གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

སྒྲུང་པའི་རིགས་ལ་དཔྱད་པ།

སྤེལ་དུས 2018-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
          དེ་ཡང་བོད་གངས་ཅན་གྱི་དཔའ་བོའི་བྱུང་བརྗོད་སྙན་ངག་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་བསིལ་ལྡན་ལྗོངས་ཡོངས་སུ་རིས་མེད་དར་ཁྱབ་ཏུ་འགྲོ་བའི་བརྒྱུད་རིམ་ནང་དུ། གང་གི་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་དམངས་ཁྲོད་ཀྱི་སྒྲུང་པ་རྣམས་ཀྱིས་ངལ་མེད་བརྩོན་འགྲུས་ཀྱི་གསར་རྩོམ་དང་།  ལྷོད་མེད་འབད་འབུངས་ཀྱི་ཁྱབ་སྤེལ།  མི་ཕྱེད་བརྩེ་སེམས་ཀྱི་འཛིན་སྐྱོང་སོགས་ལ་བརྟེན་ནས་གེ་སར་སྒྲུང་དེ་སྔར་ལས་ཇེ་བཟང་ཇེ་རྒྱས་སུ་བཏང་བར་མ་ཟད། འཛིན་མའི་ཁྱོན་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བ་ཡིན། གལ་སྲིད་གསར་རྩོམ་གྱི་བློ་རྩལ་ཡངས་ཤིང་ཡིད་འཛིན་གྱི་ནུས་པ་ལྡན་པའི་དམངས་ཁྲོད་ཀྱི་སྒྲུང་པ་དེ་དག་མེད་པའི་དབང་དུ་བཏང་ན། ད་ལྟའི་གྲངས་ལས་འདས་པའི་སྒྲུང་དཔེ་དེ་དག་ངེད་ཅག་རྣམས་ཀྱི་མིག་གི་དགའ་སྟོན་དུ་འགྱུར་ཐུབ་པའི་ངེས་པ་མེད་པ་ལས་གཞན།  ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་དང་བོད་གངས་ཅན་གྱི་ལ་རྒྱ་ཡང་འཛིན་ཐུབ་པའི་ངེས་པ་ག་ལ་མཆིས།  དེ་བས་ང་ཚོའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་དམངས་ཁྲོད་ཀྱི་ད་ཡོད་སྒྲུང་པ་བགྲེས་གཞོན་རྣམས་ལ་ཡོངས་ཁྱབ་ཀྱི་ཞིབ་བཤེར་དང་ཞིབ་འཇུག་བྱ་རྒྱུའི་ལས་འགན་འདི་ནི་ཆེས་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ་སྨྲས་ཅི་དགོས།  
          ང་ཚོས་དུས་ནམ་ཡང་ས་གནས་སོ་སོའི་རིགས་མི་འདྲ་བའི་སྒྲུང་པ་དེ་དག་ལ་བརྟེན་ནས་གེ་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་བྱས་ན།  སྒྲུང་དཔེ་སོ་སོའི་སྤུས་ཚད་ཇེ་བཟང་དང་ཇེ་རྒྱས་སུ་གཏོང་ཐུབ་ཅིང་ཕན་ཚུན་ནང་འགལ་གྱི་གནད་དོན་ཡང་ཐག་གཅོད་ཐུབ་པ་དང་གཅིག གེ་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་བྱེད་པའི་བྱ་བ་ཡང་གོམ་གང་མདུན་སྤོས་ཀྱིས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་ཐུབ་པ་དང་གཉིས།  དེ་མིན་རིན་པོ་ཆེ་ལྟ་བུའི་སྒྲུང་དཔེ་འདི་དག་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་དང་གསུམ་གྱི་སྒོ་ནས་ཕན་འབྲསབསམ་གྱིས་མི་ཁྱབ་པ་ཞིག་ཡོད།  
          ད་ལྟ་མདོ་དབུས་ཁམས་གསུམ་ཡོངས་སུ་བཤད་ན་ཁར་བདེ་ཞིང་ཉན་ན་རྣ་བར་སྙན་པ།   གཞན་ཡིད་ཅིག་ཅར་དུ་འགུག་ཅིང་བརྗོད་དོན་ཕུན་སུམ་ཚོགས་པའི་སྒྲུང་པ་བགྲེས་གཞོན་རིགས་མང་པོ་ཡོད་པ་ལས།   མང་ཆེ་བ་ནི་དགུང་ལོ་ལྔ་བཅུ་ཡན་དུ་སོན་པའི་སྒྲུང་པ་རྒན་པ་ཡིན་ཞིང་།  ཁོང་རྣམ་པའི་ཁྲོད་དུ་བཤད་ན་རྫོགས་རྒྱུ་མེད་པའི་བབས་སྒྲུང་གི་རིགས་དང་།  བྲིས་ན་ཚར་རྒྱུ་མེད་པའི་འབྲི་སྒྲུང་གི་རིགས། གང་འདོད་གསལ་ལེར་ཤར་བའི་ཕབ་སྒྲུང་གི་རིགས།  ཕ་ཚ་བུས་སྤེལ་བའི་བརྒྱུད་སྒྲུང་གི་རིགས།  ད་དུང་ཐོས་སྒྲུང་དང་བསླབ་སྒྲུང་ཐང་སྒྲུང་བཅས་མང་པོ་ཞིག་མཆིས་པ་ལས་སྐབས་བབ་ཀྱི་དོན་ཚན་འགར་བགོས་ཏེ་རིམ་པ་ལྟར་བརྗོད་ན་འདི་ལྟ་སྟེ།   
1. བབས་སྒྲུང་གི་རིགས།   
          བབས་སྒྲུང་གི་རིགས་ནི་དུས་ཡུན་རིང་བོའི་ནང་དུ་གེ་སར་སྒྲུང་ལ་དད་འདུན་ཤིན་ཏུ་ཆེ་བའི་དབང་གིས་གོང་མ་ལྷ་དང་གེ་སར་རྒྱལ་པོ་མཆོག་ལ་གསོལ་མཆོད་ཟློག་མེད་བགྱིད་པ་དང་།  ཡུལ་ཁམས་སོ་སོར་འཁྱམས་ཏེ་གནས་འགངས་ཆེན་དག་ལ་ཕྱག་མཇལ་གསོལ་འདེབས་གནང་སྟེ། བཀྲེས་སྐོམ་གྱི་འཚོ་བ་ལོངས་སུ་སྤྱད་པའི་མཐའ་འབྲས་སུ། རྨི་ལམ་ཞིག་དང་ཡང་ན་རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ནས་གློ་བུར་དུ་བློ་སྒོ་ཕྱེ་སྟེ།  གེ་སར་རྒྱལ་པོའི་སྒྲུང་ལ་ཐོགས་རྒྱུ་མེད་པ་ཞིག་ཏུ་གྱུར་པའི་རིགས་དེ་ལ་ཟེར། ཁོ་ཚོའི་ཐུན་མོང་གི་ཁྱད་ཆོས་གཙོ་བོ་ནི། ཡི་གེ་མི་ཤེས་ཀྱང་བློ་རིག་རྒོད་པ་དང་། བཤད་ན་ཁ་བདེ་ཞིང་བློ་བཅོས་ཀྱི་རིགས་ལམ་མྱུར་བ། གེ་སར་མཆོག་ལ་དད་འདུན་ཆེ་ཞིང་ཡིན་འཛིན་གྱི་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡིན། སྒྲུང་པ་ཚོས་བཤད་པ་ལྟར་ན། སྒྲུང་ལ་མཁས་པའི་སྐྱེ་བོ་སུ་ཡིན་ཡང་ཚང་མ་ནི་གླིང་གེ་སར་རྒྱལ་པོའི་དཔའ་རྟུལ་ཞིག་གི་རྣམ་སྤྲུལ་ཡིན་ཞིང་སྒྲུང་བཤད་པའི་སྐབས་སུ་སྐུ་གཟུགས་མི་མངོན་པའི་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་གིས་རོགས་ཁྲིད་མཛད་བཞིན་ཡོད་ཅེས་སྨྲས་པ་ལགས། ལྐོག་གྱུར་གྱི་སྟོབས་ཤུགས་དེ་ཡང་སྙིང་ག་འདྲ་ཞིག་ཡིན་པ་འདིར་འགྲེལ་བཤད་རྒྱག་དཀའ་མོ་ཞིག་ཡིན་ནའང་བབས་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་སུ་ཡིན་རུང་ཐོག་མར་སྒྲུང་བཤད་འགོ་རྩོམ་པའི་དུས་སུ་ཐུན་མོང་གི་ཁྱད་ཆོས་ཤིག་སྟེ། བློ་རིག་གཅིག་ཏུ་བསྡུས་ཏེ་མཆོད་སའི་གཞི་ཐམས་ཅད་ལ་གསོལ་འདེབས་སྨོན་ལམ་ལེགས་པར་མཛད་ཅིང་། ཇ་ཕུད་དང་ཆང་ཕུད་ལན་མང་མཆོད་པའི་ཆོ་ག་ཡོངས་སུ་རྫོགས་ནས། སྒྲུང་བཤད་པའི་འགོ་བརྩམས་ཚེ། ཡིག་ཐོག་ལ་བལྟས་ནས་འདོན་པ་དང་གཉིས་སུ་མ་མཆིས། 
          བོད་རང་སྐྱོང་ལྗོངས་ཀྱི་སྒྲུང་པ་མིང་གྲགས་ཅན་གྲགས་པ་དང་མཚོ་སྔོན་ཞིང་ཆེན་དུ་མིང་གྲགས་ཡོད་པའི་སྒྲུང་པ་ཚེ་རིང་དབང་འདུས་རྣམ་གཉིས་ནི་འབབ་སྒྲུང་པའི་རིགས་ལ་གཏོགས་པ་ཡིན།  
          བོད་ལྗོངས་ཀྱི་སྐུ་གཤེགས་ཟིན་པའི་སྒྲུང་པ་རྒན་པ་གྲགས་པར་ཆ་མཚོན་ན།  འབབ་སྒྲུང་པའི་ཁྱད་ཆོས་དེ་ཁོང་གི་འཚོ་བའི་བརྒྱུད་རིམ་ནང་དུ་ཆ་ཚང་བ་ཞིག་མཐོང་ཐུབ། ཁོང་དགུང་ལོ་བཅུའི་སྟེང་ནས་རང་གི་ཕ་ཡུལ་དང་ཁ་བྲལ་ནས་ཀོང་པོ་དང་འཕྱོངས་རྒྱས། ས་སྐྱ། གཞིས་ཀ་རྩེ། ལྷོ་ཁ་སོགས་ཀྱི་ས་ཆར་འཁྱམས་ནས་གནས་འགངས་ཆེན་དག་ལ་མཇལ་སྐོར་དང་།  དེ་མཚུངས་སུ་གེ་སར་རྒྱལ་པོའི་སྒྲུང་སྦྱངས་ཞོར་དང་བཤད་ཞོར་གྱིས་དཀའ་སྡུག་གི་འཚོ་བ་རོལ་ཐབས་བྱས་པའི་མཐའ་མར་ངོ་མཚར་ཅན་གྱི་རྨི་ལམ་ཞིག་རྨིས་པ་སྟེ། ཉིན་ཞིག་མི་སྔོན་རྟ་སྔོན་བཅིབས་པ་ཅན་ཞིག་ཡོང་སྟེ་གྲགས་པ་ཁོང་ཉིད་བཟུང་ཞིང་།  བཙན་གྱིས་མར་མནན་ཏེ་མདེའུ་ཞིག་གིས་ཁོའི་ཕོ་བ་གཤགས་ཏེ་ཕོ་བའི་ནང་གི་དོན་ལྔ་སྣོད་དྲུག་ཐམས་ཅད་གཙང་མ་མིན་ཞེས་ཕྱིར་བླངས་རྗེས་ཤུལ་ལ་འཛད་མཐའ་མེད་པའི་གེ་སར་རྒྱལ་པོའི་སྒྲུང་དཔེ་བཅུག་རྗེས་ཕྱིར་བཏང་བ་ཞིག་རྨིས་ཤིང་།   ཁོང་ཉིན་གསུམ་ལ་ཤི་མ་གསོན་དུ་གྱུར་ཏེ་ཅི་ཡིན་འདི་ཡིན་ཉག་ཙམ་ཡང་མ་ཤེས་ཟེར།  ཉིན་གསུམ་ལ་རི་མགོར་ལུས་ནས་རྙེད་མ་བྱུང་།  ཕྱིས་སུ་གཉིད་ལས་སད་པ་ན།   གེ་སར་སྒྲུང་བཤད་ན་ཐོགས་མེད་ཅིག་ཏུ་གྱུར་ཅིང་།  རིམ་གྱིས་སྒྲུང་ཁག་མི་འདྲ་བ་ཞེ་བཞི་བཤད་ཤེས་ལ།  དེ་ལས་སྒྲུང་དཔེ་གསུམ་ད་ལྟ་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཟིན།   ཁོང་གིས་ཀྱང་སྒྲུང་བཤད་པའི་སྐབས་སུ་སྒྲུང་པ་གཞན་དང་མཚུངས་པར་གེ་སར་མཆོག་ལ་གསོལ་འདེབས་དང་ཇ་ཕུད་ཆང་ཕུད་སོགས་མཆོད་པའི་ཆོ་ག་ཡང་ཆད་ལུས་མེད་པར་ཚང་དགོས་ཞེས་བཤད།  
2. འབྲི་སྒྲུང་གི་རིགས།  
          འབྲི་སྒྲུང་གི་རིགས་ནི་ཡི་གེ་ངེས་ཅན་ཞིག་ཤེས་པའི་ཆ་རྐྱེན་ལ་བརྟེན་ཏེ་ཆུང་དུས་ནས་གེ་སར་སྒྲུང་ལ་དགའ་ཞེན་ཆེ་ཞིང་དད་འདུན་ལྷོད་མེད་ཀྱི་བརྩོན་འགྲུས་སམ།   ཡང་ན་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལ་བརྟེན་ནས་རིམ་གྱིས་སྒྲུང་དཔེ་གསར་རྩོམ་ཤེས་པ་ལ་ཟེར། ཁོ་ཚོས་བཤད་པ་ལྟར་ན། སྒྲུང་དཔེ་གང་ཞིག་བྲིས་ཟེར་ན་དེ་འཕྲལ་དུ་ཁ་ཚང་བར་འབྲི་ཤེས་ཤིང་།  བྲིས་ནས་གྲུབ་རྗེས་ཁོ་རང་གིས་བྲིས་པའི་སྒྲུང་གི་ནང་དོན་ཁོར་ཤོད་ཅེ་ན།   ཁོས་ཀྱང་བཤད་མི་ཤེས་ཟེར།  ད་དུང་ཁོ་ཚོས་སྒྲུང་འབྲི་འགོ་མ་བརྩམས་པའི་སྔོན་ལ་རང་གི་ཀླད་པའི་ནང་དུ་སྒྲུང་གི་ནང་དོན་དང་སྒྲུང་གི་གོ་རིམ་ཅི་ཡང་མེད་མོད།  འོན་ཀྱང་སྨྱུག་གུ་ཤོག་ཐོག་ཏུ་བཞག་པ་ན་རང་གིས་བཤད་མི་ཤེས་པའི་སྟོབས་ཤུགས་ཤིག་གིས་སྨྱུག་གུ་རང་དབང་མེད་པར་སྒུལ་བའི་ཚོར་སྣང་ཞིག་ཤར་ཞིང་། བྲིས་ཚར་རྗེས་ཀླད་པའི་ནང་དུ་སྔར་བཞིན་སྟོང་བར་གྱུར་ཞེས་ཟེར།  
མཚོ་སྔོན་རྨ་ལྷོ་ཁུལ་གྱི་སྐུ་གཤེགས་ཟིན་པའི་སྒྲུང་པ་སྙན་གྲགས་ཅན་ཨ་ཇོ་དང་མགོ་ལོག་ཁུལ་དགའ་བདེ་རྫོང་གི་གུ་རུ་རྒྱལ་མཚན་རྣམ་གཉིས་ནི་འབྲི་སྒྲུང་པའི་རིགས་ལ་གཏོགས་པ་རེད།  
དེ་ཡང་རྨ་ལྷོ་ཁུལ་གྱི་སྒྲུང་པ་ཨ་ཇོ་ནི་སྤྱི་ཚོགས་རྙིང་བའི་ནང་དུ་རེབ་གོང་ས་ཁུལ་དུ་སྐད་གྲགས་ཆེ་བའི་སྒྲུང་པ་ཞིག་ཀྱང་ཡིན།  སྒྲུང་པ་ཨ་ཇོའི་ཁྱད་ཆོས་ནི་འབྲི་སྒྲུང་ལ་གཏོགས་པའི་སྒྲུང་པ་གཞན་དང་མི་མཚུངས་པར་སྒྲུང་འབྲི་བའི་སྐབས་སུ་སྨྱུ་གུ་དང་ཤོག་བུ་ཅི་ཡང་མི་དགོས་པར་ཐང་ལ་བསྒུར་ཏེ་ས་དོག་མོ་ཤོག་བུ་དང་ཕྱག་མཛུབ་མོ་སྨྱུག་གུ་བྱས་ཏེ་འབྲི་བའི་སྲོལ་ཡོད།   ད་དུང་ཁོང་གིས་སྒྲུང་ཐོགས་པ་མེད་པར་འབྲི་བཞིན་པའི་སྐབས་སུ་སྙན་ཞིང་འཇེབས་པའི་དབྱངས་ལ་བཀུག་ནས་བཤད་པའི་སྲོལ་ཀྱང་ཆགས་འདུག   
          ཁོང་ལ་ཆ་རྒྱུས་ཡོད་པའི་མི་རྒན་པ་ཚོས་མཚམས་སྦྱོར་བྱས་པ་ལྟར་ན། སྒྲུང་པ་ཨ་ཇོ་འཇིག་རྟེན་འདི་ན་འཚོ་གཞེས་གནང་བའི་སྐབས་སུ་སྒྲུང་ཁག་བཅུ་ལྷག་ཅིག་བྲིས་མྱོང་ཡོད་པ་ལས་སྒྲུང་ཁག་གསུམ་ཁོང་སྐུ་དངོས་སུ་ཤོག་ཐོག་ཏུ་བཀོད་དེ་བསྡུས་ཡོད་ཟེར་མོད།   ཕྱིས་སུ་ལོ་བཅུའི་ཟིང་ཆའི་ནང་དུ་རྩ་མེད་གཙང་དག་ཏུ་བཏང་སྟེ་ད་ལྟ་སྒྲུང་མ་དགོས་ཤུལ་ཀྱང་མཐོང་རྒྱུ་མེད་ཟེར།  འོ་ན་སྒྲུང་པ་ཨ་ཇོས་བསྒུར་ནས་སྒྲུང་འབྲི་བའི་རྒྱུ་མཚན་ཅི་ཡིན་ཞེ་ན།   ཁོང་ནི་གླིང་གེ་སར་རྒྱལ་པོའི་ཁྱི་དང་ལའི་རྣམ་ཤེས་ཡིན་པས་བསྒུར་ནས་མ་བྲིས་ན་དེ་འདྲ་བདེ་བླག་ཅིག་མི་ཡོང་ཞེས་ངོ་སྤྲོད་བྱས་པ་ལགས།  ཨ་ཇོས་བྲིས་པའི་སྒྲུང་གི་ཁྱད་ཆོས་ནི་ཚིག་བདེ་ཞིང་དོན་ཟབ་ལ། གོ་སླ་བ། ཡིག་ནོར་ཡང་མེད་པའི་སྒྲུང་དཔེ་འཛོམས་པོ་སྤུས་ལེགས་ཤིག་ཡིན་ཞེས་གླེང་ངོ་། །   
          གཞན་དེ་མགོ་ལོག་ཁུལ་གྱི་ན་གཞོན་སྒྲུང་པ་གུ་རུ་རྒྱལ་མཚན་ཡིན་ལ།  དགའ་བདེ་རྫོང་གི་ཁྱིམ་ཚང་དབུལ་བོ་ཞིག་ལས་སྐྱེས་པ་ཡིན།  ཁོ་འཇིག་རྟེན་འདིར་སྐྱེས་ནས་ཅང་མ་འགོར་བར་ཕ་མ་གཉིས་མ་མཐུན་པར་སོ་སོར་གྱེས་སོང་བས།   ཁོ་དང་ཨ་མ་གཉིས་ཁྱིམ་དུ་ལུས་ནས་བཀྲེས་སྐོམ་སོགས་ཀྱི་དཀའ་བ་འཛད་མཐའ་མེད་པ་མྱངས་པ་རེད།  ཁོ་ལོ་བཅུ་དྲུག་ལོན་པའི་ལོ་དེར་མ་རྒན་ལ་བཅོས་ཐབས་མེད་པའི་གཅོང་ནད་ཅིག་ཕོག་སྟེ་ཚེ་ལས་འདས་པ་ན། ཤུལ་དུ་ཁོ་གཅིག་པུ་ལུས་ཏེ་རེ་ཞིག་འཚོ་ཐབས་མ་རྙེད་པར་ཕྱོགས་བཞི་མཚམས་བརྒྱད་ལ་འཁྱམས་མཐར། ཁྱིམ་དུ་ཡོད་པའི་ཆེ་ཟོག་འགའ་དང་སྦྲ་ཐེད་པོ་དང་བཅས་པ་རྙིང་མའི་དགོན་པ་ཞིག་ལ་ཕུལ་བ་དང་ཁོ་ཡང་དགོན་པར་ཞུགས་ཏེ་འཚོ་ཐབས་བྱས།  ཕྱིས་སུ་བླ་མ་བསྟེན་པ་དང་རྨ་ཆེན་གངས་རིར་མི་ཕྱེད་དད་པས་མཆོད་བཀུར་བྱས་པར་བརྟེན།  རིམ་གྱིས་གེ་སར་རྒྱལ་པོའི་སྒྲུང་འབྲི་འདོད་ཀྱི་ཀུན་སློང་ཟློག་མེད་སྐྱེས་ཏེ་རང་དབང་མེད་པའི་དུས་དེར། སྔོན་མཐོང་མ་མྱོང་བའི་ལྟས་བཟང་བ་ཞིག་དང་ཆབས་ཅིག་སྒྲུང་འབྲི་འགོ་བརྩམས་ཏེ།  འགྱངས་པར་ཡི་གེ་སུམ་འབུམ་ལྷག་ཡོད་པའི་《ལི་ཁྲི་རྟ་རྫོང་》བྲིས་ཚར།  དེ་ནས་ཅང་མ་འགོར་བར་སྒྲུང་གསར་《མུ་མེན་དངུལ་རྫོང་》བྲིས་ནས་གྲུབ་ཅིང་། ད་ལྟ་ཁོས་བསྡོམས་པས་སྒྲུང་དཔེ་བཞི་བྲིས་ཚར་བ་ཡིན། ཁོ་རང་གིས་བཤད་པ་ལྟར་ན། སྒྲུང་དཔེ་བརྒྱ་དང་ཉི་ཤུ་འབྲི་ཤེས་ཟེར། ཁོས་བྲིས་པའི་སྒྲུང་དཔེ་《མུ་མེན་དངུལ་རྫོང་》ལ་མགོ་ལོག་ཁུལ་གྱིས་གེ་སར་སྒྲུང་གི་ཆེད་ལས་མཁས་པ་རྣམས་བསྡུས་ཏེ་བཟང་ངན་ལ་དབྱེ་ཞིབ་གཏོང་བར་བཅུག་ཅིང་།   ཁོང་རྣམ་པས་ཀྱང་ནན་ཏན་གྱིས་སྒྲུང་པ་གུ་རུ་རྒྱལ་མཚན་གྱིས་བྲིས་པའི་སྒྲུང་ལ་དབྱེ་ཞིབ་མཛད་རྗེས།  བྲིས་པའི་སྒྲུང་ནི་ནང་དོན་ལྡན་ཞིང་གོ་རིམ་ཡོད་པའི་སྒྲུང་ཅུང་ལེགས་པོ་ཞིག་རེད་ཅེས་ཁས་བླངས།   ཁོས་སྒྲུང་འབྲི་བའི་སྐབས་ཀྱི་ཁྱད་ཆོས་གཙོ་བོ་ནི། སྨྱུ་གུ་ཤོག་ཐོག་ཏུ་བཞག་པ་ན། བསམ་བློ་གཏོང་མི་དགོས་པར་གང་འབྲི་འདོད་ན་ཤར་ཤར་གྱིས་འབྲི་ཐུབ་ཅིང་། བྲིས་པའི་ཚིག་བདེ་ཞིང་དོན་ལྡན་པ།  ཕལ་ཆེར་དམངས་གླུའི་ཚིག་དང་ཁྱད་པར་མེད་པ་འདྲ།  ཡིག་ནོར་ཡང་མང་པོ་མེད་ཅིང་ཤོག་ངོས་ཀྱང་གཙང་མ་ཡིན།   ས་ཁུལ་དེའི་མི་རྒན་པ་ཚོས་བཤད་པ་ལྟར་ན།   སྒྲུང་པ་གུ་རུ་རྒྱལ་མཚན་ནི་ཆུང་བའི་དུས་ནས་ཨ་མ་དང་ཨ་ཁུ་ཚོས་བཤད་པའི་གནའ་གཏམ་དང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་འདོད་ཆེ་བར་མ་ཟད། ཡི་གེ་ལྟ་སྦྱོང་ལའང་སྤྲོ་བ་ཤིན་ཏུ་ཆེ་བའི་མི་བློ་རིག་གྲུང་པོ་ཞིག་ཡིན་ཟེར།   
          གོང་གསལ་འབྲི་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་རྣམ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་གཙོ་བོ་ནི།  བློ་རིག་རྒོད་ཅིང་རིག་པའི་གནས་ལ་བརྩོན་པ་ཆེ་བ། ཆུང་དུས་ནས་གེ་སར་གྱི་སྒྲུང་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་ལ་སྤྲོ་བ་རབ་ཏུ་ཆེ་བ་ལས་གཞན་འབྲི་སྦྱོང་ལའང་སྤྲོ་བ་ལྡན་པ། ཅི་ཞིག་བསམ་པ་དེ་བཞིན་འགྲུབ་ཐུབ་ལ།  བྲིས་པའི་སྒྲུང་ལའང་ནང་འགལ་དང་ཡིག་ནོར་མེད་པ་ཞིག་ཡིན།   
          འབྲི་སྒྲུང་དང་བབས་སྒྲུང་གཉིས་མཐུན་པའི་ཆ་ནས་བཤད་ན།  ཚང་མ་གཟུགས་མེད་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལ་བརྟེན་ནས་སྒྲུང་འབྲི་བ་དང་བཤད་པའི་ཡོན་ཏན་གྱི་ཀློང་བརྡོལ་བ་ཞིག་ལགས་ཟེར།  
3. ཕབ་སྒྲུང་གི་རིགས།  
          ཕབ་སྒྲུང་གི་རིགས་ལ་མི་སྐོར་ཞིག་གིས་པྲ་སྒྲུང་ཡང་ཟེར།   དོན་ལ་ཕབ་སྒྲུང་དང་པྲ་སྒྲུང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་འདྲ། ཕབ་སྒྲུང་ཞེས་པའི་དོན་ཡང་ཡུན་རིང་བསགས་པའི་སྔགས་ཀྱི་ཐབས་ཤེས་སོགས་ལ་བརྟེན་ནས་ལྐོག་གྱུར་གཟུགས་བརྙན་གྱི་བརྡ་ཕབ་པར་བརྟེན་ནས་བཤད་པའི་སྒྲུང་ལ་ཟེར།    པྲ་སྒྲུང་ཞེས་པ་ཡང་རང་གི་ཅི་བསམ་ཐམས་ཅད་ལྐོག་གྱུར་གཟུགས་བརྙན་གྱི་རི་མོར་བརྟེན་ནས་བཤད་པ་ལ་ཟེར། ཕབ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པའི་ཁྱད་ཆོས་གཙོ་བོ་སྟེ། ཐོག་མར་སྒྲུང་མ་བཤད་པའི་སྔོན་ལ་ལྷ་རྣམས་ལ་གསོལ་འདེབས་ཀྱི་ཞལ་འདོན་ལེགས་པར་བསྒྲུབས་རྗེས།  སྡེར་མ་གཙང་མ་ཞིག་གི་ནང་དུ་ནས་འབྲུ་གང་སྤུངས་པའི་སྟེང་དུ་ཟངས་ལས་གྲུབ་པའི་མེ་ལོང་ཞིག་བཙུགས་ཏེ།  སྒྲུང་པའི་ཞལ་ངོ་མེ་ལོང་ལ་འཁོར་ནས་བཤད་པའི་ཁྱད་ཆོས་ཤིག་ཡིན། ཡིན་ནའང་སྒྲུང་པ་ལ་ལས་དཀར་ཡོལ་ནང་དུ་དྭངས་ཤིང་གཙང་བའི་ཆུ་གང་བླུགས་ཏེ།    དཀར་ཡོལ་ནང་དུ་གཟིགས་ནས་སྒྲུང་བཤད་པ་དང་།  ཡང་འགའ་ཞིག་གིས་རང་གི་སེན་མོ་སྟེང་ངམ་ཤོག་སྟོང་ཞིག་གི་ཐོག་ཏུ་བལྟས་ནས་སྒྲུང་བཤད་པའང་ཡོད་ཟེར།  ཁོ་ཚོས་བཤད་པ་ལྟར་ན།  སྒྲུང་པ་ཉིད་སྒྲུང་ཕབ་ཀྱི་མེ་ལོང་སོགས་ལ་ཁ་བྲལ་ན་སྒྲུང་ལེའུ་གཅིག་ཀྱང་བཤད་མི་ཤེས་པར་མ་ཟད། རང་གིས་བཤད་པའི་སྒྲུང་གི་ནང་དོན་ཡང་ཡིད་ངོ་ན་ཅི་ཡང་མེད་ཟེར།  དེར་ཡང་མི་ཕལ་བས་མེ་ལོང་སོགས་ཀྱི་ནང་དུ་བལྟས་ན་རང་གི་གཟུགས་བརྙན་རྐྱང་རྐྱང་ལས་ཅི་ཡང་མཐོང་རྒྱུ་མེད།  སྒྲུང་པ་རྒནི་པ་ཚོའི་ངག་རྒྱུན་ལ།  སྔོན་བསགས་ཀྱི་ལས་འབྲས་མེད་ན་མེ་ལོང་ནང་དུ་ཚེ་གང་ལ་བལྟས་ཀྱང་རང་གི་གཟུགས་བརྙན་ལས་གཞན་ཅི་ཡང་མཐོང་རྒྱུ་མེད་ཟེར།  
          གཞན་ཡང་ཕབ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་དེ་དག་གིས་མེ་ལོང་སོགས་ལ་བལྟས་ནས་མིའི་སྐྱིད་སྡུག་ན་འཆི་དང་ཆག་སྒོ་བགེགས་རྐྱེན་སོགས་ཀྱི་མ་འོངས་ལུང་བསྟན་ཡང་བཤད་ཐུབ་ཟེར།  
          གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་བྱེད་མཁན་འཇམ་དཔལ་རྒྱ་མཚོ་ཉིད་ཀྱིས་གསུངས་པ་ལྟར་ན། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་དགུང་ལོ་དྲུག་ཅུ་ལྷག་ལ་སོན་པའི་སྒྲུང་པ་རྒན་པ་ངག་དབང་རྒྱ་མཚོ་ནི་ཕབ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་ཞིག་ཡིན་ཟེར།  ཁོང་གི་སྒྲུང་བཤད་ཀྱི་ཁྱད་ཆོས་གཙོ་བོ་སྟེ། ཐེངས་རེར་སྒྲུང་བཤད་པའི་སྐབས་སུ་མདུན་དུ་ཟངས་ཀྱི་མེ་ལོང་ཞིག་དང་། འཇམ་ཞིང་འོད་བཀྲ་བའི་རྡོ་རིལ་གཅིག  ཆུ་དཀར་ཡོལ་གང་བཞག་ཡོད་ཟེར། སྒྲུང་པས་བཤད་པ་ལྟར་ན་དངོས་པོ་དེ་དག་དང་ཁ་བྲལ་ན་གེ་སར་གྱི་སྒྲུང་བཤད་མི་ཤེས་ཤིང་། འབྲི་ཡང་མི་ཤེས་ཟེར།   
སྒྲུང་པ་ངག་དབང་རྒྱ་མཚོར་ཆ་མཚོན་ན་རིག་གནས་ཡོན་ཏན་ཡང་ཅུང་ལེགས་པོ་ཡོད་པས་ཁོང་གིས་ཕབ་པའི་སྒྲུང་ཁོང་རང་ཉིད་ཀྱིས་ཡིག་ཐོག་ཏུ་བཀོད་ཐུབ།   ད་ལྟ་ཁོས་སྒྲུང་ཁག་དྲུག་དག་སྒྲིག་བྱས་ནས་མཇུག་རྫོགས་ཡོད་ཅིང་། ད་རུང་མུ་མཐུད་དུ་དག་སྒྲིག་བྱེད་བཞིན་མཆིས་ཟེར།  
སྤྱིར་ཕབ་སྒྲུང་པ་ནི་འབབ་སྒྲུང་པ་དང་འབྲི་སྒྲུང་པ་ལས་ཉུང་ཞིང་བཤད་པའི་སྒྲུང་གི་གྲངས་ཀྱང་མང་པོ་མེད།  ད་ལྟ་རང་རེའི་ཞིང་ཆེན་གྱིས་ས་ཁུལ་སོ་སོ་རུ་ཕབ་སྒྲུང་པ་ཡིན་ཞེས་པ་འགའ་ཡོད་ནའང་དོན་ངོ་མར་སོག་མོ་དང་པྲ་མོ་ཕབ་མ་གཏོགས་ཕབ་སྒྲུང་གི་ཆ་རྐྱེན་ཚང་བའི་སྒྲུང་པ་ཞིག་མཐོང་མ་མྱོང་བས། འདིར་ཞིབ་ཏུ་མང་པོ་གླེང་རྒྱུ་མི་གདའོ། །  
4. བསླབ་སྒྲུང་གི་རིགས།  
          བསླབ་སྒྲུང་གི་རིགས་ནི་སྒྲུང་པ་གཞན་དང་མི་མཚུངས་པར།  ཆུང་དུས་ནས་རིག་གནས་ལ་སྦྱངས་པ་ལེགས་པར་གནང་བའི་རྨང་གཞིའི་ཐོག་གེ་སར་རྒྱལ་པོའི་སྒྲུང་ལ་སུན་སྣང་མེད་པར་ཀློག་འདོན་མཛད་དེ་མིག་ལ་བྱང་བ་དང་ཡིད་ལ་ངེས་པར་གྱུར་པའི་ཚེ།  སྒྲུང་ཁག་འགའ་རེའམ་ལེའུ་འགའ་རེ་བློ་ལས་བཤད་ཤེས་པའི་རིགས་ལ་ཟེར་བ་ཡིན།  བསླབ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་དར་ཁྱབ་ཆེ་ཞིང་སྒྲུང་པའི་གྲངས་ཀྱང་སྒྲུང་པ་གཞན་པའི་རིགས་ལས་ཅུང་མང་བ་མཆིས།  ཁོ་ཚོ་སོ་སོའི་བརྩོན་པ་དང་རིག་གནས་ཡོན་ཏན་ཡང་མི་འདྲ་བའི་རྐྱེན་གྱིས་བློ་སྒྲུང་བཤད་པའི་ཆུ་ཚད་ཀྱང་རྣམ་པ་སྣ་ཚོགས་ཡོད།  ལ་ལས་ལེའུ་འགའ་རེ་མ་གཏོགས་བཤད་མི་ཤེས།    ལ་ལས་སྒྲུང་ཁག་འགའ་རེ་བཤད་པ་ལགས།  
          མགོ་ལོག་གི་སྒྲུང་པ་སྙན་གྲགས་ཅན་ངག་རིག་ལ་མཚོན་ན།   ཆུང་དུས་ནས་གེ་སར་སྒྲུང་ལ་འབད་པས་སྦྱངས་པ་བྱས་ཏེ་ཁ་བྱང་དང་ངོ་བྱང་དུ་སོང་ཡོད་ཅིང་།  ནམ་རྒྱུན་སྡེ་བའི་སྟོད་སྨད་བར་གསུམ་ལ་རང་ཤུགས་སུ་མྱུག་སྟེ་བློ་སྒྲུང་བཤད་པ་དང་།  ལྷག་པར་དུ་དགའ་སྟོན་དུས་ཆེན་དང་གཉེན་སྟོན་དུས་བཟང་སོགས་ལ་སླེབས་ན་ཆད་པ་མེད་པར་རྟེན་འབྲེལ་གྱི་བློ་སྒྲུང་བཤད་པར་ཤིན་ཏུ་སྤྲོ་བས། ས་དེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་བགྱིད་པའི་སྒྲུང་པ་ཁྱད་མཚར་ཅན་ཞིག་ཏུ་གྱུར་ཡོད།    ད་ལྟ་ཁོའི་བློ་ནས་སྒྲུང་ཁག་ཉི་ཤུ་ལྷག་བཤད་ཤེས་ཤིང་།  བཤད་པའི་ཆུ་ཚད་ཀྱང་ཅུང་མཐོ་བ་ལགས།  ཁོས་བསླབ་སྒྲུང་བཤད་པའི་ཁྱད་ཆོས་གཙོ་བོ་སྟེ།  ངག་སྒོ་ཡངས་ཤིང་ཚིག་འབྲུ་གསལ་བ།  སྒྲུང་གི་ནང་དོན་གྱི་འགྱུར་ལྡོག་ལྟར་དུ་ཁོའི་གདོང་གི་རྣམ་འགྱུར་ཡང་འགྱུར་ཞིང་སྐད་གདངས་ལའང་དྲག་ཞན་བར་གསུམ་གྱི་འགྱུར་ལྡོག་ཡོད།   སྐབས་སྐབས་སུ་ལག་པས་ཕྱག་རྒྱ་ཡང་སྣ་ཚོགས་སྟོན་ལ།   ངོ་མ་མང་ཚོགས་ཀྱི་ཡིད་འགུག་ཐུབ་པའི་སྒྲུང་པ་ཞིག་ཡིན།   ད་དུང་གེ་སར་རྒྱལ་པོའི་ཐང་ག་དང་ལོ་རྒྱུས་སོགས་ལའང་དཔྱད་པ་བཏང་ན་གཏིང་ཟབ་ཅིང་དོན་ལ་མཐུན་པ་ཞིག་གོ།  
          རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་བུད་མེད་སྒྲུང་པ་མནའ་མ་རྡོ་རྗེར་མཚོན་ན་ཡང་ཆུང་དུས་ནས་སྒྲུང་དཔེ་ལ་ཤིན་ཏུ་དགའ་བའི་དབང་གིས་ཕྱོགས་གཅིག་ནས་སློབ་གྲྭར་ཆས་ནས་རིག་གནས་ལ་སྦྱངས་པ་དང་། ཕྱོགས་གཞན་ཞིག་ནས་ཨ་ཕའི་དྲུང་དུ་གེ་སར་སྒྲུང་ལ་ཉན་ཞིང་སྦྱངས་པ་གང་ལེགས་བྱས་པའི་མཐར།《ཨ་སྟག་ལྷ་མོ་》དང་《འཇང་ཕྲུག》དང་བཅས་པའི་སྒྲུང་ཁག་གསུམ་བློར་བཤད་ཤེས་པ་ལགས།     ལོ་བཅུའི་ཟིང་ཆས་ཁོ་མོས་སྒྲུང་བཤད་པར་བར་བགེགས་ཆེན་པོ་བཟོས་ནའང་།  དེ་སྔ་ང་ཚོས་ཁོ་མོར་འཚམས་འདྲི་བྱེད་པའི་སྐབས་སུ།  ད་དུང་《འཇང་ཕྲུག》ཁ་ཚང་བར་བཤད་ཤེས་པར་མ་ཟད།  གེ་སར་སྒྲུང་གི་འབྱུང་ཁུངས་དང་དཔའ་རྟུལ་རྣམས་ཀྱི་ལོ་རྒྱུས་ཀྱང་བརྗོད་ཤེས་པ་ཡིན།  
          ཁོ་མོའི་སྒྲུང་བཤད་པའི་ཁྱད་ཆོས་གཙོ་བོ་ནི།  སྐད་ངག་སྙན་ཞིང་འགྱུར་ཁུགས་ལྡན་པས་མི་རྣམས་ལ་ཉན་འདོད་ཤིན་ཏུ་ཆེ་བ་ཞིག་ལགས། གལ་སྲིད་ཁོ་མོར་ཁོམ་སྐབས་རེ་བྱུང་ཚེ་ཁྱིམ་ཚང་ཀུན་གྱིས་བོས་ནས་སྒྲུང་བཤད་དུ་འཇུག་ཅིང་། ལོ་རེར་རྫོང་ཡོངས་ཀྱི་རྟ་རྒྱུགས་དགའ་སྟོན་གྱི་སྐབས་སུའང་ཁོ་མོ་གདན་འདྲེན་ཞུས་ནས་ཚོགས་ཆེན་སྟེང་དུ་སྒྲུང་བཤད་དུ་བཅུག་པ་དང་འཇུག་བཞིན་མཆིས། ཁོ་མོ་ད་ལོ་མོ་ལོ་ལྔ་བཅུའི་མཐའ་ཟིན་ཞིང་། ཁྱིམ་ཚང་གི་བདག་མོ་ཁོ་ནར་གྱུར་ཡོད་ནའང་སྒྲུང་བཤད་པར་འགོར་འགྱངས་ཏིལ་ཙམ་ཡང་བྱེད་མ་མྱོང་།  
          བསླབ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། ཡིག་ཐོག་དང་ངག་ཐོག་གང་ནས་བརྗོད་ཀྱང་བྱང་ཆ་ཡོད་ལ། བརྗོད་པའི་ཚིག་ཀྱང་ཡིག་སྐད་དང་གྲོང་སྐད་འདྲེས་མ་ཞིག་ཡིན།  ཁོ་ཚོ་སུ་ཡིན་ཡང་ཚང་མ་ཆུང་དུས་ནས་བསྟེན་སའི་དགེ་རྒན་ཞིག་ཡོད་པའི་ཁར། རང་གི་བརྩོན་འགྲུས་ལ་བརྟེན་ནས་བློ་ངོར་ངེས་པའི་སྒྲུང་པའི་རིགས་ཤིག་ཡིན།   
5. ཐོས་སྒྲུང་གི་རིགས།  
          ཐོས་སྒྲུང་གི་རིགས་ནི་ཡི་གེ་ཤེས་ཀྱང་མ་ཤེས་རུང་འབད་པ་ལྷོད་མེད་གྱིས་རང་གི་རྣར་བརྟེན་པ་དང་བློར་ངེས་པའི་སྒྲུང་པའི་རིགས་ལ་ཟེར་བ་ཡིན། ཐོས་སྒྲུང་ལ་གཏོགས་པའི་སྒྲུང་པ་ཕལ་ཆེར་གྱིས་ཡི་གེ་མི་ཤེས་ཤིང་།  ལ་ལ་ལོང་བ་ཡིན། དཔེར་ན། རེབ་གོང་ས་ཁུལ་གྱི་སྒྲུང་པ་ཀླུ་རྒྱལ་ལ་ཆ་མཚོན་ན། འཇིག་རྟེན་མི་ཡུལ་འདིར་སྐྱེས་པ་ནས་བཟུང་དཀར་གསལ་གྱི་འོད་སྣང་མཐོང་མ་མྱོང་།  ཁོའི་ཕ་ཡུལ་ནི་པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་ཏེ་བིས་མདོ་ས་ཁུལ་ཡིན་ཞིང་།  ཁོ་ཆུང་དུས་ནས་ཕ་མ་གཉིས་ཚེ་ལས་འདས་ཏེ་འཚོ་རྟེན་མེད་པར་རང་གི་སྐྱེས་ཡུལ་བིས་མདོ་ས་ཁུལ་དང་ཁ་བྲལ་ནས་གྲོང་སྡེ་སྟོད་སྨད་བར་གསུམ་ལ་འཁྱམས་ཏེ།  མཐའ་མར་རེབ་གོང་གསེར་མོ་ལྗོངས་སུ་སླེབས་རྗེས་ཁ་ལྟོ་འགྲང་བའི་ཆེད་དུ་སྒྲུང་པ་རྣམས་ཀྱི་གམ་དུ་སྒྲུང་བསླབ་པར་ཆས། ཡིན་ནའང་ལག་ན་རྒྱུ་མེད་ཅིང་ཐོད་ན་མིག་མེད་པའི་མི་ཞིག་ལ་ཆ་མཚོན་ན།  ཕྱོགས་བཞི་ཀུན་ཏུ་འཁྱམས་ཀྱང་རང་རྟོགས་ཀྱིས་རྗེས་སུ་འཛིན་པའི་སྒྲུང་པ་བྱམས་བརྩེ་ཅན་ཞིག་གང་ན་མཆིས།  དེ་ལྟར་ཡིན་ཡང་སྒྲུང་པ་ཀླུ་རྒྱལ་གྱིས་བློ་གཅིག་སེམས་གཅིག་གིས་གེ་སར་སྒྲུང་སྦྱངས་པའི་སྤོབས་པ་མ་ཉམས་པར་མུ་མཐུད་དུ་ཡུལ་ཁམས་ཀུན་ཏུ་འགྲིམས་པའི་མཐའ་མར་ལས་དབང་གིས་སྙིང་རྗེ་ལྡན་པའི་སྒྲུང་པ་སྐད་གྲགས་ཅན་ལྡོམ་པོ་མཆོག་དང་འཕྲད།   དེར་ཁོས་གུས་ལྡན་གྱི་ངང་ནས་རྣམ་ཤེས་བསྒྲིམས་ཏེ་རྣ་བ་བླག་ནས་ལྡོམ་པོས་བཤད་པའི་སྒྲུང་ལ་ཐེངས་འགར་ཉན་པ་ན།   སྒྲུང་པ་ལྡོམ་པོས་རང་ཤུགས་སུ་ཀླུ་རྒྱལ་བློར་བབས་ཏེ་རྗེས་སུ་འཛིན་རྒྱུའི་ཐུགས་ཐག་བཅད་ཟེར།  སྐབས་དེ་ནས་བཟུང་སྒྲུང་པ་ལྡོམ་པོས་ནན་ཏན་གྱིས་སྒྲུང་དཔེ་བཤད་དེ་སློབ་ཁྲིད་གནང་བ་དང་།  ཁོས་ཀྱང་འབད་པས་ཉན་ནས་སྦྱངས་པ་ལྷོད་མེད་བྱས་ཏེ་མ་འགྱངས་པར་སྒྲུང་བཤད་པར་བྱང་ཆ་ཡོད་པ་ཞིག་ཏུ་གྱུར།   སྒྲུང་པ་ལྡོམ་པོའི་དྲུང་དུ་སྔ་གཞུག་ཏུ་ལོ་འཁོར་གསུམ་འདས་རྗེས  《ཧོར་གླིང་གཡུལ་འགྱེད་》དང་《འཇང་གླིང་གཡུལ་འགྱེད།》《བདུད་འདུལ།》 《ཨ་སྟག་ལྷ་མོ་》དང་བཅས་སྒྲུང་ཁག་བཞི་བཤད་ཤེས་པར་མ་ཟད།  རིམ་གྱིས་མཚན་སྙན་གྲགས་ཤིང་རྒྱས་པར་གྱུར།  
          སྒྲུང་པ་ཀླུ་རྒྱལ་ལ་མཚོན་ན་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཁར་མིག་ཟུང་ལོང་བ་ཡིན་པས།    ཡོད་ཚད་ཁོའི་ཐོས་འཛིན་རྣར་བརྟེན་ནས་ཡིད་ལ་འཛིན་པ་མ་གཏོགས་ཐབས་ཤེས་གཞན་ཏིལ་ཙམ་ཡང་མེད།  དེའི་ཕྱིར་སྒྲུང་པ་ཀླུ་རྒྱལ་ནི་ཐོས་སྒྲུང་གི་ཚད་གཞིར་འཛིན་ས་ཞིག་ཀྱང་བྱས་ཆོག   གཞན་ཡང་རེབ་གོང་བཙན་མོ་ཡར་རྟིང་གི་སྒྲུང་པ་པད་མ་རྒྱལ་ལ་མཚོན་ན་མིག་གཉིས་གསལ་པོ་ཡིན་ཡང་ཡི་གེ་གཅིག་ཀྱང་མི་ཤེས།   ད་ལོ་ལོ་ཞེ་བརྒྱད་ལ་སོན་ཡོད། ཁོ་ལོ་ན་ཆུང་བའི་དུས་སུ་སྒྲུང་ལ་ཤིན་ཏུ་དགའ་ཞིང་། བློ་སེམས་རྩེ་གཅིག་གིས་སྐད་གྲགས་ཅན་གྱི་སྒྲུང་མཁན་རྣམས་ལ་བརྟེན་ནས་སྦྱངས་པ་གང་ལེགས་བྱས་མཐར།   རིམ་གྱིས《ཧོར་འདུལ་》དང་《འཇང་འདུལ་》སོགས་སྒྲུང་ཁག་ལྔ་བཤད་ཤེས་པར་གྱུར་ཏེ་སྒྲུང་པའི་མཚན་སྙན་ཡང་རྒྱལ་ཁམས་ཡོངས་སུ་ཁྱབ།  
          ཐོས་སྒྲུང་ལ་གཏོགས་པའི་སྒྲུང་པར་མཚོན་ན་བབས་སྒྲུང་དང་ཕབ་སྒྲུང།  འབྲི་སྒྲུང་གི་རིགས་དང་ཁྱད་པར་ཤིན་ཏུ་ཆེ། ཅིའི་ཕྱིར་ཞེ་ན། ཁོ་ཚོས་ཆུང་དུས་ནས་རང་གི་བརྩོན་པ་དང་།  ཐོས་འཛིན་ལ་བརྟེན་ནས་གེ་སར་རྒྱལ་པོའི་སྒྲུང་སྦྱངས་ཏེ་ཤེས་པར་གྱུར་པ་མ་གཏོགས།  གཞན་མི་མངོན་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལ་བརྟེན་ཏེ་གེ་སར་གྱི་སྒྲུང་ཤེས་པར་གྱུར་པ་མིན།  ཡིན་ནའང་ཁོ་ཚོའི་ཐུན་མོང་གི་ཁྱད་ཆོས་གཅིག་སྟེ་གོང་མ་ལྷ་ལ་གསོལ་མཆོད་དང་གེ་སར་རྒྱལ་པོར་དད་འདུན་ཟློག་མེད་ཡོད།   
6. བརྒྱུད་སྒྲུང་གི་རིགས།  
          བརྒྱུད་སྒྲུང་གི་རིགས་འདི་ནི་རང་གི་ཨ་མྱེས་ཡང་མྱེས་རིང་ལ་བརྒྱུད་ཡོང་བའི་སྒྲུང་སྣ་ཚོགས་འཆོལ་དུ་མ་བཅུག་པར་ཇི་མ་ཇི་བཞིན་དུ་མི་རབས་དང་མི་རབས་ལ་བརྒྱུད་པའི་སྒྲུང་གི་རིགས་ལ་ཟེར།  བརྒྱུད་སྒྲུང་གི་རིགས་ལ་གཉིས་ཡོད་དེ། གཅིག་ནི་ངག་ཐོག་ནས་མར་བརྒྱུད་ཡོང་བའི་སྒྲུང་ཡིན་ལ། གཅིག་ནི་ཡིག་ཐོག་ནས་བརྒྱུད་ཡོང་བའི་སྒྲུང་ཡིན།   སྒྲུང་པའི་རིགས་གཉིས་གང་ཡིན་རུང་ཚང་མས་ཕ་མའི་རིང་ལ་བརྒྱུད་ཡོང་བའི་སྒྲུང་ལ་བར་ཆད་འབྱུང་དུ་མི་འཇུག་པ་དང་།  མི་དགོས་པའི་སླད་སྐྱོན་ཡང་ཤོར་དུ་མི་འཇུག་པར་རྣམ་དག་གིས་རྒྱུད་འཛིན་བྱེད་དགོས་པ་ལས་གཞན་ད་དུང་མི་རབས་རྗེས་མས་འཛིན་སྤེལ་བྱེད་པའི་རིང་དུ་གེ་སར་གྱི་སྒྲུང་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་བའི་འོས་འགན་ཡང་ཡོད་ཟེར།   
          བརྒྱུད་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པས་སྒྲུང་བཤད་པའི་སྐབས་སུ་ངེས་པར་དུ་རང་གི་ཨ་མྱེས་ཡང་མྱེས་རིང་གི་བཟོ་ལྟ་དང་ཕྱག་རྒྱ་ལྟར་དུ་བཤད་པ་མ་གཏོགས་རང་གིས་རང་བཟོས་ཀྱིས་བཤད་སྟངས་དང་ཕྱག་རྒྱ་གང་དྲན་ཀྱིས་སྟོན་མི་རུང་བ་ལགས།  
          ཡུལ་ཤུལ་ཁུལ་གྱི་སྒྲུང་པ་བུ་ཐུབ་དགའ་ལ་མཚོན་ན།   ཁོའི་ཨ་མྱེས་ཡང་མྱེས་རིང་ལ་གེ་སར་གྱི་སྒྲུང་ལ་དགའ་ཞིང་དར་རྒྱ་ཆེ་བས།  སྒྲུང་དཔེ་ཚད་དང་ལྡན་པ་ཇི་སྙེད་ཅིག་མི་རབས་རྗེས་མར་བཞག་ཡོད། ཁོང་རྣམ་པས་བཤད་པའི་སྒྲུང་དང་བྲིས་པའི་སྒྲུང་མང་པོ་ཞིག་མ་འཁྲུལ་མ་ནོར་བར་མི་རབས་བཞིར་རྒྱུད་འཛིན་བྱས་པར་མ་ཟད།  བུ་ཐུབ་དགའ་ཁོས་ཀྱང་སྒྲུང་དཔེ་གསར་བ་མང་པོ་ཞིག་དག་སྒྲིག་བྱས་ཡོད།  ལོ་བཅུའི་ཟིང་ཆ་སློང་བའི་སྐབས་སུའང་ཁོང་གིས་རང་གི་ཨ་མྱེས་ཡང་མྱེས་རིང་ལ་བརྒྱུད་ཡོང་བའི་སྒྲུང་དག་ལ་གནོད་སྐྱོན་ཅི་ཡང་ཤོར་དུ་མ་བཅུག་པར་སྦས་གསང་ལེགས་པོ་བྱས། ཁོང་རང་གིས་བཤད་པ་ལྟར་ན། ད་ལྟ་ཁོའི་ལག་ཏུ་བརྒྱུད་ཡོང་བའི་སྒྲུང་དཔེ་སྒམ་གང་ཡོད་ཅེས་བཤད།  ཡིན་ནའང་ཁོང་ལ་སྐྲག་འཇིགས་ཐེངས་མང་པོ་བྱུང་མྱོང་བའི་དབང་གིས།  ང་ཚོའི་ཞིབ་འཇུག་ལས་ཁུངས་སུ་སྤྲོད་འདོད་མེད། ད་ལྟ་ཁོས་དག་སྒྲིག་བས་ཏེ་ང་ཚོར་སྤྲད་ཟིན་པའི《ཅེ་རང་ལུག་རྫོང་》དང་《མེ་རི་ཐོག་རྫོང་》གཉིས་ལ་ཞིབ་ཏུ་བལྟས་ན།    བརྒྱུད་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་དཔེ་ནི་སྒྲུང་དཔེ་གཞན་ལས་ཚིག་སྙན་ཞིང་ཁ་ཚང་བ།   ནང་དོན་ཡང་འཛོམས་པོ་ཕུན་སུམ་ཚོགས་པ་དང་།  མང་ཚོགས་ཀྱི་ཁྲོད་དུ་བཤད་ན་ཁས་ལེན་དང་ཡིད་ཆེས་ཀྱང་ཆེན་པོ་ཡོད།    
          གཞན་ཡང་མཚོ་ལྷོ་ཁུལ་གྱི་སྒྲུང་པ་བསྟན་པ་རྒྱ་མཚོ་དང་མགོ་ལོག་ས་ཁུལ་གྱི་སྒྲུང་པ་ཚེ་རྡོར་སོགས་ཀྱིས་བཤད་པའི་སྒྲུང་ཡང་ཆུང་དུས་ནས་རང་གི་བླ་མའི་ངོག་ཐོག་ནས་བརྒྱུད་ཡོང་བའི་སྒྲུང་ཡིན། ཁོ་ཚོའི་ཁྱད་ཆོས་ནི་དཔེ་ཆར་ལྟ་མི་དགོས་ཤིང་།  སྒྲུང་གང་བཤད་འདོད་ན་དེ་ངག་ཐོག་ནས་ཆུ་བཞུར་བ་ལྟར་ལྷུག་ལྷུག་ཏུ་བཤད་ཤེས་པ་ཡིན།  ཁོ་ཚོས་བཤད་པའི་སྒྲུང་གི་ནང་དོན་ཡང་ཁ་ཚང་ཞིང་ཚིག་འབྲུ་གསལ་བས་སྒྲུང་དད་ཀྱི་མང་ཚོགས་རྣམས་ཀྱིས་ཉན་འདོད་པ་རེད།  
          བརྒྱུད་སྒྲུང་གི་རིགས་ལ་གཏོགས་པའི་ངག་ཐོག་དང་ཡིག་ཐོག་གི་སྒྲུང་གང་ཡིན་རུང་ཚང་མར་ཆད་ལྷག་ཅི་ཡང་མེད་པར་བརྟེན།  ཕྱིས་སུ་མི་ཚང་མས་བློ་གཏོད་སའི་ཚད་གཞི་ཞིག་ཏུ་འཇོག་ཆོག་སྙམ།  
7. གཏེར་སྒྲུང་གི་རིགས།  
          གཏེར་སྒྲུང་གི་རིགས་ནི་ལོ་འཁོར་བརྒྱ་ཕྲག་དུ་མའི་སྔོན་ལ་ལྷའམ་ལྷ་མ་ཡིན་སོགས་ཀྱིས་སྒྲུང་དཔེའི་གླེགས་བམ་གལ་ཆེན་གྱི་རིགས་ཐམས་ཅད་བོར་བ་དང་རྒྱུན་ཆད་པར་དོགས་ནས་བྲག་ཁུང་དང་ས་ཁུང་བཙན་པོའི་ནང་དུ་སྦས་ཡོད་པའི་གཏེར་ཡིག་དེ་རིགས་ཕྱིས་སུ་མི་བསོད་ནམས་ཅན་ཞིག་གིས་ཕྱིར་བཏོན་ཏེ་བཤད་མཁན་གྱི་སྒྲུང་པའི་རིགས་ལ་གཏེར་སྒྲུང་ཟེར་བ་ཡིན་སྐད། ཡང་མི་སྐོར་ཞིག་གིས་བཤད་པ་ལྟར་ན།  གཏེར་སྒྲུང་ཞེས་པ་ནི་གནའ་སྔ་མོའི་དུས་ཤིག་ལ་རང་རེའི་བོད་ཀྱི་ཆོས་དཔེ་དང་རིག་གནས་སྤེལ་བར་བགེགས་རྐྱེན་ཆེན་པོ་ཐེབས་ཏེ་འཕྲལ་དུ་ཉམས་པའི་ཉེན་ཁ་ཡོད་པའི་སྐབས་སུ། བློ་རྒྱ་ཡངས་པ་ཅན་གྱི་སྐྱེས་བུ་དག་གིས་བྲག་ཁུང་དང་ས་ཁུང་ནང་དུ་སྦས་པའི་གཏེར་ཡིག་ཡིན་ཞེས་གླེང་ཞིང་།  ཕྱིས་སུ་མི་ལས་འབྲས་ཅན་གྱིས་ཕྱིར་བཏོན་ཏེ་ཡིག་རྒྱུད་སྤེལ་པ་ཡིན་ཟེར།   
          གང་ལྟར་ཡིན་ཡང་དེང་སྐབས་ང་ཚོས་གཏེར་སྒྲུང་གི་བཤད་ཚུལ་མི་འདྲ་བའི་རིགས་ལ་སྡོམ་ཚིག་གསལ་པོ་ཞིག་འཇོག་མི་ཐུབ། ཡིན་ནའང་སྣང་མེད་དུ་གཏན་ནས་འཇོག་མི་རུང་། ཅིའི་ཕྱིར་ཞེ་ན། ད་ལྟ་ཏུན་ཧོང་ཡིག་ཚང་ནས་ཐོན་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གཏེར་ཡིག་དེ་དག་སྦས་མཁན་གྱི་མི་དང་བཏོན་པ་ཡིན་ཞེས་པའི་སྒྲུང་དཔེ་《ཐེའུ་རང་ར་རྫོང་》དང་བཅས་པ་འགའ་རེ་མ་གཏོགས་མཐོང་རྒྱུ་མེད་མོད་ཀྱང་སྒྲུང་དཔེའི་ནང་ནས་ཁུངས་གཏུགས་སའི་སྒྲུང་དཔེ་ཡིན་ཞེས་ཐམས་ཅད་ཀྱིས་གླེང་བཞིན་མཆིས། ད་ལྟ་ང་ཚོའི་སྒྲུང་པའི་ནང་དུ་རང་ཉིད་གཏེར་སྒྲུང་གི་རིགས་ཡིན་ཞེས་བཤད་མཁན་འགའ་རེ་ཡོད་ནའང་།  ཞིབ་ཏུ་བརྟགས་ན་གཏེར་སྒྲུང་ཕྱིར་འདོན་མཁན་གྱི་མི་བསོད་ནམས་ཅན་ཞིག་ཡིན་པ་མ་གཏོགས་སྒྲུང་བཤད་མཁན་གྱི་སྒྲུང་པའི་རིགས་ཤིག་ལ་དབྱེ་ན་དེ་འདྲ་འོས་པ་མི་འདུག་བསམས།  དེས་ན་གཏེར་སྒྲུང་ཞེས་པ་གེ་སར་རྒྱལ་པོའི་སྒྲུང་གི་འབྱུང་ཁུངས་ཀྱི་རིགས་སུ་བཀར་ན་ལེགས་སྙམ།  
8. སྒྲུང་ཞྭ་དང་ཐང་སྒྲུང་གི་རིགས།  
          སྒྲུང་ཞྭའི་རིགས་ནི་སྒྲུང་པས་སྒྲུང་བཤད་པའི་སྐབས་སུ་བླ་མས་སྒྲུང་པའི་རྟགས་མཚན་ལ་གནང་བའི་ཞྭ་དེ་ལ་སྒྲུང་ཞྭ་ཟེར།   སྒྲུང་ཞྭ་དེ་བླ་མས་སྒྲུང་པ་ཡིན་ཞེས་རྟགས་མཚན་ལ་གནང་བ་མ་གཏོགས་ཞྭ་ལ་བརྟེན་ནས་སྒྲུང་བཤད་ཤེས་པའི་ངེས་པ་མེད།  ཅིའི་ཕྱིར་ཞེ་ན།  མདོ་དབུས་ཁམས་གསུམ་དུ་སྐད་གྲགས་ཆེ་བའི་སྒྲུང་པ་གྲགས་པ་དང་སྒྲུང་པ་ཚེ་རིང་དབང་འདུས་རྣམ་གཉིས་ལ་ཡང་བླ་མས་གནང་བའི་སྒྲུང་ཞྭ་རེ་ཡོད།   སྒྲུང་པ་དེ་གཉིས་ཀྱིས་གེ་སར་རྒྱལ་པོའི་སྒྲུང་ཐོགས་པ་མེད་པར་བཤད་ཤེས་པས་ན། ཁོ་ཚོའི་ཡུལ་དེའི་བླ་མས་སྒྲུང་བཤད་ཆོག་པ་དང་ཡང་ན་སྒྲུང་པ་ཡིན་ཞེས་རྟགས་མཚན་ལ་གནང་བ་ཡིན། གལ་སྲིད་སྒྲུང་ཞྭ་དེ་མེད་པའི་དབང་དུ་བཏང་ནའང་སྒྲུང་སྔར་བཞིན་བཤད་ཤེས་པ་ལགས།  དེས་ན་སྒྲུང་ཞྭའི་རིགས་ཤིག་བཀར་ན་ཁྱབ་ཆུང་ཞིང་དོན་ལ་ཡང་དེ་འདྲར་གནས་པ་ཞིག་མིན་ནོ། །   
          ཐང་སྒྲུང་གི་རིགས་ནི་གེ་སར་རྒྱལ་པོའི་ཐང་གའམ་དཔའ་རྟུལ་ཞིག་གི་ཐང་གར་བལྟས་ཏེ་བཤད་པའི་སྒྲུང་ལ་ཐང་སྒྲུང་ཟེར།   གེ་སར་སྒྲུང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་ཁོང་གིས་ཐང་སྒྲུང་བཤད་པའི་སྒྲུང་པ་ཕལ་མོ་ཆེས་རང་གིས་ཐང་ག་འབྲི་ཤེས་ཤིང་དཔྱད་པའང་གཏོང་ཤེས་ཞེས་བཀོད་ཡོད་པ་རེད། ཁོ་བོའི་བསམ་པར། ཐང་སྒྲུང་གི་རིགས་འདི་སྒྲུང་པའི་རིགས་ཤིག་ལ་བཀར་ན་ཁྱབ་ཧ་ཅང་ཆུང་།   ཁོ་ཚོས་ཐང་གའི་སྟེང་བྲིས་པའི་རི་མོ་ལ་བལྟས་ནས་སྒྲུང་ཉུང་ཙམ་ཞིག་བཤད་པ་མ་གཏོགས་མགོ་རྔ་ཡོད་པའི་སྒྲུང་ཁ་ཚང་ཞིག་བཤད་མི་ཐུབ། གལ་སྲིད་སྒྲུང་ལ་མཁས་པའི་སྐྱེས་བུ་ཞིག་ཡིན་ཕྱིན། སུས་ཀྱང་ཐང་གའི་རི་མོར་བལྟས་ཏེ་དཔྱད་པ་གཏོང་ཐུབ་པར་མ་ཟད།  མཚོ་སྔོན་མགོ་ལོག་གི་སྒྲུང་པ་ངག་རིག་ལ་མཚོན་ན།  སྙན་ཞིང་འཇེབས་པའི་གླུ་གཅིག་གིས་ཀྱང་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་ཐུབ།   དེ་བས་སྒྲུང་ཞྭ་དང་ཐང་སྒྲུང་གཉིས་སྒྲུང་པའི་རིགས་གཉིས་ལ་དབྱེ་ནས་ཞིབ་ཏུ་འབྲི་དགོས་པའི་ཕན་འབྲས་ཆེན་པོ་མེད་བསམས་ནས་མང་པོ་མ་བྲིས།  
          གོང་གསལ་དུ་གེ་སར་རྒྱལ་པོའི་སྒྲུང་པའི་རིགས་ཅུང་ཞིབ་མོར་བཀར་ཏེ་རང་གི་ལྟ་བ་རགས་ཙམ་བརྗོད་པ་ལགས། གཤམ་དུ་རང་གི་ནུས་ཚོད་ཀྱིས་སྒྲུང་པའི་རིགས་ཀྱི་འབྱུང་ཁུངས་དང་བརྒྱུད་རིམ་ལ་དཔྱད་པ་རགས་ཙམ་བཀོད་ན། དེ་ཡང་བསླབ་སྒྲུང་དང་ཐོས་སྒྲུང་། བརྒྱུད་སྒྲུང་སོགས་ཀྱི་རིགས་ལ་དེ་འདྲའི་ངོ་མཚར་ཅན་གྱི་བརྒྱུད་རིམ་མང་པོ་མེད་ཅིང་། གཙོ་བོ་རང་གི་བརྩོན་འགྲུས་དང་མཐུན་རྐྱེན་སོགས་ལ་བརྟེན་ནས་སྦྱངས་པའི་སྒྲུང་པའི་རིགས་འགའ་ཡིན་པས་འདིར་མང་པོ་བརྗོད་པའི་དགོས་པ་མེད། གཞན་ཏེ་བབས་སྒྲུང་དང་འབྲི་སྒྲུང་། ཕབ་སྒྲུང་གི་རིགས་ལ་ལྷ་སྒྲུང་ལྟ་བུའི་བརྒྱུད་རིམ་ངོ་མཚར་ལྡན་པ་རེ་ཡོད་ཅིང་། ཁོང་རྣམ་པས་བཤད་པའི་སྒྲུང་ཡང་གོང་མ་ལྷས་རོགས་ཁྲིད་ལ་བརྟེན་ནས་བཤད་ཟེར།  སྤྱིར་ཁོ་ཚོའི་བཤད་ཚུལ་འདི་རིགས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་མཐུན་པ་ཞིག་མིན་ནའང་། བབས་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་ཞིག་ལ་ཆ་མཚོན་ན།  གེ་སར་གྱི་སྒྲུང་བརྒྱ་ཕྲག་ལྷག་བློར་བཤད་ཤེས་པ་འདི་ངོ་མས་ཡ་མཚན་སྐྱེས་པ་ཞིག་རེད།  མི་ཚེ་གཅིག་ལ་བློར་བཟུང་བའི་དབང་དུ་བཏང་ནའང་འདི་འདྲ་མང་པོ་ཞིག་ཡིད་དུ་འཛིན་ག་ལ་ཐུབ།  དེས་ན་འདིར་ཚན་རིག་གིས་སྡོམ་ཚིག་གསལ་པོ་ཞིག་གནས་སྐབས་ཙམ་ལ་འཇོག་པའི་སྐལ་བ་ཤིན་ཏུ་ཕྲ།   ཡིན་ནའང་ཁོ་བོས་དུས་ཡུན་ཅུང་རིང་བོའི་ནང་དུ་སྒྲུང་པ་འདི་རིགས་ལ་དབྱེ་ཞིབ་བཏང་བའི་འབྲས་བུར་ཤར་བ་ནི་འདི་ལྟ་སྟེ།   
          གཅིག   ལྷ་སྒྲུང་གི་རིགས་ལ་གཏོགས་པའི་བབས་སྒྲུང་དང་བཅས་པའི་སྒྲུང་པར་ཆ་མཚོན་ན། ཁོ་ཚོ་ཕལ་མོ་ཆེ་ཆུང་དུས་ནས་ཕ་མ་དང་སྤུན་ཟླ་སོགས་ལ་ཁ་བྲལ་ནས་བརྟེན་སའི་གཞི་མེད་ཕྱིར།    མཐའ་ཡས་པའི་ཞིང་ཁམས་སུ་འཁྱམས་ནས་ཕྱོགས་གཅིག་ནས་ཟས་སློང་བ་དང་ཕྱོགས་གཞན་གཅིག་ནས་བོད་གངས་ཅན་གྱི་གནས་འགངས་ཆེན་དག་ལ་མཇལ་སྐོར་བྱེད་པའི་བརྒྱུད་རིམ་སྡུག་པོ་ཡ་ང་བ་རེ་མྱངས་ཤིང་།  ཁོ་ཚོ་སུས་ཀྱང་རྒྱབ་དྲོན་པོ་དང་ཕོ་བ་འགྲང་བའི་ཆེད་དུ།  ཡུལ་ཁམས་གང་ལ་སླེབས་ཀྱང་གེ་སར་རྒྱལ་པོའི་སྒྲུང་གི་ཚན་པ་རེ་དང་། དཔའ་རྟུལ་རྣམས་ཀྱི་རྣམ་ཐར། སྒྲུང་ཚིག་སྙན་མོ། དེ་མིན་དམངས་ཁྲོད་ཀྱི་གླུ་དང་ལ་གཞས།  འབྲས་དཀར་ལ་སོགས་ཀྱང་བློར་བཟུང་ནས་སྦྱངས་པ་ལེགས་པར་བྱས་ཏེ།   མ་འོངས་པར་གེ་སར་སྒྲུང་གི་སྒྲུང་པ་ཞིག་ཏུ་འགྱུར་བར་ཚིག་དང་དོན་གྱི་སྒོ་ནས་རྨང་གཞི་བརྟན་པོ་ཞིག་བཙུགས་པ་ཡིན།  
          གཉིས། ལྷ་སྒྲུང་ལ་གཏོགས་པའི་སྒྲུང་པའི་རིགས་ཕལ་ཆེར་གྱིས་ཡིག་འབྲུ་གཅིག་ཀྱང་མི་ཤེས་པས། གཞན་གྱི་རིག་གནས་རྩོམ་རིག་དང་བསམ་བློ་མི་འདྲ་བ་སོགས་ཀྱིས་ཤན་ཤུགས་ཐེབས་པ་ཉུང་ཞིང་། ལྷག་པར་དུ་དེང་སྐབས་ལྟ་བུའི་གློག་བརྙན་དང་བརྙན་འཕྲིན། སྒྲ་སྡུད་འཕྲུལ་འཁོར་ལ་སོགས་མཐོང་ཐོས་མེད་པས།  བསམ་བློའི་ནུས་ཤུགས་དེ་ཐ་ཐོར་དུ་མ་སོང་བར་གེ་སར་རྒྱལ་པོའི་སྒྲུང་སྣེ་གཅིག་ལ་ཕྱོགས་ནས་འབད་པ་དང་སྦྱངས་པ་བྱེད་ཐུབ་པའི་རྐྱེན་གྱིས་མ་འོངས་པར་སྒྲུང་པ་ཞིག་ཏུ་འགྱུར་བར་ཆ་རྐྱེན་ལེགས་པོ་བསྐྲུན་པ་རེད།  
          གསུམ།  ལྷ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་རྣམས་ལ་ལྷན་སྐྱེས་ཀྱི་ཡོན་ཏན་དང་ཕུལ་བྱུང་གི་ཡིད་འཛིན་ནུས་པ་ཞིག་ཡོད་པ་རེད།   ཁོ་ཚོ་གང་ཟག་ཕལ་བ་ཞིག་དང་མི་མཚུངས་པར་སྒྲུང་དང་གཏམ་རྒྱུད་གང་ཡིན་རུང་ཚང་མ་ཡིད་ལ་འཛིན་སླ་ཞིང་བཟུང་ཟིན་པ་དེའང་བརྗེད་དཀའ་བ་ཞིག་ཡིན། དཔེར་ན། རང་རེའི་ཞིབ་འཇུག་ཁང་དུ་གདན་འདྲེན་ཞུས་པའི་སྒྲུང་པ་ཚེ་རིང་དབང་འདུས་ལ་ཆ་མཚོན་ན། གེ་སར་གྱི་སྒྲུང་བརྒྱ་ཕྲག་ལྷག་བློར་བཤད་ཤེས་པ་ལས་གཞན། ཁོས་ཆུང་དུས་སུ་ཡིད་ལ་བཟུང་བའི་གཏམ་རྒྱུད་དང་། དམངས་གླུ་སོགས་གྲངས་ལས་འདས་པ་ཞིག་ཀྱང་ད་ལྟ་བརྗེད་མེད། ཐ་ན་ཚིག་འབྲུ་དང་རིམ་པ་སོགས་ཀྱང་གསལ་ཞིང་དག་པར་བརྗོད་ཐུབ་པ་ལགས།  གལ་སྲིད་ལྷན་སྐྱེས་ཀྱི་བློ་རིག་ཕུལ་དུ་བྱུང་བ་ཞིག་མེད་ན།  དེ་འདྲ་མང་བའི་སྒྲུང་དང་གཏམ་རྒྱུད་དག་བློ་ལས་བཤད་ཐུབ་པའི་ངེས་པ་གང་ན་ཡོད།   དེ་བས་གེ་སར་རྒྱལ་པོའི་སྒྲུང་བཤད་མཁན་གྱི་སྒྲུང་པ་ཞིག་ཏུ་འགྱུར་བར་ལྷན་སྐྱེས་ཀྱི་ཡོན་ཏན་ལྡན་དགོས་པ་རེད།  
          བཞི།  ལྷ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་རྣམས་ཀྱིས་ཁོ་ཚོའི་ཡིད་དུ་གེ་སར་གྱི་སྒྲུང་བརྒྱ་ཕྲག་ལྷག་ཡོད་ཅེས་སྨྲ་བར་མ་ཟད། སྒྲུང་ཁག་སོ་སོའི་ཁ་ཡིག་ཀྱང་འཁྲུལ་བ་མེད་པར་བསྒྲིགས་ཡོད།  ད་དུང་སྒྲུང་པ་ལ་ལས་ཁོང་འཆི་རག་བར་དུ་སྒྲུང་བཤད་དེ་མཇུག་སྒྲིལ་རྒྱུ་མེད་ཅེས་ཟེར།  ད་ལྟ་མི་རིགས་དཔེ་སྐྲུན་ཁང་སོ་སོས་ཀྱང་ཁོ་ཚོས་བཤད་པའི་སྒྲུང་མི་ཉུང་བ་ཞིག་དག་སྒྲིག་བྱས་ནས་པར་སྐྲུན་བྱས་ཡོད།  འོ་ན་ཁོ་ཚོས་བཤད་པའི་སྒྲུང་པར་སྐྲུན་བྱས་ཟིན་པ་དང་མ་བྱས་པ་དེ་ཐམས་ཅད་གླེགས་བམ་གཅིག་གཅིག་བྱས་ནས་བློར་བཟུང་ཡོད་པ་ཨེ་ཡིན་ཞེ་ན།   ཁོ་བོའི་བསམ་པར་སྒྲུང་ཁག་དེ་འདྲ་མང་པོ་ཞིག་བློར་བཟུང་བ་མིན་ཏེ།  དེ་ནི་གོང་དུ་བརྗོད་ཟིན་པའི་ཆ་རྐྱེན་གསུམ་ཚང་བའི་རྨང་གཞིའི་སྟེང་དུ་ཁོ་ཚོས་ཆུང་བའི་དུས་ནས་སྒྲུང་དང་གཏམ་རྒྱུད་དག་ལ་སྦྱངས་པ་བགྱིས་ཏེ་མི་ཤེས་པ་ནས་ཤེས་པ་དང་། ཤེས་པ་ནས་རྒྱ་ཇེ་ཆེར་བཏང་ནས་རིམ་གྱིས་གེ་སར་སྒྲུང་ལ་བྱང་ཆ་ཤིན་ཏུ་ཡོད་ཅིང་། རང་ལ་ངག་ལས་རྩོམ་པའི་ནུས་པ་ཐོན་པས་ན།  ད་ལྟ་བརྩམས་སྒྲུང་གསར་རྩོམ་བྱེད་པ་ལྟར་སྒྲུང་དཔེ་གཅིག་གཅིག་ངག་ལས་བརྩམས་པ་ཡིན་སེམས།   
          གཞན་ཡང་གནའ་རབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་དཔྱད་གཞིའི་ཡིག་ཆ་དང་།   ལྷག་པར་དུ་རྒྱ་གར་གྱི་སྙན་ངག་པ་ཆེན་པོ་ནག་མོ་ཁོལ་གྱི་བློ་རིག་གློ་བུར་དུ་རྒྱས་པའི་ལོ་རྒྱུས་དག་ལ་བལྟས་ན། གལ་སྲིད་བློ་རིག་འཛོམས་ཤིང་དད་པ་ཟློག་མེད་ཡོད་པའི་སྐྱེ་བོ་ཞིག་ལ་མཚོན་ན།    དུས་ཡུན་རིང་པོའི་ནང་དུ་འབད་འབུངས་ལྷོད་མེད་ཀྱིས་ལས་སྣེ་གཅིག་ལ་གཏད་དེ་སྦྱངས་པ་དང་ཤེས་བྱ་མང་པོ་བསགས་ཏེ་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་པ་ན།   གློ་བུར་དུ་རྨི་ལམ་མམ་རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ནས་སྔར་ལས་བློ་སྒོ་ཕྱེ་བ་དང་ངག་སྒོ་ཡངས་པར་འགྱུར་བའི་བསྐལ་བ་ཞིག་མེད་པ་མ་ཡིན་མོད།   འོན་ཏེ་བློ་དང་རིག་པ་གཞན་གང་ཟག་ཕལ་བ་ཞིག་དང་མི་མཚུངས་པའི་སྐྱེས་བུ་དམ་པ་ཞིག་མིན་ན་ཚད་ལས་འདས་པའི་བློ་སྒོ་ཞིག་ཕྱེ་བའི་སྐལ་བ་ཤིན་ཏུ་ཕྲ་སེམས།  
          སྤྱིར་དངོས་གཙོའི་ལྟ་བ་བཟུང་ནས་ལྷ་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པའི་རིགས་ལ་དཔྱད་པ་བཏང་ན།  ཁོ་ཚོ་སྒྲུང་པར་འགྱུར་བའི་རྒྱུ་རྐྱེན་གོང་དུ་བརྗོད་ཟིན་པའི་རྒྱུ་རྐྱེན་འགའ་ལས་མང་སྲིད།   ཡིན་ནའང་ཁོ་བོའི་རིག་པའི་ནུས་ཤུགས་དམན་པས་འོས་ཤིང་འཚམ་པའི་དཔྱད་པ་མང་པོ་བརྗོད་མ་ཐུབ་པར་མ་ཟད། མི་འོས་པ་དང་མི་འགྲིག་པ་སོགས་ཀྱང་མེད་མི་སྲིད། དེ་བས་ཁྱེད་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་མཁས་པ་རྣམས་ཀྱིས་ཐེ་ཚོམ་གྱི་དྲ་བ་བཅད་དེ་དགོངས་འཆར་གྱི་ནོར་བུ་གང་འདོད་དུ་གནང་བར་མཛོད།།