ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བོད་ཀྱི་རླུང་དར་སྐོར་ཅུང་ཟད་གླེང་བ།

སྤེལ་དུས 2018-11-27 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ཆ་ཕྲེང་ཟླ་བ།
〔ནང་དོན་གནད་བསྡུས།〕དཔྱད་རྩོམ་འདིར་གཙོ་ཆེར་《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ནང་བཏུས་པའི་བོན་གྱི་ཡིག་རྙིང་དུ་གྲགས་པའི་ཀླུང་རྟའི་ལེ་ཚན་དེ་དང་འབྱུང་རྩིས་ཀྱི་ཀླུང་རྡེལ་འབེབས་སྟངས་གཉིས་ཟུང་དུ་སྦྱར་ནས་རླུང་དར་གྱི་གོ་དོན་དང་དེའི་བྱུང་འཕེལ་གྱི་ལོ་རྒྱུས། དེའི་གྲུབ་ཚུལ་དང་འཕྱར་སྟབས། དེ་བཞིན་རླུང་དར་འཕྱར་བའི་ཚེ་བསམ་བློའི་འཁྱེར་སོ་གང་འདྲ་ཞིག་འཆང་དགོས་མིན་སྐོར་རགས་གླེང་བྱས་ཡོད།
〔བརྡ་ཆད་གཙོ་བ།〕རླུང་རྟ། ཀླུང་རྟ། འབྱུང་རྩིས། འཕྱར་སྟངས།
གླེང་གཞི།
          རླུང་དར་འཕྱར་བ་ནི་བོད་ཀྱི་དམངས་ཁྲོད་ཡུལ་གོམས་གཤིས་ལུགས་སུ་ཁྱབ་རྒྱ་ཆེ་བ་ཞིག་ཡིན། དེ་ཡང་གདོད་མའི་ཡུལ་ལྷ་གཞི་བདག་རྣམས་གནས་པའི་རི་མགོ་མཐོ་ས་དང་། ཤིང་ནགས། མཚོ་དང་མཚེའུ། ཆུ་བོ་སོགས་ལ་དར་ཚོན་སྣ་ལྔའམ། ཁ་བཏགས། ཅོད་པན། བལ་དཀར་གཙང་སོགས་འཕྱར་བའི་སྲོལ་རྒྱུན་ཡོད་ཅིང་། བོན་ལུགས་ཀྱི་རླུང་རྟ་﹙རྟ་མཆོག﹚དང་། ཞོགས་བསང་དགོང་འདོན་ཞེས་ཞོགས་པ་ལྷ་བསང་གཏོང་བ་དང་། དགོང་མོ་གསེར་སྐྱེམས་འདོན་པའི་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་དེ་ད་བར་ཉམས་པར་གནས་ཡོད།
          དེང་སྐབས་བོད་པ་མང་ཆེ་བས་གནས་བབས་ཀྱི་དངོས་པོའི་ཆ་རྐྱེན་ལེགས་པོ་དང་བསྟུན་ནས་འགྲོ་གྲོན་འབོར་ཆེན་བཏང་སྟེ་དཀའ་སྤྱད་སྙིང་རུས་ཀྱིས་རི་མགོ་མཐོ་ས་དང་། ཟམ་པ་ཆེ་ཆུང་། གནས་རི་སོགས་ལ་རས་ཤོག་གང་རུང་གི་རླུང་དར་སྣ་ཚོགས་འཕྱར་བཞིན་ཡོད་པ་དེས་བོད་ཡུལ་འདི་བཞིན་རླུང་དར་གྱི་རྒྱ་མཚོ་ལྟ་བུར་གྲུབ་པས་གནས་མཆོག་གངས་ལྗོངས་སུ་ལྗོངས་རྒྱུར་ཕེབས་པའི་ཡུལ་ལུང་གཞན་གྱི་སྐུ་མགྲོན་རྣམས་ལ་བརྗོད་ཐབས་བྲལ་བའི་མཛེས་ཆོས་རིག་པའི་ཚོར་སྣང་ཞིག་ངམ་ཤུགས་སུ་སྟེར་གྱི་ཡོད། དེས་ན་དགོས་དབང་གིས་འདིར་རླུང་དར་གྱི་གོ་དོན་དང་། དེའི་བྱུང་འཕེལ་གྱི་ལོ་རྒྱུས། དེ་དང་འབྱུང་རྩིས་དབར་གྱི་འབྲེལ་བ། དེའི་གྲུབ་ཚུལ་དང་འཕྱར་སྟངས། དེ་བཞིན་དུ་རླུང་དར་འཕྱར་བའི་ཚེ་བསམ་བློའི་འཁྱེར་སོ་གང་འདྲ་ཞིག་འཆང་དགོས་མིན་སོགས་ཀྱི་སྐོར་རོབ་ཙམ་གླེང་འདོད་པ་ལ།
དང་པོ། རླུང་དར་གྱི་གོ་དོན།
          མིག་སྔར་རླུང་དང་དང་། ཀླུང་རྟ། རླུང་རྟ་བཅས་ཀྱི་ཁྱད་པར་ལ་ཁ་ཚོན་གཅོད་ནུས་པའི་བཞེད་པ་ཞིག་མཐོང་ཐོས་མ་བྱུང་ཡང་། བདག་གིས་དུས་ཡུན་རིང་པོའི་ནང་དཔྱད་གཞི་དུ་མ་ཞིག་བཙལ་འཚོལ་བྱས་པ་དང་དེ་དག་ལ་དབྱེ་ཞིབ་ལན་མང་བྱས་པ་བརྒྱུད་ཐ་སྙད་དེ་གསུམ་དབར་ཁྱད་པར་ཅུང་ཟད་ཙམ་ཡོད་ཚུལ་ཤེས་རྟོགས་བྱུང་སྟེ། རླུང་དར་ནི་རས་དར་དང་ཤོག་བུ་རྐྱང་པའི་སྟེང་ལ་མཚན་གཟུངས་དང་། སྨོན་ཚིག རི་མོ་སོགས་བཀོད་ནས་རླུང་གིས་བསྐྱོད་ནུས་པའི་གནས་མཐོ་སར་འཕྱར་བའི་དབྱིབས་དང་ཁ་དོག་ཅན་གྱི་བེམ་པོའི་རིགས་ཤིག་ཡིན་པ་དང་། དེ་ལ་ནམ་རྒྱུན་དུ་དར་ལྕོག་ཀྱང་ཟེར། མདུང་དར་དང་རུ་དར་ཡང་དེའི་ནང་གསེས་ཤིག་ཡིན་པར་སེམས། ཀླུང་རྟ་སྟེ་“ཀླུང་ནི་འབྱུང་བ་ནམ་མཁའི་ཁམས་མཚོན་པ་སྟེ། ཡོངས་ཁྱབ་པའམ་ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན། རྟ་ནི་སྤྱང་ཤེས་རྟ་ལ་དཔེ་མཚོན་པ་སྟེ། དེའང་འབྱུང་བ་ལྔའི་ཁམས་ལ་བརྟེན་པ་ཐམས་ཅད་མི་མཐུན་པ་ནས་མཐུན་པར་བགྲོད་པ་དང་། ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ་དང་། རྐྱེན་ཆགས་ངན་པ་ནས་ཕུན་སུམ་ཚོགས་པར་བགྲོད་པ་དང་། བགྲོད་པ་ཙམ་དུ་མ་ཟད་མྱུར་བ་ཉིད་དུ་བགྲོད་པ་སོགས་ཀྱི་དོན་དུ་ངེས་པ་ཡིན”ཞེས་གསུངས་པ་ལྟར་ལམ་འགྲོའི་དོན་དུ་ངེས་པ་ཡིན། རླུང་རྟ་ནི་ཤོག་བུའམ་རས་དར་གྱི་དཀྱིལ་ལ་“སྒལ་སྟེང་དུ་ཡིད་བཞིན་ནོར་བུ་བཀལ་བའི་རྟ་མཆོག་”གི་རི་མོ་བཀོད་ཡོད་པའི་བོན་ལུགས་ཀྱི་རླུང་དར་གྱི་རིགས་སྔ་ཤོས་ཤིག་ཡིན། གང་ལྟར་ངག་རྒྱུན་དུ་རླུང་དར་སྤྱི་ལ་རླུང་རྟའམ་རྟ་མཆོག་ཅེས་བྱེ་བྲག་གི་མིང་སྤྱི་ལ་འདོགས་སྲོལ་བྱུང་བ་དང་། བོད་ཀྱི་ཡུལ་ལུང་ཁ་ཤས་སུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱུན་འཕྱར་སྲོལ་ཤུགས་ཆེར་དར་བས་རླུང་དར་སྤྱི་ལ་རྒྱལ་མཚན་རྩེ་མོའམ་དཔུང་རྒྱན་ཞེས་པའི་ཐ་སྙད་ཐོགས་པའང་ཡོད།
གཉིས་པ། རླུང་དར་གྱི་བྱུང་འཕེལ་ལོ་རྒྱུས།
          རླུང་དར་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་ལ་བཞེད་པ་མི་འདྲ་བ་དུ་མ་ཡོད་ཀྱང་ཡོངས་གྲགས་སུ་བོད་ཀྱི་གནའ་སྲོལ་ཏེ་གདོད་མའི་ཆོས་ལུགས་ཀྱི་ཡུལ་ལྷ་གཞི་བདག་མཆོད་སྲོལ་དང་དུས་མཉམ་དུ་བྱུང་བར་འདོད།
          ནམ་མཁའི་ནོར་བུས་བོན་གྱི་ཤེས་པ་ཅན་མི་བཅུ་གཉིས་ངོས་སྦྱོར་གནང་བའི་སྐབས་སུ་ཀླུང་རྟའི་ཆོ་ག་དེ་གཡང་ཤེས་ཕྱྭ་བོན་དང་སྦྱར་ནས་གསུངས་ཡོད་པར་དཔགས་ན་རླུང་རྟའམ་རྟ་མཆོག་རས་ཤོག་སོགས་ཀྱི་སྟེང་དུ་དཔར་བཏབ་ནས་འཕྱར་བའི་སྲོལ་ནི་གཉའ་ཁྲི་བཙན་པོའི་དུས་ནས་དར་ཟིན་པ་རྟོགས་ཐུབ་ལ་རྒྱལ་པོ་གཉའ་ཁྲི་བཙན་པོ་ཐོག་མར་“ཡར་ཀླུངས་ཀྱི་གངས་རི་ཡར་ལྷ་ཤམ་པོའི་ལྷ་རི་རོལ་བའི་རྩེར་གཤེགས་ཏེ་དེ་ནས་བཙན་ཐང་སྒོ་བཞིར་བྱོན་པ་མི་བཅུ་གཉིས་﹙ཡུལ་ལྷ་མཆོད་མི་﹚ཀྱིས་མཐོང་སྟེ་སུ་ཡིན་གང་ནས་བྱོན་ཞེས་དྲིས”ཞེས་གསལ་བའི་མི་བཅུ་གཉིས་དེ་ཡུལ་ལྷ་མཆོད་མི་ཡིན་པའི་དབང་དུ་བཏང་ན་རླུང་རྟ་སྒྲེང་སྲོལ་ཡང་གཉའ་ཁྲི་བཙན་པོའི་གོང་ནས་བྱུང་ཟིན་པར་བརྗོད་ཆོག
          རླུང་དར་གྱི་ཟུར་བཞིར་བཀོད་པའི་སྟག་སེང་ཁྱུང་འབྲག་ནི་“འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ་དང་། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་”ཞེས་སྟག་སེང་ཁྱུང་འབྲུག་གི་རི་མོས་འབྱུང་བ་མཚོན་ཚུལ་ལ་བརྟགས་ན། རླུང་དར་གྱི་ཁུངས་ནི་འབྱུང་བ་མཚོན་ཚུལ་ལ་བརྟགས་ན། རླུང་དར་གྱི་ཁུངས་ནི་འབྱུང་བ་བརྩི་སྲོལ་ལ་གཏུག་ཆོག་པ་དང་། དེ་ཡང་“གཤེན་རབ་མི་བོ་ཆེ་འཁྲུངས་པའི་སྐབས་ན་འབྱུང་རྩིས་བརྩི་སྲོལ་ཡོད་པ་གསལ་པོ་ཡིན”པ་དེ་ལས་རླུང་རྟའི་འབྱུང་ཁུངས་ཀྱང་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་སྐབས་དེ་ཤེད་ལ་གཏུག་རྒྱུ་ཡོད་ཚོད་འདུག
          གཞན་ཡང་། 《རྒྱལ་རབས་དེབ་ཐེར་དཀར་པོ་》ལས། “འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད་” ཅེས་རླུང་དར་གྱི་ཐོག་མར་ནི་རུ་དར་ཡིན་པ་དང་། དེ་རྗེས་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་དར་ལྕོག་ཏུ་འགྱུར་བར་གསུངས། དེ་ལ་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ན། ཆོས་ལུགས་སོགས་སྟེང་གི་བཀོད་པའི་སྔོན་འགྲོ་ནི་སྤྱི་ཚོགས་འཚོ་བའི་དཔལ་འབྱོར་གྱི་རྨང་གཞི་དེ་ཡིན་པས། འགྲོ་བ་མིའི་སྤྱི་ཚོགས་སུ་བསམ་བློའི་ཆོས་ལུགས་མ་བྱུང་གོང་འཚོ་གནས་ཀྱི་དོན་དུ་ཐོག་མར་རང་བྱུང་ཁམས་ཀྱི་གཅན་གཟན་རི་དྭགས་གཏུམ་པོའི་རིགས་དང་འཐབ་པ་ནས་རིམ་བཞིན་འགྲོ་བ་མི་ཕན་ཚུན་དབར་འཁོན་འགྲས་དགྲ་ལངས་ཀྱིས་ཀི་འུར་སྒྲའི་ཟིལ་རྔམ་ཁྲོད་ནས་མཚོན་ཆ་རྣོ་རྟུལ་ཅི་རིགས་བེད་སྤྱོད་དང་སྦྲགས་གཡུལ་འཐབ་ཅུང་ཛ་དྲག་པ་དང་རྒྱ་ཆེ་བའི་སྐབས་སུ་དཔུང་ཁག་ཕན་ཚུན་དབྱེ་བ་འབྱེད་པའམ་སོ་སོའི་ཟིལ་ཤུགས་མཚོན་པའི་ཆེད་དུ། ལུས་སམ་མཚོན་ཆར་པགས་རིགས་སམ་དར་ཚོན་མི་འདྲ་བ་བཏགས་པས་ཕྱིས་མདུང་དར་རམ་རུ་དར་དུ་འཕེལ་འགྱུར་བྱུང་བ་ཡིན། གང་ལྟར་ཁོ་བོའི་བསམ་པར་མཚོན་ཆ་ལ་པགས་པའམ་དར་ཚོན་གྱིས་བརྒྱན་ནས་ཕས་རྒོལ་དང་དབྱེ་བ་འབྱེད་པའི་རང་རྟགས་དེ་གཏན་འཇགས་སུ་ཕྱིན་ནས་རིམ་བཞིན་དེང་སང་གི་རྒྱལ་ཁབ་དང་། ས་གནས་སོ་སོ་མཚོན་བྱེད་ཀྱི་དར་ཆར་འགྱུར་བའི་རིགས་པ་དེའང་བོད་ཀྱི་རླུང་དར་འབྱུང་རྐྱེན་དང་འབྲེལ་བ་ཤིན་ཏུ་ཆེ་བར་སྙམ་ནས་འདིར་དཔྱད་གཞིའི་ཚུལ་དུ་བཀོད་པ་ཡིན།
          ཕྱིས་སུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་བོན་གྱི་རླུང་རྟའམ་བཙུན་པོའི་དུས་ཀྱི་མདུང་དར་ལ་གཞི་བྱས་ནས་རང་ལུགས་ཀྱི་རླུང་དར་འཕྱར་སྲོལ་ཞིག་བཏོད་ཡོད་པ་དེ་ལ་དགོས་དོན་དང་ཁུངས་ལུང་ངེས་ཅན་ཞིག་ཡོད་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་《འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུགས་》﹙བསྡུས་མིང་ལ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནམ་དཔུང་རྒྱན་ཞེས་བྱ་﹚ཞེས་པའི་ནང་དོན་ལས་རྟོགས་ཐུབ་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་《རྒྱལ་མཚན་རྩེ་མོའི་དཔུང་རྒྱན》ཞེས་པའི་རྩོམ་ཐུང་དེའི་ནང་དོན་ཡང་ལྷ་རྣམས་ལྷ་མ་ཡིན་ལས་རྒྱལ་བའི་ཆེད་དུ་ཡིན་ཚུལ་སོགས་གསལ་བར་བཀོད་ཡོད་པ་དང་། ཁྱད་པར་“འདི་གཞན་ལ་ཡང་དག་པར་རྒྱ་ཆེར་བཤད་ཐུབ་ན་གཡུལ་སྤྲོད་པའམ།……གང་དུ་འགྲོ་ཡང་རུང་སྟེ། མི་འཇིགས་ཤིང་། ཐམས་ཅད་དུ་རྒྱལ་བར་འགྱུར་རོ་”ཞེས་གསུངས་པས། དེ་དང་རླུང་རྟའི་ཆོ་ག་གཉིས་ཀྱི་དགོས་དོན་གཅིག་ཏུ་གནས་ཡོད། སྤྱིར་ནང་པ་སངས་རྒྱས་པས་ཆོས་སྒྲ་དེ་མི་དང་མི་མ་ཡིན་པའི་སེམས་ཅན་ཚང་མར་གོ་བར་བྱ་རྒྱུ་འདི་ཧ་ཅང་གལ་ཆེ་བ་དང་ཕན་ཆེ་བའི་གནད་དམ་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། ཆོས་སྒྲ་གཞན་ལ་གོ་བར་བྱེད་པའི་ཐབས་སུ་མིས་ཁ་ནས་སྒྲོག་པ་དང་། ས་ཆུ་མེ་རླུང་དང་ནམ་མཁའ་སོགས་འབྱུང་བ་ལ་བཅོལ་ནས་སྒྲོག་པ་སོགས་སྣ་ཚོགས་ཡོད་པ་ལས། 《རྒྱལ་མཚན་རྩེ་མོའི་དཔུང་རྒྱན་》འདི་ཤོག་བུའམ་དར་རས་སོགས་ལ་བཀོད་དེ་རླུང་གི་ནུས་པར་བརྟེན་ནས་ཀླུ་གཉན་ས་བདག་སོགས་སེམས་ཅན་གཞན་ལ་གོ་བར་བྱེད་པ་མ་ཟད། “རྒྱལ་མཚན་གྱི་རྩེ་མོའམ་མགུལ་དུ་བཏགས་ན་སྐྱེས་བུ་དཔའ་བོ་ཐམས་ཅད་སྲུང་བ་དང་། ……ཕ་རོལ་པོའི་སྡེ་སྤ་གོང་བར་བྱེད་པ། ……དཔལ་དང་ཕུན་སུམ་ཚོགས་པ་ཀུན་ཏུ་གནས་པར་བྱེད་པ་”སོགས་ཀྱི་ནུས་པ་ཡོད་པར་ངོས་འཛིན་བྱེད། བཤད་སྲོལ་དེ་རིགས་བཀའ་བསྟན་འགྱུར་སོགས་སངས་རྒྱས་ཆོས་ལུགས་པའི་གཞུང་ནང་ཤིན་ཏུ་མང་བ་དང་། མཚན་གཟུངས་དང་ཤིས་ཚིག་དག་རས་སམ་ཤོག་བུའི་སྟེང་དུ་བཀོད་ནས་རླུང་དར་འཕྱར་བ་དང་སྐེ་ལ་འདོགས་པ་སོགས་ཀྱི་ཆོ་ག་ཕྱག་ལེན་བྱེད་སྲོལ་ཡོད་པ་དེས་སངས་རྒྱས་ཆོས་ལུགས་རང་ལ་ལུང་རིགས་ཀྱི་ཁུངས་ལུང་སྟོན་རྒྱུ་ཡོད་པ་གང་ལེགས་མཚོན་ཐུབ་པ་དང་། དེ་བཞིན་སྟོན་པ་བྱུང་ཆུང་སྙིང་པོར་གཤེགས་པའི་ཚེ་ཡང་ལྷ་རྣམས་ཀྱིས་རིན་པོ་ཆེའི་དྲ་བ་བྲེས་པ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ལེགས་པར་བརྒྱན་ནས་ཕེབས་བསུ་བྱེད་ཚུལ་ལས་ཀྱང་། རྒྱལ་མཚན་དང་བ་དན་ནི་རླུང་དར་དང་འབྲེལ་བ་ཧ་ཅང་ཆེ་བ་ཡོད་ཚུལ་རྟོགས་ནུས་ཏེ། འབྱུང་རྩིས་ལ་རྒྱུས་མངའ་ཅུང་ཟད་ཡོད་མཁན་ཀུན་གྱིས་མཁྱེན་གསལ་ལྟར། རླུང་དར་འཕྱར་དོན་ནི་སྲོག་ལུས་དབང་ཀླུང་བཞི་ལས་ཀླུང་རྟ་ཡར་སྐྱེད་བར་བྱེད་པའི་ཆེད་དུ་ཡིན་ཏེ། དགྲ་འདྲེའི་གནོད་པ་འགོག་པ་དང་རྩོད་པའམ་གཡུལ་འགྱེད་ལས་རྣམ་པར་རྒྱལ་བའི་ཆོ་ག་ཞིག་ཡིན་པས་བཀྲ་ཤིས་རྟགས་བརྒྱད་ཀྱི་རྒྱལ་མཚན་དང་མཚོན་དོན་གཅིག་མཚུངས་སུ་སྣང་། བ་དན་ནི་དེང་སང་རྩིས་གཞུང་དང་དམངས་ཁྲོད་དུ་རླུང་དར་དང་། དོན་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། སངས་རྒྱས་ཆོས་ལུགས་པའི་རླུང་དར་འཕྱར་སྲོལ་ལ་རྐང་པ་རང་ཚུགས་ནུས་པའི་རང་གི་ལུང་རིགས་བསྒྲུབ་རྒྱུ་ཡོད་པ་མཐོང་ཐུབ།
          དེས་ན་ཁོ་བོའི་བསམ་པར། བོད་ཀྱི་གནའ་ལུགས་ཀྱི་རླུང་རྟ་དང་། གཡུལ་ཐོག་གི་མདུང་དར། སངས་རྒྱས་ཆོལ་ལུགས་ཀྱི་རྒྱལ་མཚན་རྩེ་མོ་བཅས་གསུམ་པོ་ནི་རླུང་དར་གྱི་བྱེ་བྲག་ཅིག་ཡིན་པ་ལ་དར་སྔ་ཕྱིའི་ཁྱད་པར་ཙམ་་ལས་གཅིག་ཁུངས་གཅིག་ཏུ་འདུ་ནུས་ཞེས་ཁ་ཚོན་གཅོད་ཁག་པོ་རེད་སྙམ། འོན་ཀྱང་དེ་དག་ཕན་ཚུན་དབར་ཐོག་མ་ཉིད་ནས་བསམ་ཡུལ་ལས་འདས་པའི་གཞི་མཐུན་པའི་ཆ་དུ་མ་ཞིག་ཡོད་ངེས་ལ་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཕན་ཚུན་ལེགས་ཆ་སྤེལ་རེས་ཀྱིས་ཡར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་ནི་ཆོས་ཉིད་ཡིན།
གསུམ་པ། རླུང་དར་དང་འབྱུང་རྩིས་དབར་གྱི་འབྲེལ་བ།
          བོད་ཀྱི་གནའ་བོའི་ཤེས་པ་ཅན་བཅུ་གཉིས་ཀྱི་ཡ་གྱལ་མགོན་ཤེས་ལྷ་བོན་དང་འབྲེལ་བའི་སྒྲ་བླའི་སྐོར་དང་། གཡང་ཤེས་ཕྱྭ་བོན་གྱི་འགོ་བའི་ལྷ་ལྔ་དང་ཀླུང་རྟ། ཕྱྭ་གཡང་གི་སྐོར། འགྲོ་ཤེས་གླུད་འདོན་གྱི་མདོས་དང་གླུད་ཀྱི་སྐོར། འདུར་ཤེས་སྲིད་གཤེན་གྱི་ཤི་ཐབས་དང་། བླ་བསླུ། འདུར་ཐབས། གཤེར་འདུར་གྱི་སྐོར། གཙང་ཤེས་སེལ་འདེབས་ཀྱི་སེལ་དང་བསང་། བག་མའི་སྐོར། འགྲོས་ཤེས་གཏད་བྱད་ཀྱི་ཀླུ་གཉན་ས་བདག་གི་སྐོར། ཕན་ཤེས་རྩིས་མཁན་གྱི་སྨེ་བ་དང་། སྤར་ཁ་སོགས་ཀྱི་སྐོར། སྨྲང་ཤེས་གཏོ་དགུའི་ཀག་ཉེན་བཟློག་པ་དང་རྟེན་འབྲེལ་སྲིད་པའི་རྩིས་གཏོའི་སྐོར། ལྡིང་ཤེས་ཤ་བའི་མདོས་ཀྱི་སྐོར་སོགས་ཤེས་པ་ཅན་མང་ཆེ་བའི་ཤེས་བྱ་ཁག་ལ་དཔྱད་ན་ཤེས་བྱ་དེ་དག་ཕལ་ཆེ་བ་དེང་སང་གི་འབྱུང་རྩིས་ཀྱི་ཁོངས་སུ་འདུ་ནུས་པ་དང་། རླུང་དར་འཕྱང་བ་ཡང་གོང་གསལ་འབྱུང་རྩིས་ཀྱི་གཞི་དོན་ལྟར་སྲོག་ལུས་དབང་ཀླུང་བཞི་ལས་གཙོ་ཆེར་ཀླུང་རྟ་ཡར་སྐྱེད་ཡོང་བའི་ཐབས་སམ་ཆོ་ག་ཞིག་ཡིན་པ་རྟོགས་ཐུབ། དེས་ན་མཁའི་ནོར་བུའི་གསུང་རྩོམ་དུ་བཀོད་པའི་དཔྱད་གཞི་《ཀླུང་རྟའི་གསོལ་ཁ་དགེ་ལེགས་ཀུན་སྩོལ་》དང་འབྱུང་རྩིས་ལུགས་ཀྱི་ལོ་ཁམས་སོ་སོའི་ཀླུང་རྟའི་ཁམས་འབེབས་སྟངས་ཟུང་དུ་སྦྱར་ནས་དབྱེ་ཞིབ་བྱེད་སྐབས། དེ་གཉིས་དབར་མཐུན་པའི་ཆ་མང་པོ་ཡོད་ཚུལ་མཐོང་ཐུབ་སྟེ། 《ཀླུང་རྟའི་གསོལ་ཁ་དགེ་ལེགས་ཀུན་སྩོལ་》ལས། “ལྕགས་ཀྱི་མི་ཕོ་དཀར་པོ་ཡི།། ཕྱག་གཡས་ལྕགས་ཀྱི་མདུང་དར་བསྣམས།། ཆིབས་སུ་སྟག་རྟ་ཁྱི་གསུམ་ཆིབས།། སྲིད་གསུམ་ཡོངས་ལ་ཁྱབ་པར་བྱེད།། ཕྱག་བརྙན་བྱ་སྤྲེལ་མགོ་བོ་ཅན།། ཡང་སྤྲུལ་གྲི་བདུད་སྤྲུལ་པ་འགྱེད།། ནུབ་ཕྱོགས་རླུང་རྟའི་བདག་པོ་སྟེ།།……”ཞེས་གསུངས་པའི་མཚོན་དོན་ནི་ཧ་ལམ་《འབྱུང་རྩིས་ཨུཏྤལ་སྔོན་པོ་》ཡི་ནང་འཁོད་“སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས”ཞེས་པའི་ཚིག་རྐང་གཅིག་དེའི་ནང་དོན་དང་གཅིག་མཚུངས་སུ་སྣང་། དེ་ཡང་ལོ་རྟགས་སྟག་རྟ་ཁྱི་གསུམ་གྱི་ཀླུང་ཁམས་ནི་དཀར་པོ་ལྕགས་ཡིན་པ་དང་། ལྕགས་ཁམས་སྲིད་པའི་རུས་སྦལ་གྱི་ནུབ་ཕྱོགས་ལ་ཡོད་ཚུལ་བཅས་གསལ་པོར་བསྟན་ཡོད་པས་སོ། དེ་བཞིན་《ཀླུང་རྟའི་གསོལ་ཁ་དགེ་ལེགས་ཀུན་སྩོལ་》ལས་“ཀླུང་ཁྲི་དགུ་འབུམ་འཁོར་བཅས་ལ།། ཤིང་སྣ་ལྔ་ཡི་དུད་པས་བསང་།། འབྲུ་བཅུད་བཤོས་གཙང་མཆོད་པ་འབུལ།།”ཞེས་པ་ཀླུང་རྟའི་ལྷ་ཚོགས་འཁོར་བཅས་ལ་བསང་ལོ་ཤིང་རིགས་སྣ་ལྔ་དང་བསང་རྫས་འབྲུ་རིགས་སྣ་ལྔ་འཛོམས་པའི་དུད་བསང་གཙང་མའི་མཆོད་པ་འབུལ་དགོས་ཚུལ་བསྟན་པ་དང་། “མདུང་དར་སེར་པོ་རྟེན་དུ་བཙུག”ཅེས་པས་འབྱུང་ཁམས་ལྕགས་ཀྱི་མ་ནི་ས་ཁམས་ཡིན་པས་ཀླུང་ཁམས་ལྕགས་ཅན་གྱི་གང་ཟག་གིས་རླུང་དར་གྱི་གཞི་མདོག་སེར་པོ་འཛུགས་དགོས་པའི་གནས་ལུགས་བསྟན་པ། “ཀླུང་ལྷ་སྐྱེས་ལ་སྙན་པ་སྒྲོགས།། མི་མཐུན་ཀླུང་འདི་མཐུན་པར་སྒྲུབས།།”ཞེས་པས་ཀླུང་ལྷ་ཐུགས་མཉེས་པའི་ཤིས་ཚིག་དང་ཀླུང་རྟའི་འབྱུང་ཁམས་གུད་པ་དང་མི་མཐུན་པ་སོགས་ཀྱང་ཡར་བསྐྱེད་ཅིང་མཐུན་པར་གྱུར་པའི་སྨོན་ཚིག་འདོན་དགོས་པའི་དོན་བསྟན་ཡོད། དེས་ན་འབྱུང་ཁམས་མཐུན་མི་མཐུན་ཞེས་པ་ནི་འབྱུང་ཁམས་ཕན་ཚུན་གྱི་འཐབ་འབྲས་དེ་མ་དང་གྲོགས་འཕྲད་ན་མཐུན་ཞིང་བཟང་བར་བརྩི་བ་དང་། བུ་དང་དགྲ་འཕྲད་ན་མི་མཐུན་པ་ངན་པར་བཤད་སྲོལ་ཡོད། གཞན་ཡང་“རླུང་རྟ་ལྷ་ཡི་སྲས་པོ་ནི།། ཟངས་ཀྱི་མི་ཕོ་དམར་པོ་ནི།། ཕྱག་ན་ཟངས་ཀྱི་མདུང་དར་བསྣམས།། ཆིབས་སུ་ཕག་ལུག་ཡོས་གསུམ་ཆིབས།། སྲིད་གསུམ་འབྱུང་བ་ཀུན་གྱི་བདག། ཕྱག་བརྙན་སྦྲུལ་གྲི་མགོ་བོ་ཅན།། ཡང་སྤྲུལ་གྲི་བཙན་ཤ་བའི་མགོ། ལྷོ་ཕྱོགས་རླུང་རྟའི་བདག་པོ་སྟེ།།”ཞེས་པའི་ཚིག་རྐང་གཅིག་དེའི་ནང་དོན་དང་གཅིག་མཚུངས་སུ་སྣང་སྟེ། ལོ་རྟགས་ཕག་ལུག་ཡོས་གསུམ་གྱི་ཀླུང་ཁམས་དམར་པོ་མེ་ཡིན་པ་དང་། མེ་ཁམས་སྲིད་པའི་རུས་སྦལ་གྱི་ལྷོ་ཕྱོགས་ལ་གནས་པ་བཅས་བསྟན་པས་ཡིན། “མདུང་དར་ལྗང་ཁུ་རྟེན་དུ་བཙུགས།”ཅེས་པས་མེ་མ་ཤིང་ཡིན་པས་ཀླུང་ཁམས་མེ་ཅན་གྱི་གང་ཟག་གིས་རླུང་དར་གྱི་གཞི་མདོགལྗང་ཁུ་འཛུགས་དགོས་པ་བསྟན་ཡོད།
          “ཀླུང་རྟ་ལྷ་ཡི་སྲས་པོ་ནི།། ཤིང་གི་མི་ཕོ་ལྗང་ཁུ་ནི།། ཕྱག་ན་མདུང་དར་ལྗང་ཁུ་བསྣམས།། ཆིབས་སུ་བྱི་འབྲུག་སྦྲེལ་གསུམ་ཆིབས།། སྲིད་པ་ཡོངས་ལ་ཁྱབ་པར་བྱེད།། ཕྱག་བརྙན་སྟག་གི་མགོ་བོ་ཅན།། ཡང་སྤྲུལ་ས་བདག་ཆུ་སྲིན་གདོང་།། ཤར་ཕྱོགས་ཀླུང་རྟའི་བདག་པོ་སྟེ།”ཞེས་པའི་དོན་ནི་“བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་།”ཞེས་པ་དང་མཚུངས་ཏེ། ལོ་རྟགས་བྱི་འབྲུག་སྤྲེལ་གསུམ་གྱི་ཀླུང་ཁམས་ལྗང་ཁུ་ཤིང་ནི་ཤར་ཕྱོགས་ལ་ཡོད་པ་བསྟན། ལྷ་བསང་གཏོང་རྒྱུ་དང་ཤིས་ཚིག་བརྗོད་རྒྱུ་གོང་དང་མཚུངས། “མདུང་དར་སྔོན་པོ་རྟེན་དུ་བཙུག།”ཅེས་པས་ཤིང་མ་ཆུ་ཡིན་པས་ཀླུང་ཁམས་ཤིང་ཅན་གྱི་གང་ཟག་གིས་རླུང་དར་གྱི་གཞོ་མདོག་སྔོན་པོའམ་ནག་པོ་འཛུགས་དགོས་པ་བསྟན་ཡོད།
          “ཀླུང་རྟ་ལྷ་ཡི་སྲས་པོ་ནི།། ཆུ་ཡི་མི་ཕོ་སྔོན་པོ་ནི།། ཕྱག་ན་མདུང་དར་སྔོན་པོ་བསྣམས།། ཆིབས་སུ་བྱ་གླང་སྦྲུལ་གསུམ་ཆིབས།། སྲིད་པ་ཡོངས་ལ་ཁྱབ་པར་བྱེད།། ཕྱག་བརྙན་ཕག་གི་མགོ་བོ་ཅན།། བདུད་ཁམས་སྲིད་པ་ཡོངས་ཀྱི་བདག། ས་བདག་ས་བསེན་སྤྲུལ་པ་འགྱེད།། བྱང་ཕྱོགས་ཀླུང་རྟའི་བདག་པོ་སྟེ།།”ཞེས་པ་ནི་“བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ།”ཞེས་ལོ་རྟགས་བྱ་གླང་སྦྲུལ་གསུམ་གྱི་ཀླུང་ཁམས་སྔོན་ནག་ཆུ་ཁམས་བྱང་ཕྱོགས་ལ་ཡོད་པ་བསྟན། མདུང་དར་གང་འཛུགས་དགོས་མིན་བཀོད་མེད་པ་ཆད་ལུས་སུ་སོང་བར་བསམས་ནས་འདིར་པིར་འཛིན་པས་ཁ་གསབ་ཞུས་ན་“མདུང་དར་དཀར་པོ་རྟེན་དུ་བཙུགས།”ཅེས་ཆུ་མ་ལྕགས་ཡིན་པས་ཀླུང་ཁམས་ཆུ་ཅན་གྱི་གང་ཟག་གིས་རླུང་དར་གྱི་གཞི་མདོག་དཔར་པོ་འཛུགས་དགོས་པ་བསྟན་པར་སྙམ།
          “བསོད་ནམས་དཔལ་གྱི་དར་ཆེན་འཕྱོར།། སྙན་གྲགས་བྱ་རྒོད་ལྡེམ་འཕྲུ་བཙུག། ཀླུང་འདི་སྲིད་གསུམ་འབྲུག་ལྟར་གྲགས།།”ཞེས་བསོད་ནམས་དང་དཔལ་གཡང་འཁོར་བའི་དར་ཆེན་ནམ་རླུང་དར་འཕྱར་ནས་ཀླུང་རྟ་ཡར་སྐྱེད་བར་བྱ་དགོས་ཚུལ་དང་། “ཀླུང་རྟ་ལྕགས་ཀྱི་མི་ཕོ་ལ།། ས་ཡི་དཔའ་དར་ལྡེམ་འཕྲུ་བཙུག། ཀླུང་གི་ལྷ་རྣམས་རྟེན་ལ་བྱོན།། ཀླུང་རྟ་ཟངས་ཀྱི་མི་ཕོ་ལ།། ཤིང་ཐོག་འཕན་དར་ལྡེམ་འཕྲུ་བཙུག། ཀླུང་གི་ལྷ་གསུམ་རྟེན་ལ་བྱོན།། ཀླུང་རྟ་ཤིང་གི་མི་ཕོ་ལ།། ཆུ་དར་སྔོན་པོའི་ལྡེམ་འཕྲུ་བཙུག། ཀླུང་གི་ལྷ་གསུམ་རྟེན་ལ་བྱོན།། ཀླུང་རྟ་ཆུ་ཡི་མི་ཕོ་ལ།། དཀར་པོ་དུང་གི་ལྡེམ་འཕྲུ་བཙུག། ཀླུང་གི་ལྷ་གསུམ་རྟེན་ལ་བྱོན།། ཀླུང་གི་ཕྱག་བརྙན་སྤྲུལ་པ་བཞི།། སྟག་སྤྲེལ་ཕག་སྦྲུལ་སྲིད་པའི་ལྷ།། ལྷ་རྫས་བཞི་པོའི་རྟེན་ལ་བྱོན།། མི་མཐུན་ཀླུང་འདི་མཐུན་པར་སྒྲུབས།།། བསོད་ནམས་རྒྱལ་མཚན་དར་ཆེན་ཕྱོར།། བསམ་པ་སྒྲུབས་ལ་སྙན་པ་སྒྲོགས།། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།”ཞེས་དཔེར་ན། ཀླུང་ཁམས་ལྕགས་ཀྱི་མི་དེས་རླུང་དར་གྱི་ཚོས་གཞི་སེར་པོ་ས་ཡི་མདོག་ཁ་བྱེད་དགོས་པ་དང་། ཀླུང་ཁམས་ས་ཡིན་པའི་གང་ཟག་དེས་རླུང་དར་གྱི་ཚོས་གཞི་དམར་པོ་མེ་ཡི་མདོག་ཁ་བྱེད་དགོས་པ་སོགས་ཀུན་ལ་རིགས་འགྲེའོ།
          མདོར་ན་རླུང་དར་ནི་འབྱུང་རྩིས་ནས་བཏོན་པའི་ཆོ་ག་ཞིག་ཡིན་ལ། ཐ་ན་བོན་ཀྱི་ཤེས་པ་ཅན་བཅུ་གཉིས་ཀྱི་ཤེས་བྱ་ཕལ་ཆེ་བའང་འབྱུང་རྩིས་ཀྱི་ཁུངས་སུ་འདུས་ཡོད་པས། འབྱུང་རྩིས་འདི་གནའ་སྔ་མོའི་མི་རྣམས་རང་བྱུང་ཁམས་སུ་འཚོ་རྟེན་བྱེད་ཐབས་ཀྱི་ཚན་རིག་ཤེས་བྱའི་བང་མཛོད་ལྟ་བུ་ཞིག་ཏུ་ཆགས་ཡོད་པར་མངོན་ནོ།
བཞི་པ། རླུང་དར་གྱི་གྲུབ་ཚུལ་དང་རླུང་དར་འཕྱར་སྟངས།
          སྤྱིར་རླུང་དར་ནི་གཞི་དང་། གཞི་ལ་བཀོད་པའི་མཚན་གཟུངས། མཐའ་ལྕགས། ལུང་ཐག ལྕེ་འཛར། འདོགས་གཞི་བཅས་ལས་གྲུབ་ཡོད། དེང་སང་ཡོངས་གྲགས་སུ་རླུང་དར་སྟེང་དུ་བཀོད་པའི་མཚན་གཟུངས་ནི་རྒྱལ་མཚན་རྩེ་མོའི་གཟུངས་དང་། མ་ཎི་ཡིག་དྲུག དམིགས་བརྩེ་མ། གདུགས་དཀར། སྒྲོལ་མ། སེང་གདོང་མ། བར་ཆད་ལམ་སེལ། བསམ་པ་ལྷུན་གྲུབ་སོགས་ཡིན། དེར་བཀོད་པའི་རི་མོ་མང་ཆེ་བ་ནི་སྟག་སེང་ཁྱུང་འབྲུག་དང་། རྟ་མཆོག་﹙རླུང་རྟ།﹚བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་བཀྲ་ཤིས་པའི་ཚོན་རིས་རྣམས་ཡིན།
          དར་ཚོན་སྣ་ལྔ་ལས་གྲུབ་པའི་རླུང་དར་ནི་མཛེས་རྒྱན་ཙམ་མ་ཡིན་ཏེ། དེས་སྣོད་བཅུད་ཀྱི་རྒྱུ་ཆ་འབྱུང་བ་སྣ་ལྔ་མཚོན་ཡོད་པས་རླུང་དར་འཕྱར་སྐབས་སུའང་གོ་རིམ་ངེས་ཅན་ཞིག་ཡོད་དགོས་ཏེ། སྣེ་རྩེ་ནས་རིམ་བཞིན་སྔོན་པོ་དང་། དཀར་པོ། དམར་པོ། ལྗང་ཁུ། སེར་པོ་བཅས་སྒྲིག་པ་ཤས་ཆེ་མོད། འགའ་ཤས་ཀྱིས་གོང་གསལ་གོ་རིམ་དེ་བསྐྱར་ཟློས་ཀྱིས་སྒྲིག་ནས་འཕྱར་བ་དང་། ཡང་འགའ་ཤས་ཀྱིས་རང་གི་ཀླུང་ཁམས་དང་བསྟུན་ནས་ཆུ་སྔོན། ཤིང་ལྗང་། མེ་དམར། ས་སེར། ལྕགས་དཀར་ཞེས་སོ་སོའི་ཁམས་མཐུན་གྱི་ཚོས་གཞི་དེ་སྣེ་རྩེར་བཞག་སྟེ་གོ་རིམ་ལྟར་སྒྲིག་སྲོལ་ཡང་ཡོད། ལ་ལས་བལ་དཀར་པོའམ་རྩྭ་ཐག་གསར་པ་སོགས་ཀྱི་གཞུང་རྒྱུད་དུ་སྔོན་དཀར་དམར་ལྗང་སེར་པོ་བཅས་ཀྱི་དར་རས་སྣ་ལྔ་གོ་རིམ་ལྟར་བཙེམས་ནས་གྲུབ་པའི་དར་ལྡི་དེ་ཁང་ཟུར་གྱི་དར་ལྕོག་ལ་བསྐོར་ནས་ཕྱོགས་བཞིར་གཏོང་བ་སོགས་རྒྱུས་བསྡུས་སྤྲོས་པ་ཆེ་ཆུང་སྣ་ཚོགས་ཡོད།
          དེ་དག་གི་མཚོན་དོན་ནི་སྔོན་པོས་རྒྱ་མཚོའི་མདོག་ཅན་གྱི་ནམ་མཁའི་ཁམས་མཚོན་པ་དང་། དཀར་པོས་གནམ་འོག་གི་སྤྲིན་དཀར། དེ་བཞིན་དུ་དམར་པོས་མེ་ཁམས། ལྗང་ཁུས་ཤིང་ཁམས། སེར་པོས་ས་ཁམས་མཚོན་པ་བཅས་ཚོན་མདོག་ལྔ་པོ་དེས་རང་བྱུང་ཁམས་ཆེན་མོའི་དངོས་པོའི་གནས་ལུགས་གཟུགས་སུ་གྲུབ་པའི་གོ་རིམ་ལྟར་མཚོན་པར་བྱས་པས་གནམ་ས་གོ་ལྡོག་མི་རུང་བ་ལྟར་རླུང་དར་གྱི་ཚོན་སྣ་ལྔའི་སྒྲིག་སྟངས་ལའང་གོ་རིམ་ངེས་ཅན་ཡོད།
          སྤྱིར་ན་“ཡིག་མགོ་མཐའ་ལྕགས་མ་གཏོང་རླུང་ལ་སྐུར་”ཞེས་དམངས་ཁྲོད་ཀྱི་ངག་སྒྲོས་ལྟར་ཡི་གེ་བཀོད་ཡོད་པའི་རླུང་དར་གྱི་རིགས་ལ་མཐའ་ལྕགས་གཏོང་མི་དགོས་པར་ཡིག་མགོ་རླུང་ལ་བཅོལ་ནས་བཏགས་ན་འགྲིག་པ་དེ་ལྟར་ཡིན་ནའང་། འགའ་ཞིག་གིས་མཐའ་ལྕགས་དང་ལྕེ་འཛར་གཉིས་ཚོས་གཞི་གཅིག་ཏུ་བྱས་ནས་གཏོང་སྲོལ་ཡང་ཡོད། དེ་ཡང་གཞི་དཀར་པོ་ལ་མཐའ་ལྕགས་དམར་པོ་མི་གཏོང་། རྒྱུ་མཚན་ནི་ལྕགས་ཁམས་ཀྱི་དགྲ་མེ་ཁམས་ཡིན་པ་དང་། དེ་བཞིན་དུ་གཞི་དམར་པོ་ལ་མཐའ་ལྕགས་སྔོ་ནག་མི་གཏོང་བ་དང་། ﹙མེ་དགྲ་ཆུ། ﹚གཞི་སྔོ་ནག་ལ་མཐའ་ལྕགས་སེར་པོ་མི་གཏོང་བ། ﹙ཆུ་དགྲ་ས།﹚གཞི་སེར་པོ་ལ་མཐའ་ལྕགས་ལྗང་ཁུ་མི་གཏོང་བ། ﹙ས་དགྲ་ཤིང་།﹚གཞི་ལྗང་ཁུ་ལ་མཐའ་ལྕགས་དཀར་པོ་མི་གཏོང་། ﹙ཤིང་དྲག་ལྕགས།﹚དེ་ལས་ལྡོག་སྟེ་གཞི་མཐིང་ནག་ལ་མཐའ་ལྕགས་དཀར་པོ་དང་། ﹙ཆུ་མ་ལྕགས།﹚གཞི་དཀར་པོ་ལ་མཐའ་ལྕགས་སེར་པོ། ﹙ལྕགས་མ་ས﹚གཞི་སེར་པོར་མཐའ་ལྕགས་དམར་པོ། ﹙ས་མ་མེ།﹚གཞི་དམར་པོར་མཐའ་ལྕགས་ལྗང་ཁུ། ﹙མེ་མ་ཤིང་།﹚གཞི་ལྗང་ཁུ་ལ་མཐའ་ལྕགས་མཐིང་ནག་གཏོང་སྲོལ་ཡོད་པ་﹙ཤིང་མ་ཆུ།﹚སོགས་མདོར་ན་འབྱུང་བ་ཕན་ཚུན་གྱི་འཐབ་འབྲས་ལ་བརྟེན་ནས་མཐའ་ལྕགས་ཀྱི་ཚོས་གཞི་གཏན་འཁེལ་བྱེད་པ་ཡིན།
          རླུང་དར་འཕྱར་བའི་དུས་ཚོད་ནི་བོད་ཀྱི་ལོ་ཐོའི་ནང་འཁོད་པའི་ཟླ་སྐར་འཕྲོད་སྦྱོར་སོགས་དང་བསྟུན་དགོས་ལ། ཡང་སྒོས་སུ་བ་དན་ཁྲ་བོ་འཆར་བའི་སྐབས་སུ་རླུང་དར་འཕྱར་མི་རུང་བའི་སྐོར་རྩིས་གཞུང་ཁག་ལས་གསུངས་ཡོད། དེ་ཡང་རྩིས་གཞུང་《བེེཌཱུརྱ་དཀར་པོ་》ཡི་ལུགས་བཞིན་བོད་ཟླ་སོ་སོར་བ་དན་འཆར་བའི་ཚེས་གྲངས་གཤམ་གསལ།

          གཞན་ཡང་དགེ་རྒན་བློ་བཟང་རྣམ་རྒྱལ་གྱིས་གསུངས་པ་ལྟར་ན། “བོད་ཡུལ་གྱི་རླུང་དར་འཕྱར་སྟངས་ཀྱི་ཐད་ད་དུང་ཡུལ་ལུང་གི་ཁྱད་པར་ཡོད་དེ། གཙང་གི་ལུང་པ་ཁ་ཤས་ནང་དར་ལྕོག་གི་ཚོས་གཞི་ཡང་ཡུལ་ལྷ་དེའི་སྐུ་མདོག་དང་བསྟུན་སྲོལ་ཡོད་པ་དཔེར་ན། བརྟན་མ་བཅུ་གཉིས་དང་ཚེ་རིང་མཆེད་ལྔ་སོགས་ལ་དར་ལྕོག་དཀར་པོ་འཛུགས་པ་དང་། ཡུལ་ལྷ་རྒྱལ་པོའི་རིགས་ཡིན་ན་དར་ལྕོག་དམར་པོ། ཡུལ་ལྷ་ཀླུའི་རིགས་ཡིན་ན་ལྗང་ཁུ་དང་སྔོན་པོ་འཛུགས་པ་སོགས་མི་འདྲ་བ་མང་།”
ལྔ་པ། རླུང་དར་འཕྱར་བའི་ཚེ་བསམ་བློའི་འཁྱེར་སོ་གང་འདྲ་ཞིག་འཆང་དགོས་མིན་སྐོར།
          རླུང་དར་གྱི་དར་ཚོན་སྣ་ལྔས་འགྲོ་བ་མིའི་སྲོག་རྟེན་གྱི་གཞི་མ་རང་བྱུང་ཁམས་ཀྱི་འབྱུང་བ་སྣ་ལྔ་མཚོན། རང་བྱུང་ཁམས་སུ་གནམ་སྙོམས་ཞིང་ས་བདེ་བ་དང་། ཆར་ཆུ་དུས་སུ་བབ་པའི་སྐབས་མི་ཡུལ་དུ་ཞི་བདེ་དགའ་སྐྱིད་ཡོང་བ་དང་། གལ་སྲིད་རང་བྱུང་ཁམས་ཀྱི་འབྱུང་བ་ལྔ་པོར་འཕེལ་ཟད་འཁྲུག་གསུམ་བྱུང་ན་མི་ཡུལ་དུ་གནོད་འཚེ་རྒྱུན་ཆད་མེད་པར་ཡོང་ནས་སྐྱེ་འགྲོ་ཐམས་ཅད་བདེ་ཐབས་མེད་པར་གྱུར་གྱི་ཡོད་པའི་ངོས་འཛིན་ལྟར། མི་རབས་ནས་མི་རབས་བར་བོད་མཐོ་སྒང་དུ་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་མི་ཡུལ་དུ་ཞི་བདེ་དགའ་སྐྱིད་ཡོང་རྒྱུར་ཐོག་མར་རང་བྱུང་ཁམས་ཀྱི་འབྱུང་བ་མི་འཁྲུག་པའི་ཆེད་དུ་རང་བྱུང་ཁམས་དང་འཆམ་མཐུན་ཡོང་ཐབས་ལ་ལྷོད་མེད་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། བོད་མི་རྣམས་ཀྱི་སྣང་ངོར་རི་མགོ་མཐོ་སར་རླུང་དར་འཕྱར་ན་དེའི་སྟེང་དུ་བཀོད་པའི་ཆོས་ཚིག་དག་རླུང་གིས་བསྐྱོད་དེ་སྒྲ་གྲག་པས་མིས་དངོས་སུ་ཁ་ནས་བཏོན་པ་དང་ཁྱད་མེད་དུ་ཕན་ཡོན་ཆེ་བ་དང་། དར་རས་དེ་རླུང་གིས་བསྐྱོད་ནས་བརྡར་ཟད་དུ་མ་ཕྱིན་བར་རླུང་དར་ཐོག་བཀོད་པའི་ཆོས་ཚིག་དེ་དག་ཀྱང་རྒྱུན་ཆད་མེད་པར་འདོན་པ་དང་སྦྲགས། རླུང་ཤུགས་ཀྱིས་ཆོས་ཚིག་དེ་དག་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱེར་བས་མི་དང་མི་མ་ཡིན་པའི་འགྲོ་བ་མཐའ་དག་གི་རྣ་བར་ཐོས་ཏེ་གནས་སྐབས་སུ་རླུང་རྟ་འཕྱར་མཁན་གང་དེའི་སྲོག་ལུས་དབང་ཀླུང་ཡར་བསྐྱེད་ཅིང་བསམ་དོན་ཡིད་བཞིན་འགྲུབ་པར་སྨོས་མེད་ཐོག མཐར་ཐུག་རང་གཞན་སེམས་ཅན་ཐམས་ཅད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རྙེད་པའི་རྒྱུར་འགྲོ་བའི་བཤད་སྲོལ་ཡོད་པས་དད་ལྡན་མང་ཚོགས་ཀྱིས་གནས་སྐབས་དང་མཐར་ཐུག་གང་རུང་གི་དམིགས་ཡུལ་ལ་བསམས་ནས་སོ་སོའི་ཆ་རྐྱེན་གང་ལྕོགས་ཀྱིས་རླུང་དར་འཕྱར་བར་རྩོལ་བ་ཆེན་པོ་བྱས་པ་དེའང་གནའ་ནས་ད་བར་རྒྱུན་འཇགས་སུ་གནས་ཡོད།
          འོན་ཀྱང་ལོ་རྒྱུས་ཡུན་རིང་ནང་འཇིག་རྟེན་ཆོས་ཉིད་དང་མཐུན་པའི་རིགས་པ་དང་ཁུངས་བཙན་ཡང་དག་གི་སྲོལ་བཟང་གང་དང་གང་ལའང་ཡུལ་དུས་དང་མིའི་བཅོས་སླད་ཀྱི་དབང་གིས་མ་དག་རྒྱུན་འབྱམས་ཀྱི་སྐྱོན་དུ་མ་ཞིག་རིམ་གྱིས་འགོས་ཡོད་ན། བོད་ཀྱི་རླུང་དར་རིག་གནས་འདི་ལའང་དེ་མཚུངས་ཀྱི་སྐྱོན་སྣ་ཚོགས་ཕོག་ནས་ཆེས་ཐོག་མའི་རྣམ་པར་དག་པའི་རིན་ཐང་དེ་རིམ་གྱིས་བསྒྲིབས་ཤིང་མི་གསལ་བར་གྱུར་ཏེ། དེང་སྐབས་བོད་མི་མང་ཆེ་བས་རླུང་དར་འཕྱར་བ་དེ་ཡང་“འབད་མེད་ལྷུན་གྲུབ་ཀྱི་ལམ་འགྲོ་ཞིག་ཡོང་བའི་”མཚུངས་རྟགས་སུ་འགོད་བཞིན་ཡོད་པས་དེ་དོན་ཀུན་གྱིས་དོ་སྣང་བྱ་དགོས་པའི་གནས་སུ་གྱུར་ཡོད།
          སྤྱིར་ལམ་འགྲོ་རྒྱུག་པ་ཞེས་པ་ནི་སྟབས་ལེགས་ཀྱིས་འགྲུབ་པའི་ལམ་ཇུས་རྒྱུག་པོར་གོ་བ་ཡིན་པས། དེར་སྐྱེ་བོ་ཚང་མས་ཡིད་སྨོན་བྱེད་ཅིང་རྟག་པར་དངོས་ཤུགས་བརྒྱུད་གསུམ་ནས་བླ་མེད་ཀྱི་བཀྲ་ཤིས་སྨོན་ལམ་ཞུ་སྲོལ་ཡོད་ལ་གནའ་ནས་ད་བར་མི་མི་ཉུང་བ་ཞིག་གི་འདོད་དོན་ཡང་རླུང་དར་འཕྱར་ནས་ཡིད་སྨོན་ལྟར་སྟེས་དབང་གིས་འགྲུབ་པ་བྱུང་ཡོད་ལ། རིན་ཆེན་གསེར་ལས་དཀོན་པའི་གོ་སྐབས་བཟང་པོ་གང་མང་ཆུད་ཟོས་སུ་སོང་སྟེ་མི་ཚེ་དོན་མེད་དུ་འཆོར་བའང་ཤིན་ཏུ་མང་བ་བྱུང་ཡོད། དེས་ན་རླུང་དར་འཕྱར་སྐབས་ངེས་པར་དུ་དུས་བབ་དང་འཚམ་པའི་བསམ་བློའི་འཁྱེར་སོ་ཞིག་དགོས་ངེས་པ་ནི། རླུང་དར་འཕྱར་བ་དེས་རང་གིས་མ་འོངས་པར་དོན་གང་ཞིག་བསྒྲུབ་རྒྱུའི་དམ་བཅའ་དང་། དོན་དག་དེ་རང་གིས་ཇི་ལྟར་བསམ་པ་བཞིན་འགྲུབ་པར་ཡོང་བའི་སྨོན་འདུན། ཇི་ལྟར་བསམ་པ་བཞིན་དེ་བསྒྲུབ་ཐུབ་པའི་ཡིད་ཆེས། དཀའ་ངལ་གང་དང་འཕྲད་ཀྱང་ཁྱད་བསད་བྱེད་ནུས་པའི་སྤོབས་པ། དེ་བཞིན་དུ་ཡུལ་ལྷ་གཞི་བདག་སོགས་སྡོང་གྲོགས་སུ་སྦྲན་ནས་བསྒྲུབ་བྱ་གང་དེར་འཇུག་པའི་བློ་ཐག་བཅད་པ་སོགས་ཀྱི་འདུ་ཤེས་མཚོན་པ་བྱེད་རྒྱུ་དེ་ཡིན། དེ་ཡང་ལག་ལེན་གྱི་དཀའ་སྤྱད་ལ་བརྟེན་ནས་བྱ་བ་དངོས་བསྒྲུབ་རྒྱུ་ནི་གནས་ཀྱི་དམ་པའོ།
མཇུག་གཏམ།
          ལོ་རྒྱུས་ནི་ཉམས་མྱོང་ཡིན། ལོ་རྒྱུས་ལ་ཞིབ་འཇུག་དང་དཔྱད་འཇོག་གང་བྱས་ཀྱང་ལོ་རྒྱུས་ཀྱི་ཉམས་མྱོང་ཐད་ནས་ད་ལྟའི་འཚོ་བར་བཀོད་འདོམས་ལེགས་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། གང་ལྟར་རླུང་དར་སོགས་མི་རིགས་ཀྱི་གནའ་བོའི་དམངས་སྲོལ་རིག་གནས་སམ་དམངས་ཁྲོད་དུ་དར་སོ་ཆེ་བའི་ཆོས་ལུགས་ཆོ་ག་སོགས་གང་ཞིག་ཡིན་ཡང་དེ་དག་གི་ཁུངས་དང་། རྒྱུན། འཕེལ་འགྱུར་སོགས་ལ་ལོ་རྒྱུས་ཀྱི་དཔྱད་གཞི་མང་པོ་བཙལ་འཚོལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཡང་དག་པའི་ལུང་རིགས་ཀྱིས་གཏན་ལ་ཕབ་ཅིང་མ་འོངས་འཚོ་བར་བཀོད་འདོམས་ལེགས་པོ་བྱ་ཐུབ་ན་སྙམ་པ་ནི་བདག་ཅིག་གི་མཐར་ཐུག་གི་དམིགས་ཡུལ་དམ་པ་དེ་ཡིན་མོད། འོན་ཀྱང་བོད་ཀྱི་རླུང་དང་རིག་གནས་ཀྱི་རིན་ཆེན་འབྱུང་གནས་ལས་སྐབས་འདིར་མུ་ཏིག་ཕྲ་མོའི་དཔྱད་འབྲས་ཙམ་ཕུལ་བ་འདི་ལ་སྐྱོན་དང་ནོངས་པ་ཡོད་སྲིད་པས་བློ་ལྡན་རྣམས་ཀྱིས་ལུང་རིགས་དག་པས་ཡོ་བསྲང་ཡོད་པར་མཁྱེན།།