སྡིགས་དམོད་བྱེད་པ་ནི་ཆེས་ཐབས་སྡུག་གི་སློབ་གསོའི་ཐབས་ཤེས་ཤིག་རེད།
སྤེལ་དུས 2019-02-19
ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྩོམ་པ་པོ།
འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། རང་ཉིད་ཀྱི་ལུས་སྟེང་ན་མི་འདང་ས་མང་པོ་ཞིག་ཡོད་པས། ཁོམ་ལོང་བྱུང་བའི་དུས་ན་བདག་ནི་སློབ་གསོའི་སྐོར་གྱི་དཔེ་ཆ་དང་རྩོམ་ཀློག་པར་ཅུང་སྤྲོ་ཞིང་། ཅུང་བློ་འགུགས་ཐེབས་པའི་སློབ་གསོའི་ནང་དོན་ཡོད་ན་ཅི་ནུས་ཀྱིས་རྩོམ་ཐོག་ཏུ་འགོད་པར་བྱས་ཏེ་གཞན་ལ་ཡང་ཕན་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་བཅངས་པ་ཡིན།
ཕ་མ་སུ་ཡིན་ཡང་། རང་གི་བུ་ཕྲུག་ལ་མི་དགའ་མཁན་ཤིན་ཏུ་ཉུང་ཉུང་ཡིན་རྒྱུ་རེད། མཚམས་རེར་རང་གི་ཁ་ལ་བདག་བྱེད་མ་ཐུབ་པར་སྡིགས་དམོད་བྱས་པ་དེས། བྱིས་པའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་འདུག གཏམ་ལ་མཚོན་ཆ་མེད་ན་ཡང་། མི་སྙིང་དུམ་བུ་གཏོང་བ་ཡིན་ཞེས་པ་ལྟར། སྡིགས་དམོད་ཀྱི་ཚིག་རྩུབ་པོ་གཅིག་གིས་བྱིས་པའི་སེམས་ཁམས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་པ་ནི་སློབ་གསོའི་ཞིབ་འཇུག་ལས་ར་སྤྲོད་བྱུང་གི་འདུག ཕྱིར་དྲན་གྱི་ཀློང་ནས་ངས་ཀྱང་ཨ་ཕས་བཤད་པའི་ཚིག་གཅིག་དྲན་ཡོང་། ཚིག་དེས་ལོ་ངོ་མང་པོ་ཞིག་ལ་ང་རང་ཐེ་ཚོམ་གྱི་ཀློང་དུ་ཁྲིད་ཅིང་། གཞན་ལ་ཡིད་ཆེས་བྱེད་པ་ལས་རང་ལ་ཡིད་ཆེས་བྱེད་པའི་སྤོབས་པ་མེད་པར་བཏང་། ང་ནི་ཅུང་འདུག་མི་བཟོད་པའི་བྱིས་པ་རྒོད་པོ་ཅིག་ཡིན་ལ། ཉིན་ཞིག་ཨ་ཕའི་བཀོད་སྒྲིག་ལྟར་ལས་ཀ་མ་ལས་པར་ཕྱི་ལ་འཁྱམས་ནས་ཕྱི་དྲོའི་སྐབས་སུ་ཁྱིམ་དུ་ལོག་དུས། ཁོང་ཁྲོ་ཆེན་པོ་ལངས་ཡོད་པའི་ཨ་ཕ་ལགས་ནས་ང་ལ། ཁྱོད་ཀྱི་ཚུགས་ཀར་བལྟས་ན་ཅི་ཡང་སྒྲུབ་ཐུབ་མཁན་ཞིག་མ་རེད་ཅེས་བཤད་མྱོང་། དེ་དུས་སེམས་སྐྱོ་ནས་ངུ་འདོད་ཀྱང་ངུ་མི་ཕོད་ལ། ཤིན་ཏུ་ན་ཟུག་སྐྱེས་པའི་ཚོར་བ་དྲག་པོ་ཞིག་བྱུང་། མཚམས་རེར་སྡིགས་དམོད་དང་དམའ་འབེབས་ཀྱི་ཚིག་དེས་ནུས་པ་ཆེན་པོ་ཐོན་ནས། སློབ་སྦྱོང་དང་འཚོ་བའི་ཕྱོགས་ལ་ཤུགས་རྐྱེན་ཅི་རིགས་ཐེབས་ཀྱི་འདུག རིམ་བཞིན་དུས་ཚོད་ཕར་འདས་ནས་བསམ་ཤེས་ཆགས་པ་དང་། སློབ་སྦྱོང་བྱས་པ་བརྒྱུད་ནས་ད་གཟོད་དེ་དག་སེམས་ཁམས་རྒྱུན་ལྡན་ཅན་དང་། རང་ལ་ཡིད་ཆེས་བྱེད་ཆོག་པའི་ཉམས་སྣང་ཤར་བའི་དུས་ལ་ཐོན་གྱི་འདུག
ཁྱོད་ལ་ཡང་དེ་འདྲའི་སྡིགས་དམོད་དང་སུན་འབྱིན་ཐེབས་མྱོང་ངམ། འདི་ལས་མི་ཆོག གན་ཡང་ལས་མི་ཆོག ངུ་མི་ཆོག མི་གཞན་དང་བསྡུར་ན་ཁྱོད་ལ་འདྲ་མེད་ཀི ཁྱོད་ངོ་མ་གླེན་པ་ཞིག་རེད། འདི་ཡང་མི་ཤེས། གན་ཡང་མི་ཤེས། ཁྱོད་མིན་རྒྱུ་ན། ངས་འདི་འདྲ་ཞིག་དཀའ་ལས་མྱང་དགོས་དོན་མེད། ཁྱོད་ཀྱིས་སྐད་ཆ་ཉན་ཡོད་རྒྱུ་ན། འདི་འདྲ་ཞིག་མིན། ཕར་སོང་། འདི་ནས་འདུག་མི་དགོས། འདི་བཤད་མི་ཆོག གན་བཤད་མི་རུང་། ད་དུང་སྐད་ཆར་མི་ཉན་ན་ཁྱོད་མི་དགོ གཞན་ལ་སྟེར་རྒྱུ་ཡིན། དེ་ལྟར་སྒྲུབ་ན་ང་ཁྱོད་ལ་དགའ་པོ་མེད་ལྟ་བུ་སོགས་སྡིགས་དམོད་ཀྱི་ཚིག་རེ་རེས་བྱིས་པའི་བསམ་གཞིགས་ལ་ཚོད་འཛིན་ཐེབས་ཤིང་། བྱིས་པ་རང་གི་བསམ་ཚུལ་ཡང་བཤད་མི་ཆོག་པར་བཏང་བ་ནི་ངོ་མ་ཐབས་སྡུག་ཅིག་ཅི་ལ་མིན། དུས་ཡུན་རིང་བོ་ཞིག་འགོར་རྗེས། ཡང་མིན་ན་སྡིགས་དམོད་ཐེབས་པའི་བྱིས་པ་ནི་ཁོང་ཚོའི་ཕ་མ་དང་འདྲ་བར་གནས་ལུགས་མི་བཤད་པ་དང་། ཞེ་སྡང་ཆེ་བའི་མི་ཞིག་ཏུ་འགྱུར་ཉེན་ཆེ། ཡང་མིན་ན་སྐད་ཆ་བཤད་པར་མི་སྤྲོ་ཞིང་གཞན་དང་འབྲེལ་འདྲིས་མི་བྱེད་པ། སྐྲག་སླ་བའི་མི་ཞིག་ཏུ་འགྱུར་ཉེན་ཆེ། ཤེས་དགོས་པ་ཞིག་ལ། བྱིས་པའི་ཡིད་ཆེས་ཀྱི་སེམས་པ་དང་། རང་བཀུར་གྱི་སེམས་པ། རིན་ཐང་ལྟ་བ་སོགས་ནི་ཉེ་འཁོར་གྱི་མི་རྣམས་ཀྱི་སྐད་ཆ་དང་རྣམ་འགྱུར། འབྲེལ་འདྲིས་སོགས་ལས་བྱུང་བ་ཡིན་པས། ངུ་ཡང་མི་ཆོག་པ་དང་། ཁོང་ཁྲོ་ཡང་ལངས་མི་ཆོག་པ། ཕམ་ཡང་མི་ཆོག་པའི་བྱིས་པ་ཞིག་ཏུ་གྱུར་ཚེ། རང་སྟེང་ལ་གནོན་ཤུགས་ལྗིད་མོ་ཞིག་སྤྲོད་སྲིད་ཅིང་། ནམ་ཞིག་ཡང་དག་མིན་པའི་ཐབས་ལམ་ལ་བརྟེན་ནས་གནོན་ཤུགས་འདི་དག་ཕྱི་ལ་སྤྲོད་བཞིན་འདུག མཚམས་ཆད་མེད་པར་བྱིས་པའི་བྱ་སྤྱོད་དང་རྣམ་འགྱུར་ཁས་ལེན་མི་བྱེད་པ་ནི་དངོས་ནས་འཇིག་ཡེར་བའི་སེམས་ཁམས་ཚོད་འཛིན་བྱེད་ཐབས་ཤིག་རེད། ཕ་མའི་རྣམ་འགྱུར་བཟང་ངན་ལས། བྱིས་པའི་མ་འོངས་པ་ཅི་འདྲ་ཞིག་ཡིན་མིན་རྟོགས་ཐུབ་ཀྱི་འདུག དྲ་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། བསྟོད་བསྔགས་གཅིག་ཀྱང་མ་ཐོབས་པའི་བུ་ཕྲུག་ཀྱང་མང་པོ་ཞིག་འདུག
བྱིས་པ་སྐྱོང་དུས་ཐབས་ཤེས་ལ་བརྟེན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་བསམ་བྱུང་། རབ་ཡིན་ན་སྐུལ་ལྕགས་ཐེབས་པའི་ཚིག་བཤད་ན་བཟང་། བུ་ཕྲུག་ལགས། ད་དུང་འབད་བརྩོན་བྱས་དང་། ཁྱོད་རང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་ངེས་རེད། རང་ལ་ཡིད་ཆེས་མཛོད་དང་། ཁྱོད་ཀྱིས་སྒྲུབ་ཐུབ་པ་ཁོ་ཐག་ཡིན། ད་དུང་ཡང་ཚོད་བལྟ་ཅིག་གྱིས་དང་། རྒྱལ་ན་ཡང་ཆོག ཕམ་ན་ཆོག སྐྱོན་མེད། འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རྒྱལ་ཕམ་གཉིས་ཀ་རེག་དགོས་ལྟ་བུ་སོགས། ཕ་མའི་སྐུལ་ལྕག་ནི་བྱིས་པ་དེ་ཉིད་སྤྲོ་སྣང་ཆེ་བ་དང་། ཧུར་བརྩོན་གྱི་སེམས་དང་ལྡན་པ། རང་ལ་ཡིད་ཆེས་ཡོད་པར་འགྱུར་དུ་འཇུག་པའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན། ཁྱིམ་ཚང་སློབ་གསོ་གཙིགས་སུ་འཛིན་པའི་དམིགས་ཡུལ་ཡང་། བྱིས་པ་དེ་ནི་རང་ཉིད་ལ་རང་གི་ལྟ་བ་དང་འདུ་ཤེས་ཡོད་པ། རང་ཚུགས་ཡོད་པ། མི་རང་ཉིད་དེ་བྱེད་པ། ཐག་གཅོད་ཀྱི་ནུས་པ་ཡོད་པ་ཞིག་ཏུ་འགྱུར་རྒྱུའི་ཆེད་རེད། བྱིས་པ་ལ་སྐུལ་ལྕག་གཏོང་བའི་ཞོར་དུ་བརྩི་འཇོག་ཀྱང་བྱེད་དགོས་ཏེ། ཁྱོད་ཀྱིས་འདི་ལྟར་དྲན་ཡོད་ན། ཕ་མ་གཉིས་ཀྱིས་ཁྱོད་ལ་རྒྱབ་སྐྱོར་བྱེད། བུ་ཕྲུག་ཁྱོད་ལ་གནས་ཚུལ་འདིའི་ཐད་ནས་ལྟ་ཚུལ་ག་རེ་ཡོད། དོན་དག་འདི་ཁྱོད་རང་ཉིད་ཀྱིས་ཐག་གཅོད་ཐུབ་པའི་ཡིད་ཆེས་ཡོད་ལ་སོགས་པའི་དྲང་ཕྱོགས་ཀྱི་སློབ་གསོ་བཏང་ན་རིམ་བཞིན་ཕན་ཐོགས་མི་ཉུང་བ་ཞིག་ཐོན་གྱི་ཡོད།
ཞོར་དུ་ཞུ་འདོད་པ་ཞིག་ལ། ང་རང་ཉིད་ནི་ཞིང་གྲོང་ནས་ནར་སོན་པ་ཞིག་ཡིན་ཞིང་། སྐབས་དེར་སྤྱི་ནས་མི་རྣམས་ཀྱི་ཤེས་རིག་གི་ཆུ་ཚད་དམའ་ཞིང་། འཚོ་བའི་ཆུ་ཚད་ཀྱང་བཟང་རྒྱུ་མེད་པས། དཀའ་སྡུག་གི་ལོ་ཟླའི་ནང་ བྱིས་པ་རྣམས་ལ་སློབ་གསོ་གཏོང་ཤེས་མཁན་ཤིན་ཏུ་ཉུང་ཉུང་རེད། དེང་སང་ཡིན་ན། སྤྱི་ནས་ཁོར་ཡུག་འགྱུར་ལྡོག་གི་དབང་གིས་མི་རྣམས་ཀྱི་བསམ་བློ་དང་སེམས་ཁམས་ལ་ཡང་འགྱུར་བ་ཅི་རིགས་ཐེབས་ཡོད་ལ། ཞིང་གྲོང་ཡིན་ན་ཡང་བྱིས་པའི་སློབ་གསོ་ལ་དང་དོད་དང་གཙིགས་མཐོང་བྱེད་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད། ཡིན་ན་ཡང་ཡང་དག་མིན་པའི་སློབ་གསོ་གཏོང་སྟངས་མང་པོ་ཞིག་ཀྱང་སྔར་བཞིན་གནས་ཡོད། བྱིས་པ་རྣམས་བདེ་ཐང་གི་སྒོ་ནས་འཚར་ལོངས་བྱུང་བ་དང་། མེས་རྒྱལ་དང་མི་རིགས་ལ་ཕན་པའི་མི་ཞིག་ཏུ་འགྱུར་བར་དངོས་ནས་ཆུང་དུས་ཀྱི་སློབ་གསོ་གནད་དུ་འཛིན་པར་རེག་ལས་ཆེན་པོ་ཡོད་པར་བསམ། སློབ་གསོ་བཟང་བོ་ཞིག་ཐེབས་པ་ཡིན་ན། མི་ཚེ་གཅིག་ལ་ཕན་ཐོགས་ཀྱི་འདུག དེ་ཡང་ཕ་མ་བཟང་བོ་ཞིག་ཡིན་ན། དུ་ཆང་མི་བསྟེན། རྒྱན་དང་ཤོ་ལ་མི་ཕྱོགས། བྱིས་པའི་འཚར་ལོངས་ལ་ལྷག་པར་སེམས་ཁུར་བྱེད། སློབ་གསོ་གཏོང་ན་ཡང་གནས་ལུགས་དང་མི་མཐུན་པའི་ཚིག་རྩུབ་མོ་མི་བཤད། རང་གི་སེམས་ཁམས་བཟང་མིན་དེ་གཞན་གྱི་ཐོག་ཏུ་མི་འགེལ། ཐ་ན་རྫོང་ཐོག་ཏུ་སོང་ན་ཡང་བྱིས་པ་ལ་དཔེ་དེབ་སྣ་རེ་གཉིས་ཉོས་ནས་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ། ཡིན་ན་ཡང་། སློབ་གསོ་མི་གཏོང་ཞིང་གནས་ལུགས་མི་བཤད་པའི་ཁྱིམ་བདག་མང་པོ་ཞིག་ཀྱང་མེད་པ་ག་ལ་ཡིན། ཁ་ཡར་གྲགས་ལ་གདོན་རྫས། ཁ་མར་གྲགས་ལ་ཁྱི་སྐྱག ལས་བྱ་ཡོད་ན་མེད་ན་སེམས་ཁུར་མི་བྱེད། བྱིས་པ་གནད་དོན་ལ་འཕྲད་ནས་ཡར་ཞུ་བྱས་ཀྱང་མཐོང་ཆེན་མི་བྱེད་པར་ཚིག་རེ་གཉིས་ཙམ་གྱིས་ལན་སློག་ཐབས་བྱེད་མཁན་ཡང་ཉུང་ཉུང་མིན་པ་འདྲ། སུས་ཀྱང་རང་གི་བུ་ཕྲུག་ནི་ཡོན་དན་དང་ལྡན་པ། བཀའ་དྲིན་ཤེས་པ། མི་ཚེ་ལ་དོན་སྙིང་ཡོད་པ་ཞིག་ཏུ་གཏོང་འདོད་པ་ལས་མ་རབས་ཤིག་ཏུ་གཏོང་མི་འདོད་ལ། མ་རབས་ཤིག་ཏུ་གཏོང་མི་འདོད་པར་ལམ་དྲང་བོར་ཞུགས་དགོས་ན། རང་ཉིད་ནས་འགོ་བརྩམས་ཏེ་མ་རབས་དང་ཐ་ཤལ་གྱི་ཀུན་སྤྱོད་ཅིས་ཀྱང་བསྒྱུར་དགོས་ལ། བྱིས་པར་སློབ་གསོ་གཏོང་དགོས་ན་བྱེད་ཐབས་དང་། སྐུལ་ལྕག་ལ་བརྟེན་པ་ལས། གཅར་རྡུང་དང་སྡིགས་དམོད། སུན་འབྱིན་བྱས་ན། བྱིས་པའི་སེམས་ཁམས་ལ་གནོད་པ་ཚབས་ཆེན་གཏོང་གི་ཡོད་པས། སློབ་གསོ་ནི་མི་ཞིག་གི་མི་ཚེ་ནང་གི་དོན་དག་གལ་ཆེན་ནང་གི་དོན་ཆེན་དེ་ཡིན་པར་ཡིད་ལ་དམ་པོར་བཟུང་དགོས་སོ།།
(རྩོམ་སྒྲིག་པ། སྣང་རྡོ།)