ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

“སློབ་གསོའི་རིག་ལམ”ལ་བརྟེན་ནས་སློབ་རའི་ཁ་པར་དོ་དམ་བྱེད་དགོས།

སྤེལ་དུས 2019-02-27 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། ཁོན་ཐར་འཚོས་བསྒྱུར།
       སློབ་མའི་ཁ་པར་འཛིན་པ་དེ་ཁྱོན་ཡོངས་ནས་གཏན་འགོག་བྱས་ན་བཟང་ངམ་ཁྲིད་སྟོན་ལུགས་མཐུན་རེ་བྱས་ན་འགྲིག ཡང་ན་བཙན་ཐབས་ཀྱིས་གཅུན་སྡོམ་དང་ཡང་ན་སྐབས་བསྟུན་གྱི་དོ་དམ་བྱེད་ཐབས་བཏོན་ན་འགྲིག དེ་དག་གང་ཞིག་སྤྱད་ན་སྐྱོན་ཡོན་འདོར་ལེན་བྱེད་ཐུབ་ཅེ་ན། དེ་ནི་སློབ་གྲྭ་དང་ཁྱིམ་བདག་གི་མཉམ་འབྲེལ་དམ་པོ་དང་ཕན་ཚུན་གཞོགས་འདེགས་ཀྱི་གནད་ལ་རག་ལས་ཡོད་པ་རེད།
       སློབ་སྐབས་གསར་པ་ཚོགས་ལ་ཉེ་ཞིང་། དགུན་གནང་གི་གུང་གསེང་མཇུག་རྫོགས་ལ་ཉེ་ན་ཡང་། ཁ་པར་ལ་མགོ་འཁོར་བའི་སློབ་མ་མང་པོ་ཞིག་གིས་རང་ཉིད་མི་འདོད་པའི་སྡུག་ལ་གཏད་འདུག ཤེས་གསལ་ལྟར་ན། ལོ་སར་གྱི་རྗེས་སུ་སྨན་ཁང་ཁག་གི་མིག་ནད་ཚན་ཁག་ཏུ་ཡོང་མཁན་ནད་པ་མང་ཤོས་བྱིས་པ་ཡིན་པ་དང་། ཀ་བ་རིམ་པ་གསུམ་པའི་སྨན་ཁང་ཞིག་གི་མིག་ནད་ཚན་ཁག་གི་ནད་པའི་ཁྲོད་ཀྱི65%ཡན་བྱིས་པ་རེད། དེ་ནི་དུས་རྒྱུན་གློག་རྡུལ་ཐོན་རྫས་ལ་ལྟ་རྒྱུ་མང་དྲག་པས་མིག་ནད་ཕོག་པ་རེད་ཟེར། གནས་ཚུལ་དེ་ལ་བརྟེན་ནས་སློབ་ར་ནས་ཁ་པར་གཏན་འགོག་བྱེད་དགོས་མིན་གྱི་གླེང་ཕྱོགས་ཤིག་ཡང་བསྐྱར་རྦ་རླབས་བཞིན་འཕྱུར།
       ཉེ་བའི་ལོ་འདི་དག་གི་རིང་ལ། དྲ་སྦྲེལ་འཕེལ་རྒྱས་ཀྱི་འདུ་འགོད་རབ་ཏུ་རྒོད་ཅིང་། རིག་ནུས་ཁ་པར་གྱི་བྱེད་ནུས་ཉིན་བཞིན་དར་ཁྱབ་ཆེན་པོ་འགྲོ་བའི་བབ་དང་བསྟུན་ནས་རིག་ནུས་ཁ་པར་ཞེས་པའི་དངོས་རྡོག་ཆུང་ཆུང་དེ་དེ་མ་ཐག་ཏུ་སློབ་མའི་ཚོགས་སུ་ཁྱབ་སྟེ། དེའི་ནང་གི་རོལ་རྩེད་ལ་མགོ་འཁོར་ཞིང་།སློབ་ཁྲིད་ལ་མི་ཉན་པ། ཐ་ན་སློབ་མ་གཞན་དག་གི་ཐོས་བསམ་ལ་བར་ཆད་བཟོ་མཁན་མང་པོ་བྱུང་བ་དང་། སློབ་མའི་མིག་གི་བདེ་ཐང་ལ་ཡང་ཐད་ཀར་གནོད་པ་ཐེབས་ནས་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་གི་ཡོད་པས། དོན་དམ་ཁྱོན་ཡོངས་ནས་གཏན་འགོག་བྱས་ན་བཟང་ངམ་སྐབས་བསྟུན་དོ་དམ་གྱི་བྱེད་ཐབས་བཏོན་ན་ལེགས་སམ་ཞེ་ན། གནད་དོན་དེ་མིའི་དབང་ཆ་དང་། སྒྲིག་ལམ། གཏན་འབེབས། གནས་ལུགས། གཞན་དབང་། རང་རྟོགས་སོགས་ལ་འབྲེལ་བའི་ཕྱིར། སློབ་གྲྭ་དང་ཁྱིམ་ཚང་། ཐ་ན་སྤྱི་ཚོགས་ཡོངས་ལ་རྙོག་དྲ་ཆེ་བའི་གླེང་གཞི་ཆེན་པོ་སྤྲད་ཡོད་པ་རེད། རྒྱལ་སྤྱིའི་ཐོག་དབྱིན་ཇི་དང་ཧྥ་རིན་སི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་འགའ་ཡིས་ཁྲིམས་སྲོལ་བཙུགས་ནས་ཚོད་ལྟ་བྱས་ཡོད་ན་ཡང་། ཐུན་མོང་གིས་དང་ལེན་ཐུབ་པའི་བྱེད་ཐབས་ཤིག་ད་དུང་རྙེད་མེད་ཚོད་རེད། དུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་བབ་བསྟུན་གྱི་ཁྲིད་སྟོན་བྱ་བའམ་མཐའ་གཅིག་ཏུ་གཏན་འགོག་བྱས་ན་ལེགས་པའི་བདམས་བྱ་དེ་ཡང་ཏག་ཏག་སློབ་གྲྭ་དང་དགེ་རྒན་གྱི་བསམ་བློ་དང་བློ་གྲོས་ལ་བརྟག་པའི་ཐབས་ཤེས་ལྟ་བུ་ཞིག་ཏུ་ཆགས་འདུག  
       གྲངས་ཀ་ཅན་འགྱུར་དང་རིག་ནུས་ཅན་འགྱུར་ནི་དུས་རབས་འདིའི་འཕེལ་ཕྱོགས་ཆེ་ཤོས་ཡིན་ན་ཡང་། མིའི་བློ་རིག་དང་འདབ་ལག་ཡོངས་སུ་མ་རྫོགས་པ། རང་གཅུན་གྱི་ནུས་པ་ཞན་པའི་སློབ་གྲྭ་ཆུང་འབྲིང་བ་རྣམས་ཀྱིས་རིག་ནུས་ཁ་པར་བཀོལ་ན་ཕན་པ་ལས་གནོད་ཆེ་བ་ཀུན་ཀྱིས་མཐོང་གསལ་རེད་དེ། དགེ་སྐྱོན་གྱི་ཆ་གླེང་ན། དྲ་སྦྲེལ་གྱི་གཉུག་མའི་བདག་པོ་ལྟ་བུ་རློམ་པའི་སློབ་མ་རྣམས་ཀྱིས་རིག་ནུས་ཁ་པར་ཐོག་ནས་འདྲི་རྩད་བྱེད་པར་སྟབས་བདེ་བོ་ཡོད་པ་མ་ཟད། སློབ་ཁྲིད་དང་། སློབ་སྦྱོང་། དཔྱད་ཞིབ། ཚད་ལེན་སོགས་ཀྱི་གོ་རིམ་ཆ་ཚང་ལ་དུས་ཐོག་ནས་ལན་སློག་ཅིང་གཞི་གྲངས་དབྱེ་ཞིབ་བྱེད་ཐུབ་པ། སློབ་ཁྲིད་ཀྱི་ཕན་ཕྱོད་ཇེ་ལེགས་སུ་འགྲོ་ཐུབ་པ། རང་གཤིས་ཅན་གྱི་སློབ་ཁྲིད་དང་སྣོད་བསྟུན་སློབ་ཁྲིད་དར་སྤེལ་དུ་གཏང་ཐུབ་པ་སོགས་ནི་དགེ་བའི་ཆ་ཡིན་པ་ཧ་ཅང་གསལ་མོད། དེ་ཡང་སློབ་མ་ཁ་ཅིག་ཁ་པར་ལ་མགོ་འཁོར་ཞིང་གཞན་དབང་ཁོ་ནའི་དབང་དུ་སོང་སྟེ་སློབ་རའི་ནང་གི“མགོ་སྒུར་བའི་རིགས”སུ་གྱུར་ཞིང་། རྣམ་གཡེང་དང་ལེ་ལོ་ཡི་དབང་དུ་གྱུར་ནས་རིག་པ་ནང་དུ་བསྡུ་མི་ཐུབ་པར་མ་ཟད། སློབ་ཁྲིད་ལ་བར་ཆད་དང་མིག་གི་མཐོང་ཤུགས། ལུས་སེམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་གྱི་ཡོད་པ། དེ་ལས་ཀྱང་ཚབས་ཆེ་བ་ནི་སློབ་མ་ལ་ལ་དྲ་རྒྱའི་འཇིག་རྟེན་ཁོ་ནར་མགོ་འཁོར་ནས་སེམས་ནད་ཕོག་ཅིང་། ལ་ལ་ཞིག་ཕྱིན་ཅི་ལོག་པའི་ནང་དོན་གྱི་ཤུགས་རྐྱེན་ཐེབས་ནས་ལོག་ལམ་དུ་སོང་བ་སོགས་ནི་སྐྱོན་ཆ་ཆེན་པོ་ལྡན་པ་ཡང་རང་བཞིན་གྱིས་རྟོགས་འོང་། 
       དེ་ལྟར་རིག་ནུས་ཁ་པར་གྱི་གནོད་པ་ཤེས་རྗེས། ན་ནིང་གི་ཟླ་བརྒྱད་པའི་ནང་དུ། སློབ་གསོ་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《ན་ཆུང་བྱིས་པའི་རྒྱང་སྒྲིབ་ནད་ཕྱོགས་བསྡུས་ཐོག་སྔོན་འགོག་དང་ཚོད་འཛིན་དགོས་པའི་ལག་བསྟར་ཇུས་གཞི》ཕྱོགས་ནས་བརྡ་ཐོ་ཞིག་བཏང་ལ། བརྡ་ཐོའི་ནང་དུ་སློབ་མས་སྒེར་གྱི་ཁ་པར་དང་། ལག་ཐོགས་ཀློག་ཀླད་སོགས་གློག་རྡུལ་ཐོན་རྫས་སློབ་ཁྲིད་ཀྱི་སྟེང་དུ་འཁྱེར་ཡོང་མི་ཆོག་པ་དང་། སློབ་གྲྭར་འཁྱེར་ཡོང་བའི་ཐོན་རྫས་དེ་རིགས་སློབ་གྲྭ་ནས་གཅིག་གྱུར་ཐོག་བདག་དོམ་བྱ་དགོས་པའི་བླང་བྱ་གསལ་པོ་བཏོན་འདུག དེ་མུར་ཧྲན་ཏུང་སོགས་ས་ཁུལ་གྱིས་ཀྱང་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཁ་པར་འཁྱེར་ནས་སློབ་གྲྭ་ཡོང་མི་ཆོག་པ་གཏན་འབེབས་བྱས་འདུག བྱེད་ཐབས་དེ་དག་གི་མཐར་ཐུག་གི་དམིགས་བྱ་ནི་ན་ཆུང་བྱིས་པ་རྣམས་ཀྱི་ལུས་སེམས་ཀྱི་བདེ་ཐང་སྲུང་བའི་ཆེད་ལ་འབད་པའི་ལས་ཤ་སྟག་རེད། དེ་དང་ཆབས་ཅིག་ཏུ། སྐྱོན་ཡོན་འདོར་ལེན་ཆ་ལ་སློབ་གྲྭ་དང་ཁྱིམ་བདག་ཕྱོགས་གཉིས་ཀྱིས་མཉམ་དུ་སྐབས་བསྟུན་གྱི་བྱེད་ཐབས་བཏོན་ནས་ཁྲིད་སྟོན་ཡག་པོ་བྱེད་དགོས་པ་དེ་རེད། 
       དེ་ཡང་ཕྱོགས་གཅིག་ནི། སློབ་གྲྭ་དང་དགེ་རྒན་གྱིས་སློབ་མ་སྒྲིག་འཛུགས་བྱས་ནས་གྲོས་སྡུར་དང་། བཀོལ་སྤྱོད་ཚད་ལྡན་སོགས་གཏན་འབེབས་བྱས་ནས་སློབ་མའི་གན་འཇོག་གི་སྙིང་སྟོབས་དང་། སློབ་མ་རང་བདག་གི་བསམ་གཞིགས། རང་བདག་དོ་དམ་སོགས་བྱེད་ཐུབ་པའི་ནང་སེམས་ཀྱི་བློ་མིག་ཀུན་ནས་བསླངས་ཏེ་སློབ་མ་སྐྱེད་སྲིང་བྱེད་དགོས་པ་དང་ཆབས་ཅིག དྲ་སྦྲེལ་སྟེགས་བུ་དང་། བཀོལ་སྤྱོད་སྒྲིག་རིམ་སྣ་ཚོགས་བཀོལ་ནས་སློབ་ཁྲིད་སྒྲིག་འཛུགས་དང་སློབ་ཁྲིད་ཐད་ཀྱི་སྐྱོན་འབྱིན་པ་དང་། སློབ་མའི་ཤེས་བྱ་ཐར་ཐོར་སྦྱོང་བར་རང་རྟོགས་ཀྱི་སྒོ་ནས་ཁྲིད་སྟོན་བྱེད་པ། དེའི་ཞོར་ལ་རང་གཤིས་ཅན་དུ་འགྱུར་བར་དོ་སྣང་བཅས་བྱས་ནས་སློབ་མའི་བློ་ཁ་དེ་དྲ་རྒྱའི་བདེ་ཐང་མིན་པའི་ཡུལ་བྱེད་ནས་ཕྱིར་འདྲེན་ཐུབ་དགོས།
       ཕྱོགས་གཞན་ནི། ཁྱིམ་བདག་གིས་རང་རང་གི་འགྲོ་འདུག་སྤྱོད་གསུམ་ཐད་ནས་ཁ་པར་བཀོལ་སྤྱོད་ལུགས་མཐུན་དང་འོས་འཚམ་རེ་བྱས་ནས་བྱིས་པའི་མིག་དཔེ་བྱེད་པ་དང་། ཁྱིམ་ཚང་གི་སློབ་གསོའི་ཁྲོད་ནས་ཁྱིམ་བདག་གིས་བྱིས་པ་གཅིག་པུ་མི་བསྐྱུར་བར་དེ་ལ་འདུག་རོགས་དང་།རྩེད་རོགས། སློབ་རོགས་བྱས་ནས་ལུས་སེམས་བདེ་ཐང་ངང་འཚར་ལོངས་དང་གཤིས་ཀ་བཟང་པོ་ཆགས་པའི་དགེ་གྲོགས་བཟང་པོའི་འབྲེལ་བ་འཛིན་རྒྱུ་ཧ་ཅང་གལ་ཆེ། དེ་དང་མཉམ་དུ་རྒྱ་ཆེའིAPPགསར་སྤེལ་མཁན་དང་དྲ་སྦྲེལ་སྟེགས་བུ་རྣམས་ཀྱིས་ཀྱང་འགན་འཁྲི་ཆེན་པོ་ཞིག་ངོས་ནས་ནང་དོན་སྤུས་ལེགས་ཤིང་། སློབ་མས་མཉེན་ཆས་དང་སྒྲིག་རིམ་སློབ་པར་སྤྲོ་བ་སྐྱེས་ཐུབ་པ་དང་ཕན་གོ་ཆོད་པ་ཞིག་མཁོ་འདོན་བྱ་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད།
       སློབ་གསོའི་དཀའ་གནད་ཀྱི་གནད་དེ་ནི་ཤོག་བུ་སྣུམ་གྱིས་ཟ་བ་དང་ཆུ་བོས་རྩི་ཤིང་གསོ་བ་ལྟར་དུ་འབྲས་བུ་རིམ་གྱིས་སྨིན་པ་ཞིག་ཡིན་ཕྱིར། སློབ་གསོའི་ངོས་ནས་སློབ་རའི་ནང་གི་རིག་ནུས་ཁ་པར་གྱི་གནད་དོན་ལ་བསམ་བློ་བཏང་ན། བྱེ་བྲག་གམ་ཆ་ཤས་ནས་གཏན་འགོག་བྱེད་པ་རྨང་གཞིར་བཟུང་ནས་ཐུགས་ཁུར་དྲོན་མོ་དང་ཐབས་བཀོལ་དོན་ལྡན་བཏོན་ཏེ། མི་རབས་ཕྱི་མ་འདིས་རིག་ནུས་ཅན་འགྱུར་གྱི་གྲངས་རིག་གིས་མ་འོངས་བར་དབང་སྒྱུར་བའི་འཛམ་གླིང་འདི་དང་ལེན་ཐུབ་པ་ཞིག་འཁྱོངས་དགོས་པ་མ་ཟད། གསལ་ཞིང་དྭངས་པའི་མིག་ཟུང་དང་བསམ་སྤྱོད་བཟང་པོ་ཞིག་ལྡན་དུ་འཇུག་དགོས་པ་དེ་རེད།
རྩོམ་སྒྲིག་པ། སྣང་རྡོ།