅིག་ཏུ་རྩིས་པའི་ལུགས་གཅིག་སྟེ་ལུགས་མི་འདྲ་བ་གཉིས་བྱུང་བ་གང་ལྟར་ཡང་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་རྩི་བ་འདྲ་བས་སྐབས་དེའི་བྲེ་ཚད་ལ་ཁྱོར་ཉེར་གཅིག་ཡིན་ཞིང་། འདི་ཞིང་ལས་ཀྱི་གཤོར་འཇལ་ཚད་ཡིན། འདེགས་བྱེད་སྲང་གི་ཚད་གཞི་ནི། ནས་རྡོག་ཆེ་འབྲིང་ཆུང་གསུམ་སྟེ་ནས་རྡོག་དྲུག་གི་ལྗིད་ཚད་ལ་སེ་བ་གང་། སེ་བ་ཉི་ཤུའི་ལྗིད་ལ་ཞོ་གང་། ཞོ་བཅུའི་ལྗིད་ལ་སྲང་གང་། སྲང་བཞི་ལ་ཉག་དང་། ཉག་ཉི་ཤུ་ལ་ཁལ་གཅིག་སྟེ་འདི་དག་ཕྱུགས་ལས་ཕྱོགས་ཀྱི་འདེགས་ཚད་ཡིན་ལ་གཙོ་བོ་ཤ་མར་འདེགས་བྱེད་ཀྱི་ཚད་ཡིན། གསེར་དངུལ་སོགས་ཏེ་གཏེར་ལས་ཀྱི་འདེགས་ཚད་ནི་སྲན་བདུན་ལ་ནམ་གཅིག ནམ་བདུན་ལ་ཞོ་གང་།  ཞོ་བཅུ་ལ་སྲང་གང་ཡིན་ནོ། །ཚོང་ལས་ཀྱི་ཕྱོགས་ལ་འཇལ་གཤོར་འདེགས་གསུམ་སྐབས་བསྟུན་གྱིས་བཀོལ་བ་ཡིན། འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ཞིབ་ཕྲའི་ངང་བཀོད་ཡོད་པ་འདི་ལ་བལྟས་ན་སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱུང་སྟེ་ཚད་ངེས་ཅན་ཞིག་ལ་སླེབས་པ་མཚོན་ཡོད་ཅིང་། འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་ལ་ཕབ་སྟེ་ཁྲིམས་བཅས་པའི་སྟེང་ནས་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚད་ངེས་ཅན་ཞིག་ལ་སླེབས་པ་ཡང་མཚོན་ཐུབ། ལྷག་པར་དུ་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་བཟང་ཙམ་བྱུང་ཡོད་པ་ནི། དེ་ཡང་བོད་ས་གནས་རང་གི་ཐོན་ཁུངས་གཙོ་བོ་གླ་རྩི་དང་། ཚ་ལ། གཡག་རྔ་སོགས་ཤར་གྱི་རྒྱ་ནག་དང་། ལྷོ་ཕྱོགས་བལ་པོ་རྒྱ་གར། ནུབ་སྟག་གཟིགས་གྲུ་གུ་སོགས་ཀྱི་དམག་ཆས་ཀྱི་ཚོང་ཟོང་དང་བརྗེ་རེས་མཛད་དེ་བོད་བཙན་པོའི་མཐའ་རྒྱ་བསྐྱེད་པ་དང་། རིག་གནས་གསར་པ་ནང་འདྲེན་བྱས་པ་དེའི་སྟེང་ནས་དཔལ་འབྱོར་གྱི་རྨང་གཞི་ཅུང་ཡག་པོ་ཞིག་ཡོད་པ་རྟོགས་ཐུབ་པ་རེད། གལ་ཏེ་སྲོང་བཙན་སྐབས་དཔལ་འབྱོར་རྨང་གཞི་ཚད་ངེས་ཅན་དེ་འདྲ་ཞིག་ལ་འཕེལ་རྒྱས་བྱུང་མེད་ན། ལས་རྒྱུ་འབྲས་ཀྱི་གཞུང་ལུགས་འདི་རྒྱ་གར་འཕགས་པའི་ཡུལ་ནས་ནང་འདྲེན་བྱེད་ཐབས་མེད་ལ། འབངས་མི་སེར་གྱི་ལྟོ་རྒྱབ་མི་ཁེབས་པའི་ཆ་རྐྱེན་འོག་ནས་གཞུང་ལུགས་འདི་ནང་འདྲེན་བྱས་པའི་དབང་དུ་བཏང་ན་ཡང་འབངས་བྱིངས་ཀྱིས་དང་ལེན་བྱེད་ཐབས་མེད་པས་སྲོང་བཙན་སྐབས་ལས་རྒྱུ་འབྲས་ཀྱི་ལྟ་བ་བོད་ཀྱི་སྤྱི་ཚོགས་སུ་དར་བར་མ་ཟད། ད་དུང་དགེ་བ་བཅུའི་ཁྲིམས་ཀྱང་འཆའ་ཐུབ་པའི་རྐྱེན་ནི་དཔལ་འབྱོར་གྱི་ཆ་རྐྱེན་ཅུང་ལེགས་པོ་ཞིག་ཡོད་པ་དེ་རེད།  
          2.སྐབས་དེའི་བོད་སྤྱི་ཚོགས་ཀྱི་རིག་གནས་རྨང་གཞིའི་སྟེང་ནས་བལྟས་ན། འབངས་བྱིངས་ཀྱིས་ལས་རྒྱུ་འབྲས་ཀྱི་གཞུང་ལུགས་དང་ལེན་བྱེད་པའི་ཆ་རྐྱེན་ཡོད་པ། ནང་པའི་བསྟན་པ་མ་དར་སྔོན་གྱི་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ནས་བོད་ལ་བོད་རང་གི་ས་གནས་ལས་བྱུང་བའི་བརྡོལ་བོན་དང་འཁྱར་བོན་དར་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ལས་གསལ་ཞིང་། དེ་ལས་མི་འདྲེ་ལ་སྐྱེས་པ་དང་། འདྲེ་ལྷ་ལ་སྐྱེས་པ། ལྷ་མི་ལ་སྐྱེས་པ་སོགས་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་པའི་ལྟ་བ་ཞིག་ཆགས་ཡོད་པ་དེ། རིག་གནས་སྟེང་ལས་རྒྱུ་འབྲས་ཀྱི་ལྟ་བ་དང་ལེན་བྱེད་ཐུབ་པའི་ཐོག་མའི་རྨང་གཞི་རེད། ལྷག་པར་དུ་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་ནས་བོན་དར་རྒྱས་བྱུང་བ་དང་། སྲོང་བཙན་ཡར་སྔོན་གྱི་བཙན་པོ་རིམ་བྱོན་གྱིས་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པ་ལ་དཔྱད་ན། བོན་གྱི་ལྟ་བ་དེ་བོད་འབངས་ཐུན་མོང་གི་ལྟ་བ་ལྟ་བུར་གྱུར་ཡོད་པ་མཚོན་ཐུབ། དེས་ན་བོན་བསྟན་ལས་ལས་འབྲས་ཀྱི་ཚུལ་གསུངས་པ་དཔེར་ན་《མདོ་གཟེར་མིག》ལས། “ར་བའི་སེམས་ཅན་ཐམས་ཅད་ཀུན། ། ལས་སུ་སྡུག་བསྔལ་སྤྱོད་ཅིང་དོན་དུ་སྐྱེ་འཆི་རྩོལ། །སྐྱེ་བ་གཅིག་གིས་བླ་མེད་སྒྲུབ་པ་ནི། །ཚུལ་ལམ་ཐབས་ཀྱི་གཏན་ཚིག་ཇི་ལྟར་ལགས་པ་ཞིག། སེམས་ཅན་གྲངས་ལ་བསམ་འདས་རྒྱ་ཆེ་བས། ལས་ཀྱང་དེ་དང་མཚུངས་པར་ཐ་དད་མང་། ” ཞེས་སེམས་ཅན་ཐ་དད་པ་གྲངས་ཀྱིས་མི་ཟིན་པ་བཞིན་དུ་ལས་ཀྱི་རྣམ་གྲངས་ཀྱང་ཤིན་ཏུ་མང་པོ་ཡོད་པ་བསྟན་འདུག གནམ་རི་སྲོང་བཙན་ལ་བོན་གྱིས་དུག་དྲངས་ཏེ་བགྲོངས་པ་དེ་ཡང་སྐབས་དེར་བོན་གྱི་ཤེས་རིག་ཤིན་ཏུ་དར་ཏེ་བོན་གྱི་སྲིད་དབང་ལ་ཐེ་གཏོགས་བྱས་པའི་རྣམ་པ་དེ་མཚོན་གྱི་ཡོད། བོན་གྱི་སྟོབས་ཤུགས་དེ་འབངས་མི་སེར་ལ་ཤུགས་རྐྱེན་ཐེབས་པའི་ངོས་ནས་བཤད་ན། སྐབས་དེར་བོན་གྱིས་རྒྱལ་སྲིད་ལ་ཇི་ལྟར་ཐེ་ཇུས་བྱེད་པ་བཞིན་དུ་འབངས་མི་སེར་གྱི་བསམ་བློ་ལ་ཡང་དེ་བཞིན་ཐེ་ཇུས་བྱེད་ཀྱིན་ཡོད་དེ། སྲོང་བཙན་སྐབས་སུ་མུ་སྟེགས་དབང་ཕྱུག་པའི་ལྟ་བ་འདྲེས་པའི་འཁྱར་བོན་དར་བ་དང་། “ཆོས་ལུགས་འདིས་ལོ་རེའི་སྟོན་ཀའི་དུས་སུ་ཤྭ་ཕོ་རུ་རྐྱང་ཞེས་ཤྭ་ཕོ་མང་པོ་དུས་གཅིག་ཏུ་སྐེ་བཅད་ནས་བསད་པའི་ཤ་ཁྲག་གི་མཆོད་པ་འབུལ་བ་དང་། དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད་ཅེས་གཡག་ལུག་ར་སོགས་ཕོ་ཕྱུགས་སྟོང་ཕྲག་གསུམ་རེ་ལོངས་པའི་སྐེ་དུས་གཅིག་ཏུ་བཅད་ནས་གསོད་པ་དང་། འབྲི་ལུག་ར་སོགས་མོ་ཕྱུགས་སྟོང་ཕྲག་གཅིག་རེ་ལོངས་པའི་ཡན་ལག་རྣམས་གསོན་པོར་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་ཟེར་བ་ཤྭ་བ་ཡུ་མོ་བཞིའི་རྐང་ལག་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད་དང་། དབྱར་ཁའི་དུས་བོན་སྟོན་བསངས་མཆོད་ཟེར་བ་ཤིང་སྣ་དང་འབྲུ་སྣའི་བསངས་གཏོང་བ་བཅས་བྱེད་ཀྱི་ཡོད་པར་མ་ཟད། མི་ལ་ན་ཚ་བྱུང་བའི་སྐབས་སུ་སྲོག་བླུས་སྤུས་འགྱེད་ཟེར་བ། གོང་བཞིན་མི་སོ་སོའི་དཔལ་འབྱོར་ཆེ་ཆུང་ལ་གཞིགས་པའི་སེམས་ཅན་ཕོ་ཕྱུགས་དང་། མོ་ཕྱུགས་སྟོང་ཕྲག་གསུམ་ནས་མ་མཐར་རེ་རེ་ལས་མ་བྱུང་ཡང་བསད་ནས་དམར་མཆོད་འབུལ་གྱི་ཡོད་པ”(13)སོགས་གཞི་རྒྱ་ཆེ་བའི་དམར་མཆོད་བྱེད་པ་དེ་དག་གིས་སྐབས་དེའི་བོན་པོའི་ཆོས་ལུགས་ཀྱིས་བོད་འབངས་ཀྱི་བསམ་བློར་ཐེ་ཇུས་བྱས་པ་མཚོན་གྱི་ཡོད་ལ། དེ་དག་སྙིང་རྗེ་ལྡན་པའི་བོད་འབངས་ཀྱི་བསམ་བློའི་དགོས་མཁོར་མི་མཐུན་ལ། ཏག་ཏག་དུས་སྐབས་འདི་ལ་སྲོག་མི་གཅོད་པ་སོགས་དགེ་བ་བཅུའི་ལྟ་བ་དེ་བོད་མང་ཚོགས་ཀྱི་བསམ་བློའི་དགོས་མཁོ་དང་བོད་ཀྱི་སྤྱི་ཚོགས་ལ་མཐུན་པས་སྲོང་བཙན་སྒམ་པོས་བོད་ཀྱི་སྤྱི་ཚོགས་དུས་སྐབས་དེ་ལྟ་བུ་ལ་ཁེལ་བར་དམིགས་ཏེ་དགེ་བ་བཅུའི་ཆོས་བོད་དུ་བསྒྱུར་མ་ཐག་ནས་དེ་དག་རྒྱལ་ཁྲིམས་སུ་བཅས་ཏེ་བོད་སྤྱི་ཚོགས་སུ་བཀྲམས་པ་དེར་དུས་སྐབས་མ་ཤོར་བའི་ཁྱད་ཆོས་ཡོད་པ་དང་། དགེ་བ་བཅུའི་ཁྲིམས་དང་ལེན་བྱེད་པའི་བསམ་བློའི་ཆ་རྐྱེན་ཡང་ལྡན་པས་སྲོང་བཙན་སྐབས་བོད་དུ་ལས་རྒྱུ་འབྲས་ཀྱི་ལྟ་བ་དར་ཐུབ་པའི་ཆ་རྐྱེན་གཉིས་པ་ནི་དེ་ག་རང་ཡིན་ནོ། །
          3.སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་ངོས་ནས་བལྟས་ན། དགེ་བ་བཅུའི་ཁྲིམས་ཀྱིས་བོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ལྡན་པ། གནམ་རི་སྲོང་བཙན་སྐབས་ཞང་ཞུང་། སུམ་པ། དྭགས་པོ། ཀོང་པོ། ཉང་པོ་བཅས་ནས་བཙན་པོའི་རྒྱལ་ས་ལ་ངོ་རྒོལ་བྱེད་པའི་འོས་ལངས་བྱུང་ཞིང་། སྲོང་བཙན་སྒམ་པོ་རྒྱལ་སྲིད་ལ་བྱོན་མ་ཐག་པའི་དུས་སྐབས་ནི། བོད་སྤྱི་ཚོགས་ཤིན་ཏུ་བདེ་འཇགས་མིན་པའི་དུས་སྐབས་སུ་ཁེལ་བ་དང་། འབངས་གྱེན་ལངས་བྱུང་བ་དེས་ཕྱོགས་གཅིག་ནས་སྐབས་དེའི་བོད་སྤྱི་ཚོགས་ལམ་ལུགས་ལ་རྡུང་རྡེག་ཐེབས་ཡོད་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་བ་རྣམ་པ་གསར་པ་ཞིག་ཏུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས་ཡོད། སྲོང་བཙན་སྒམ་པོས་མཐའ་བཞིའི་རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཏེ་ཁྲིམས་ལུགས་མང་པོ་གཏན་འབེབས་བྱས་པའི་གྲས་སུ། ལས་རྒྱུ་འབྲས་ཀྱི་རྒྱལ་ཁྲིམས་ཏེ་དགེ་བ་བཅུའི་ཁྲིམས་བཅས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་པོའི་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་ཆེད་ཡིན་མོད། བོད་འབངས་ལ་དགེ་བ་བཅུའི་ཁྲིམས་བརྩི་སྲུང་བྱེད་པའི་བྱེད་ཕྱོགས་དེ་ནི་བོད་གངས་ཅན་གྱི་ལྗོངས་འདིར་ལས་འབྲས་ཀྱི་ལྟ་བ་འདི་མི་ཡི་ཤ་ལ་ཁྲག་འདྲེས་པ་ལྟར་དར་ཐུབ་པའི་ཆ་རྐྱེན་དུ་སོང་བའང་ཡིན་ནོ། །
གསུམ། ལས་འབྲས་ཀྱི་ལྟ་བ་བོད་དུ་ཇི་ལྟར་དར་ཚུལ།  
          ནང་བསྟན་བོད་དུ་དར་བ་ནས། སྲོང་བཙན་སྒམ་པོས་ཁྲིམས་ལ་བརྟེན་ནས་ལས་འབྲས་ཀྱི་ལྟ་བ་འདི་བོད་དུ་དར་སྤེལ་བཏང་བ་ཡིན། དེ་ནི་ལས་འབྲས་ཀྱི་ལྟ་བ་ཐོག་མར་བོད་དུ་སྤེལ་བའི་རྟེན་འབྲེལ་ཙམ་ལས་དེའི་སྟེང་ནས་ལས་འབྲས་ཀྱི་ལྟ་བ་འདི་བོད་མིའི་རུས་པའི་ཧ་རུ་ཟུག་ཐུབ་པ་ཞིག་བྱུང་མེད། ལས་འབྲས་བོད་དུ་དར་བ་དང་བོད་ཀྱི་འཇིག་རྟེན་ལྟ་ཚུལ་དུ་གྱུར་བའི་གོ་རིམ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ལ་སྲོང་བཙན་གྱིས་བྱེད་ཐབས་གསུམ་བཏོན་པ་དང་གཞུང་ལུགས་དེ་ཕྱིས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་ནས་ལག་ལེན་བྱས་ཏེ་འབྲས་བུ་ཐོན་པ་ཞིག་རེད། སྲོང་བཙན་སྒམ་པོས་ལས་འབྲས་ཀྱི་ལྟ་བ་བོད་དུ་དར་སྤེལ་བྱེད་ཐབས་གཅིག་ནི་དགེ་བ་བཅུའི་ཁྲིམས་ལ་བརྟེན་ནས་དར་སྤེལ་བཏང་བ་ཡིན། སྲོང་བཙན་སྒམ་པོས་དགེ་བ་བཅུའི་ཁྲིམས་འདི་ཁྲིམས་ཡིག་ཆེན་པོ་དྲུག་ལས་གསུམ་པ་རྒྱལ་ཁམས་དཔེ་བླངས་ཀྱི་གྲས་སུ་བཞག་ཡོད་ཅིང་། རྒྱལ་ཁམས་དཔེ་བླངས་ཞེས་པ། 《སྔ་རབས་བོད་ཀྱི་སྲིད་ཁྲིམས་》ལས། “སྐབས་དེར་སྤྱི་ཚོགས་ལ་ཡོངས་ཁྱབ་ཏུ་གནས་པའི་སྤྱོད་ཚུལ་སྣ་ཚོགས་ཤིག་དཔེར་བླངས་ཐོག”(14)ཅེས་བཀོད་ཀྱང་། ཁོ་བོས་བལྟས་ན་རང་གི་རྒྱལ་ཁམས་མ་ཟད་རྒྱལ་ཁམས་གཞན་པ་སྟེ་རྒྱ་གར་ཕྱོགས་ནས་ཀྱང་དཔེར་བླངས་ཡོད་པར་སེམས་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱལ་སྲིད་འཛིན་སྐབས་ཁོང་གིས་མཆོད་སྦྱིན་དམར་མཆོད། རི་དྭགས་བརྙས་གསོད་བྱེད་པ་འདི་ནག་ཉེས་སུ་བརྩིས་ཏེ་དེ་ལྟར་བྱེད་མི་ཆོག་པར་ཁྲིམས་བསྒྲགས་པ་དང་། ཁོང་གིས་སངས་རྒྱས་ཀྱི་བསྟན་པ་རང་གི་ཆབ་སྲིད་སྟེང་བཀོལ་ཏེ་མཐའི་རྒྱལ་ཁག་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད་པ་དེ་དང་། སྲོང་བཙན་སྒམ་པོའི་སྲིད་དབང་འཛིན་ཚུལ་གཉིས་འདྲ་ས་མང་བས་དགེ་བ་བཅུའི་ཁྲིམས་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་སྲིད་སྐྱོང་ཚུལ་ལ་དཔེར་བལྟས་པ་མིན་ནམ་སྙམ།  
          དེ་ཡང་དགེ་བ་བཅུའི་ཁྲིམས་ནི་སྲོང་བཙན་སྒམ་པོས་མི་ཆོས་ཀུན་སྤྱོད་ཀྱི་ཁྲིམས་སུ་གཏན་འབེབས་བྱས་པ་ཞིག་ཡིན་ལ། དེ་ལས་དམ་པའི་ཆོས་སྲུང་སྐྱོབ་དང་དར་སྤེལ་གྱི་ནུས་པ་ཧ་ཅང་མཐོན་པོ་ཐོན་ཡོད་པ་མཚོན་ཐུབ། དཔེར་ན། ཁྲིམས་གཅོད་ཚུལ་ལས་བརྐུས་ཁྲིམས་ལྟ་བུ་ལ་མཚོན་ན། དཀོན་མཆོག་གི་ནོར་རྫས་བརྐུས་ན་བརྒྱ་འཇལ་དང་། རྒྱལ་པོའི་ནོར་རྫས་བརྐུས་ན་བརྒྱད་ཅུའི་འཇལ། འབངས་ཐ་མལ་བའི་ནོར་རྫས་བརྐུས་ན་བརྒྱད་འཇལ་ཡིན་པའི་ཚུལ་འདིར་བལྟས་ན། དཀོན་མཆོག་གི་ནོར་རྫས་དང་འབངས་ཀྱི་ནོར་རྫས་བར་འཇལ་གྲངས་ཀྱི་བར་ཆད་གོ་གཉིས་ཡོད་ལ། དེ་ནི་རྒྱལ་པོའི་ནོར་རྫས་བརྐུས་པའི་འཇལ་གྲངས་ལས་ལྷག་པ་རེད། སྲོང་བཙན་སྒམ་པོས་སངས་རྒྱས་བསྟན་པ་ལ་འདི་ལྟར་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་ནི། གཅིག་ནས་སྐབས་དེར་བོད་དུ་དར་ཁྱབ་ཆེ་བའི་འཁྱར་བོན་གྱི་སྟོབས་ཤུགས་གནོན་པའི་ཆེད་ཡིན་པ་དང་། གཉིས་ནས་རང་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སངས་རྒྱས་ཆོས་ལ་བརྟེན་རྒྱུ་དེ་རེད། སངས་རྒྱས་ཆོས་ལུགས་ཀྱི་ལས་འབྲས་ལྟ་བ་འདི་སྤྱི་ཚོགས་སུ་དར་སྤེལ་བྱས་ན། དགེ་མཚན་མི་ཉུང་བ་ཞིག་ཡོད་དེ། དཔལ་འབྱོར་གྱི་ངོས་ནས་བཤད་ན། “ཤྭ་ཕོ་རུ་རྐྱང་”དང་། “བོན་ལྷ་དམར་མཆོད། ”“ཡུ་མོ་བྱིན་འབྲེག”“སྲོག་བླུས་སྤུས་འགྱེད”སོགས་ཕྱུགས་ལས་ཐོན་སྐྱེད་ལ་གནོད་འཚེ་ཆེ་བའི་དམར་མཆོད་དེ་རིགས་འགོག་ཐུབ་ལ། ཕྱོགས་གཞན་ཞིག་ནས་བལྟས་ན། སྲོང་བཙན་གྱི་ཡབ་གནམ་རི་སྲོང་བཙན་སྐབས་འབངས་གྱེན་ལངས་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་བ་དང་། སྐབས་དེར་སྲོང་བཙན་གྱིས་ས་ཁོངས་རྒྱ་བསྐྱེད་པའི་དུས་སུ་ཁེལ་བས། ལས་རྒྱུ་འབྲས་ཀྱི་ལྟ་བ་འདི་བཙན་ཤུགས་ཀྱིས་བོད་སྤྱི་ཚོགས་སུ་བསྒྲགས་ན་བོད་འབངས་རང་གིས་རང་གཅུན་པའི་ནུས་པ་ཡོད་པས་སྤྱི་ཚོགས་བདེ་འཇགས་ལ་ཕན་པ་རེད། བྱེད་ཐབས་དེ་ནི་ལས་འབྲས་ཀྱི་ལྟ་བ་བོད་དུ་དར་བའི་ཐོག་མའི་རྨང་གཞི་རེད།  
          དར་སྤེལ་བྱེད་ཐབས་གཉིས་པ་ནི། མི་ཆོས་ཀུན་སྤྱོད་ཀྱི་སྟེང་ནས་དར་སྤེལ་བཏང་བ་སྟེ། ཆོས་དང་ཡི་གེ་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་ཁྲིམས་ནི་སྲོང་བཙན་སྒམ་པོས་བཟོས་པའི་མི་ཆོས་གཙང་མ་བཅུ་དྲུག་གི་གྲས་ཡིན་ལ། ཡི་གེ་སློབ་པའི་དགོས་པ་ནི་ལས་འབྲས་ཀྱི་ལྟ་བར་ཡིད་ཆེས་རྒྱུ་དེ་ཡིན་ཞིང་། དེ་བས་ཡི་གེ་སློབ་པ་མི་ཆོས་ཀྱི་ཁྲིམས་སུ་ཕབ་སྟེ་དར་སྤེལ་བཏང་བ་རེད། མི་ཆོས་གཙང་མའི་ཁྲིམས་ནི་བཙན་ཁྲིམས་ཀྱི་ཁོངས་སུ་མི་གཏོགས་ལ། དེ་ཡང་མི་ཡི་ཀུན་སྤྱོད་ཐད་ནས་གཏན་འབེབས་བྱས་པའི་བཀའ་ཁྲིམས་ཤིག་ཡིན་པས་ལས་འབྲས་ཀྱི་ལྟ་བའི་ཀུན་སྤྱོད་ཚད་གཞི་ནི། ནང་པའི་བསྟན་པ་ལས་བྱུང་བའི་ལས་དཀར་པོ་བྱས་ན་འབྲས་བུ་དཀར་པོ་འབྱུང་བ་དང་། ལས་ངན་པ་བྱས་ན་འབྲས་བུ་ངན་པ་འབྱུང་བའི་གཞུང་ལུགས་ལ་ཡིད་ཆེས་པའི་མི་དེ་ཡ་རབས་ཀྱི་གྲས་སུ་བརྩི་བ་དང་། སྡིག་པའི་ལས་བྱས་ན་འབྲས་བུ་ངན་པ་འབྱུང་བ་དང་། དགེ་བའི་ལས་བྱས་ན་འབྲས་བུ་བཟང་པོར་རེག་རྒྱུ་ཡོད་པ་ཆ་མ་འཚལ་བར་འདོད་པའི་མི་དེ་ངན་གྲས་སུ་བརྩིས་ཤིང་། རྣམ་གཞག་དེ་མི་ཤེས་པ་ལ་ཡི་གེ་སློབ་ཏུ་བཅུག་སྟེ་ཆོས་ཀྱི་ནང་དོན་དེ་དག་རྟོགས་པར་བྱེད་ཀྱིན་ཡོད། སྐབས་དེའི་ཡི་གེའི་བསླབ་གཞི་ནི་ནང་པའི་བསྟན་པའི་ནང་དོན་རྐྱང་རྐྱང་ཡིན་ལ། དེ་ཡང་དགེ་བ་བཅུའི་མདོ་ནི་ཐོན་མིས་དངོས་སུ་བསྒྱུར་བ་ཡིན་པས་ཁོ་བོས་བལྟས་ན། སྲོང་བཙན་སྐབས་ཀྱི་མི་ཆོས་གཙང་མ་བཅུ་དྲུག་ལས་དམ་ཆོས་ཀྱི་དོན་རྟོགས་པར་བྱེད་པ་ཞེས་པའི་དམ་ཆོས་ནི་གཙོ་བོ་ལས་འབྲས་ཀྱི་རྣམ་གཞག་འདིའི་དོན་རྟོགས་པའི་ཆེད་ཡིན་པར་སྙམ་སྟེ། དཀར་ཆོས་ཀྱི་རྩ་བ་ནི་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་རྒྱུ་འདི་ཡིན་པས་སྤྱིར་སངས་རྒྱས་ཆོས་ལུགས་བོད་ཁམས་སུ་དར་སྤེལ་གཏོང་དགོས་ན་ཐོག་མར་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་དགོས་པས། མི་ཆོས་གཙང་མ་བཅུ་དྲུག་ལས་མི་ལ་ཡི་གེ་སློབ་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་པ། དམ་ཆོས་ཀྱི་དོན་རྟོགས་པ་སོགས་ནི་ལས་འབྲས་ཀྱི་ལྟ་བ་ཁོ་ནའི་སྟེང་དུ་བབས་ཡོད།  
          དེ་ལྟ་མོད་ཀྱང་། ལས་འབྲས་ཀྱི་ལྟ་བ་དེ་བོད་མི་ཡོངས་ཀྱིས་དང་ལེན་བྱེད་དགོས་ན་ཐོག་མར་ཆོས་ལུགས་ཀྱི་རྟེན་གནས་ཤིག་དགོས། བཙན་པོ་སྲོང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ཀྱི་རྟེན་གནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། ར་མོ་ཆེ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས་པ་ནི་ལྟ་བ་འདི་བོད་འབངས་ཀྱི་རུས་པའི་ཧ་ལ་འཛུགས་པའི་བྱེད་ཐབས་མཆོག་ཏུ་གྱུར་པ་ཞིག་རེད། ལུགས་སྲོལ་འདི་བཙན་པོ་རིམ་བྱོན་གྱིས་རྒྱུད་འཛིན་དང་དར་སྤེལ་བཏང་སྟེ། རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་བཞེངས་པ་དང་། སད་མི་མི་བདུན་རབ་ཏུ་བྱུང་བ་སོགས་ནི་ལས་འབྲས་ཀྱི་ལྟ་བ་བོད་འབངས་ཀྱི་ཁྲོད་དུ་དར་བའི་མཚོན་བྱེད་ཅིག་ཡིན་ལ། ལྟ་བ་འདི་མུ་མཐུད་དུ་བོད་ཁམས་སུ་གནས་པ་དང་དར་སྤེལ་བྱེད་པའི་བྱེད་ཐབས་ཤིག་ཀྱང་རེད། ཁ་རྒྱུན་ལ། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་བཏོད། ཁྲི་སྲོང་ལྡེ་བཙན་གྱིས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་ཅེས་པའི་སྡོམ་ཚིག་འདི་གནས་ལུགས་ངེས་ཅན་ཞིག་ཡོད་པར་འདོད་དེ། སྲོང་བཙན་སྒམ་པོའི་སྐབས་དགེ་བཅུའི་མདོ་བསྒྱུར། དེ་བོད་ཀྱི་ཁྲིམས་སུ་གཏན་ཕབ་མཛད། ཡི་གེ་བཟོས་ཏེ་ཆོས་ཀྱི་ནང་དོན་ལྡན་པའི་བསླབ་གཞི་བོད་ཁམས་ལ་སློབ་ཏུ་བཅུག་ཀྱང་། མང་ཚོགས་ཁྲོད་ལས་འབྲས་ཀྱི་ལྟ་བ་གཞི་ནས་ཆགས་ཟིན་ཞེས་བརྗོད་མི་ཐུབ་ལ། ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་གར་ནས་མཁན་ཆེན་བོ་དྷི་ས་ཏྭ་སོགས་གདན་དྲངས་ཏེ་དགེ་བ་བཅུའི་མདོ་དང་རྟེན་འབྲེལ་ཀྱི་མདོ་སོགས་གསུང་དུ་བཅུག་པ་དང་། གཞན་སད་མི་མི་བདུན་རབ་ཏུ་བྱུང་བ་དེའི་སྟེང་ནས་ད་གཟོད་བོད་ཀྱི་སྤྱི་ཚོགས་སུ་ནང་བསྟན་ལས་འབྲས་ཀྱི་ལྟ་བ་གཞི་ནས་ཚུགས་པ་དེ་མཚོན་བཞིན་ཡོད། སྲས་མུ་ནེ་བཙན་པོས་དབུལ་ཕྱུག་ལན་གསུམ་སྙོམས་པའི་བྱེད་སྟངས་འདི་ནི། རྒྱལ་པོ་ལ་ལས་རྒྱུ་འབྲས་ཀྱི་ལྟ་བ་ཆགས་པའི་མཚོན་རྟགས་གསོན་པོ་ཞིག་ཡིན་ལ། ལས་རྒྱུ་འབྲས་ཀྱི་གཞུང་ལུགས་ཆབ་སྲིད་སྟེང་ནས་དངོས་སུ་ལག་བསྟར་བྱས་པའི་དཔེ་གཞི་གསོན་པོ་ཞིག་ཀྱང་རེད། དར་སྤེལ་བྱེད་ཐབས་གསུམ་པ། དགོན་སྡེ་བཙུགས་ཏེ་འཆད་ཉན་གྱི་སྒོ་ནས་དར་སྤེལ་བཏང་བ་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡན་ཆད་དུ་གཙོ་བོ་གཞུང་ཕྱོགས་ནས་དར་སྤེལ་བཏང་བ་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་བ་དང་། གཙུག་ལག་ཁང་དང་ཟུང་དུ་འབྲེལ་ནས་དར་སྤེལ་བྱེད་པའི་དབུ་བཙུགས། རལ་པ་ཅན་གྱི་སྐབས་ནས་ཐོས་བསམ་སྒོམ་གསུམ་གྱི་སྒོམ་གྲྭ བཤད་གྲྭ འདུལ་གྲྭ་བཙུགས་པ་དང་། རབ་བྱུང་རེའི་ཞབས་ཏོག་སྒྲུབ་པ་ལ་འབངས་ཁྱིམ་བདུན་ཕུལ་ཏེ་དེ་དག་གི་མཆོད་གནས་ཀྱི་བཟའ་བཏུང་མཁོ་ཆས་ཁག་ཐེག་བྱེད་དགོས་པ་དང་། རབ་བྱུང་བས་རང་གི་ཡོན་བདག་ལ་ཆོས་འཆད་པའི་འགན་ཁུར་དགོས་པ་དེ་ནི་ལས་འབྲས་ཀྱི་ལྟ་བ་བོད་འབངས་བྱིངས་སུ་མྱུར་དུ་དར་བར་བྱེད་པའི་ཆབ་སྲིད་ཀྱི་བྱེད་ཐབས་ཤིག་རེད། བསྟན་པ་ཕྱི་དར་ནས་བཟུང་སྟེ། དགོན་སྡེའི་འཆད་ཉན་ཁོ་ན་ལ་བརྟེན་ནས་དར་བ་སྟེ། དེ་ཡང་ཇོ་བོ་རྗེ་བོད་དུ་ཕེབས་ཏེ་བྱང་ཆུབ་ལམ་སྒྲོན་མཛད་པ་དང་། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་(སྤྱི་ལོ་1074)བཏབ་པ་དང་། ཁོང་གི་དབོན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་དགོན་པ་འདི་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་བཙུགས་ཤིང་། སློབ་དཔོན་རིན་ཆེན་ཚུལ་ཁྲིམས་ཀྱིས་མངོན་པ་གོང་འོག་དང་། ཡོན་ཏན་ཤེས་རབ་ཀྱིས་འདུལ་བ་བཅས་འཆད་ཁྲིད་བྱས་པ་ལ་བརྟེན་ནས་ཕྱིས་ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་བོད་ཀྱི་དགོན་སྡེ་ཁག་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་བྱེད་ཚུལ་དེ་དཔེ་བླངས་ཏེ་འཆད་ཉན་བྱས་པ་བརྒྱུད་ནས་ལས་འབྲས་ཀྱི་ལྟ་བ་དགོན་སྡེ་ཁག་ནས་བོད་སྤྱི་ཚོགས་སུ་དར་སྤེལ་བྱས་པ་ཡིན་ནོ། །
          དེ་དང་མཉམ་དུ་ལས་འབྲས་ཀྱི་ཆོས་སྐོར་འདི་གྲུབ་མཐའ་སོ་སོའི་ལམ་རིམ་དུ་བཞག་སྟེ་འཆད་ཉན་བྱས་པ་དང་། དཔལ་ལྡན་ས་སྐྱ་བའི་དུས་བོད་དུ་རིག་གནས་བཅུ་ལ་འཆད་ཉན་བྱེད་པའི་སྲོལ་དར་ཞིང་། དེ་དང་བསྟུན་ནས་ལས་འབྲས་ཀྱི་རྣམ་གཞག་གོ་སླ་བའི་སྒོ་ནས་སྟོན་པའི་བསྟན་བཅོས་མང་པོ་བྱུང་བ་དང་། དེ་བཞིན་དུ་སྙན་ཚིག་ནོར་བུའི་རྒྱན་གྱིས་སྤུད་པའི་བསྟན་བཅོས་མང་པོ་བྱུང་སྟེ་ནང་བསྟན་གྱི་ལས་འབྲས་ལྟ་བ་འདི་བོད་ཀྱི་སྤྱི་ཚོགས་ཀྱི་འཇིག་རྟེན་ལྟ་ཚུལ་ཞིག་ཏུ་གྱུར་པ་སྟེ། མདོར་ན། སྲོང་བཙན་སྒམ་པོ་ནས་བཙན་པོ་རིམ་བྱོན་གྱིས་གཙོ་བོ་བཀའ་དང་མི་ཆོས་ཀུན་སྤྱོད་ལ་བརྟེན་ནས་དར་སྤེལ་བཏང་བ་དང་། ཁྲི་སྲོང་ལྡེ་བཙན་ནས་བཟུང་སྟེ་བཀའ་དང་འཆད་ཉན་ཟུང་འབྲེལ་ལ་བརྟེན་ནས་དར་སྤེལ་བཏང་ཞིང་། བསྟན་པ་ཕྱི་དར་ནས་བཟུང་སྟེ་འཆད་ཉན་དང་རྩོམ་པ་ལ་བརྟེན་ནས་དར་སྤེལ་བཏང་བས་ད་ལྟ་བོད་མི་རྒྱུ་འབྲས་ཀྱི་བདག་པོ་ཞེས་པ་འདི་ནི་དེ་ལྟའི་དུས་ཡུན་རིང་མོའི་ལོ་རྒྱུས་ཀྱི་ཀྱག་ཀྱོག་མང་པོ་ལ་བརྟེན་ནས་བྱུང་བ་ཡིན་ནོ། །
མཆན།  
① ལྷ་རྗེ་བསོད་ནམས་རིན་ཆེན། 《དམ་ཆོས་ཡིད་བཞིན་ནོར་བུ་ཐར་བ་རིན་པོ་ཆེའི་རྒྱན་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་གྲངས་87ལས་གསལ།  
②④རྗེ་ཙོང་ཁ་པ། 《བྱང་ཆུབ་ལམ་རིམ་ཆེ་བ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་གྲངས་162.164.164བཅས་ལས་གསལ།  
⑤《བྲེ་བྲག་བཤད་མཛོད་ཆེན་མོའམ》《བྱེ་བྲག་བཤད་མཚོ་ཆེན་མོ་》ཉེ་རབས་སུ་རྒྱའི་ལོ་ཙཱ་བ་ཆེན་མོ་བློ་བཟང་ཆོས་འཕགས་(1902-1980)ཀྱིས་ལོ་ངོ་བཞིའི་རིང་བམ་པོ་ཉིས་བརྒྱའི་བདག་ཉིད་ཅན་བོད་ཡིག་ཏུ་བསྒྱུར་ཡང་ད་ལྟའི་བར་པར་དུ་མ་བཀོད།  
⑥⑧མཆིམས་འཇམ་པའི་དབྱངས། 《མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མངོན་པའི་རྒྱན》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོ། ཤོག་གྲངས་338 338ལས་གསལ།  
⑦འཇམ་དབྱངས་བློ་གཏེར་དབང་པོ། 《ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་དབྱིག་གཉེན་དགོངས་པ་གསལ་བའི་སྒྲོན་མེ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོ། ཤོག་གྲངས་302ལས་གསལ།  
⑨རྗེ་ཙོང་ཁ་པ། 《བྱང་ཆུབ་ལམ་རིམ་འབྲིང་བ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་གྲངས་86ལས་གསལ།  
(10). (11)རྗེ་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། 《བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤོག་གྲངས་227.227ལས་གསལ།  
(12).དྲང་རྗེ་བཙུན་པ་གསེར་མིག《དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་ཞེས་བྱ་བའི་གླེགས་བམ་གོང་མ》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991ལོ། ཤོག་གྲངས་728ལས་གསལ།  
(13).དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་གྲངས་། 2-13བར་གསལ།  
(14).བསོད་ནམས་ཚེ་རིང་། 《སྔ་རབས་བོད་ཀྱི་སྲིད་ཁྲིམས》མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་གྲངས་27ལས་གསལ།