གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ཐང་གའི་(ཀརྨ་སྒར་བྲིས)རྒྱལ་ཁབ་རིམ་པའི་ཚབ་བྱེད་རྒྱུན་འཛིན་པ་དགའ་བདེས་“རང་ཉིད་ཀྱིས་གང་ཤེས་པ་ཐམས་ཅད་གཞན་ལ་ཁྲིད་ངེས་ཡིན”ཞེས་གསུངས།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

            བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་70ལྷག་གི་མཚམས་ན་ཀརྨ་ཤང་ཡོད་ཅིང་། དེ་ནི་བོད་ཀྱི་ཤར་ཕྱོགས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་ཆེན་ཀརྨ་དགོན་པའི་གནས་ཡུལ་ཡིན་ལ། བོད་ཀྱི་ཐང་གའི་འབྲི་ལུགས་ཆེན་པོ་གསུམ་ལས་ཀརྨ་སྒར་བྲིས་ཀྱི་འབྱུང་ཁུངས་ཀྱང་ཡིན། བོད་ཀྱི་ཐང་གའི་(ཀརྨ་སྒར་བྲིས)རྒྱལ་ཁབ་རིམ་པའི་ཚབ་བྱེད་རྒྱུན་འཛིན་པ་དགའ་བདེ་ལགས་གནས་འདིར་བཞུགས་ཡོད།
            ཐང་ཀ་ལ་བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ཞེས་པའི་མཚན་སྙན་བ་དན་དགུང་ལ་གཡོ་བ་ཡོད་པ་དང་། དེ་ལས་ཀརྨ་སྒར་བྲིས་ནི་དུས་རབས་16པའི་ནང་དུ་ནམ་མཁའ་བཀྲ་ཤིས་ཀྱིས་སྲོལ་བཏོད་པ་སྟེ། ཁོང་གིས་དེ་སྔ་ནན་ཅིང་ནས་རྒྱ་ནག་རི་མོ་བས་བྲིས་པའི་《ཁམས་གསུམ་འགྲོ་ཀུན་སྒྲོལ་བའི་ཆོས་ཐོག་ཆེན་མོའི་མུ་འབྲེལ་རི་མོ》ཞེས་པ་གཟིགས་མོ་གནང་མྱོང་ཞིང་། དེ་ནས་སྨན་ཐང་གི་རྨང་གཞིའི་ཐོག་ནས་རྒྱ་ནག་གི་རི་མོ་འབྲི་སྲོལ་སྡུད་ལེན་བྱས་ཏེ་ཀརྨ་སྒར་བྲིས་ཀྱི་སྲོལ་གཏོད་པ་ཡིན། ད་ལོར་དགུང་ལོ་86ལ་སོན་པའི་དགའ་བདེ་ནི་ཀརྨ་སྒར་བྲིས་ཀྱི་རབས་བཅུ་པའི་རྒྱུན་འཛིན་པ་ཕུལ་དུ་བྱུང་བ་ཞིག་ཡིན།
            དེ་ཡང་དགའ་བདེས་རང་ཉིད་ཀྱི་ཐང་གའི་སློབ་གཉེར་གྱི་འཚོ་བ་ཕྱི་དྲན་གནང་སྐབས།“ཨ་ཞང་གིས་ང་ལ་ཐང་གའི་ཐིག་རྩ་ཁྲིད་པ་དང་། ཨ་ཕས་ང་ལ་ཚོན་དང་གསེར་ཆུ་བྱུག་ཐབས་སོགས་ལག་རྩལ་དཀའ་མོའི་རིགས་ཁྲིད་པ་ཡིན།”ཞེས་གསུངས། ཁོང་རང་དགུང་ལོ་5པ་ནས་བོད་ཡིག་གི་འབྲི་ཀློག་སྦྱངས་པ་དང་། དགུང་ལོ་7པ་ནས་ནང་དོན་རིག་པ་སྦྱངས། དགུང་ལོ་9པ་ནས་ཐང་གའི་འབྲི་རྩལ་སྦྱངས། དགུང་ལོ་14པ་ནས་ལྷ་རིས་པ་ཞིག་ཏུ་གྱུར། དགུང་ལོ་15པ་ནས་ཨ་ཕའི་རྗེས་འབྲངས་ཏེ་ཀརྨ་དགོན་གྱི་ལྡེབས་རིས་འབྲི་རུ་ཕྱིན། དགུང་ལོ་16པར་ན་ཟླའི་ཁྲོད་ནས་དགེ་བཤེས་ཀྱི་མཚན་བཏགས་ཐོབ་མཁན་ཐོག་མར་གྱུར། དགུང་ལོ་17པར་མཚོ་སྔོན་གྱི་རྒྱལ་པོས་(ཚོ་བའི་འགོ་པ)གདན་ཞུས་ལྟར་ཕེབས་ནས་བོད་ཀྱི་མིང་གྲགས་ཅན་མི་ལ་རས་པའི་ཞལ་ཐང་《རྣལ་འབྱོར་བ》ཞེས་པ་ཐང་ག་དགུ་ཡོད་པ་ལོ་ངོ་བརྒྱད་དགུ་ཙམ་ལ་བྲིས་ནས་རྒྱལ་པོས་བསྟོད་བསྔགས་ཆེན་པོ་གནང་།
            གཞོན་ནུའི་དུས་སུ་དགའ་བདེས་སེན་མགོ་ཙམ་གྱི་སྙོམས་ངོས་སུ་ལྷ་སྐུ་གསུམ་མཉམ་གཅིག་ཏུ་བྲིས་མྱོང་། ད་ལྟ་དགུང་ལོ་བགྲེས་པས་མིག་གིས་མི་ལྕོགས་ཀྱང་། ཐང་ག་འབྲི་རྩལ་སྔར་བས་ཀྱང་སྨིན་ཐག་ཆོད་པ་ཞིག་ཏུ་གྱུར་ཡོད། དགའ་བདེས་ཐང་ག་གཅིག་འབྲི་བ་ལ་ཉིན་ཧྲིལ་བོ་25དགོས་ལ། ཐིག་རྩ་རྙོག་འཛིང་ཅན་ཞིག་ཡིན་ན་ཅུང་འགོར་ཞིང་ཉིན་མ་45དགོས་ཀྱིན་ཡོད།  “དེ་ཡང་ཐང་ག་རྩེ་གྲ་ཞིག་འབྲི་བ་ལ་ཕལ་ཆེར་ལོ་ངོ་གསུམ་ཙམ་འགོར་གྱིན་ཡོད”ཅེས་དགའ་བདེ་ལགས་ཀྱིས་གསུངས།
            དགའ་བདེ་ནི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན་ཏེ། ཀརྨ་ཤང་གི་གསེར་མགར་རྣམས་ཀྱིས་ལག་རྩལ་སློབ་པའི་ཐོག་མའི་དུས་རིམ་དུ་ཕལ་ཆེ་བས་དགའ་བདེ་དགེ་རྒན་དུ་བསྟེན་གྱིན་ཡོད། ཁོང་ཚོས་ཐོག་མར་ལྷ་སྐུའི་ཆ་ཚད་དང་སྡུར་ཚད་ལ་སློབ་སྦྱོང་བྱེད་པ་ཡིན། རང་གི་དངོས་སློབ་ནི་200ལྷག་ཡོད།  ཀརྨ་ཤང་ལ་“ལག་ཤེས་བཟོ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ཡོད་ཅིང་། དེ་ལའང་དགའ་བདེའི་བྱས་རྗེས་ནི་མེད་དུ་མི་རུང་བ་ཞིག་ཡིན།
            དགའ་བདེའི་ཚ་བོ་ཚ་མོ་རྣམས་ཀྱིས་ཁོང་གི་མདུན་ནས་ཐང་ག་སྦྱོང་བཞིན་ཡོད་ལ། ཚ་བོ་ཏིང་འཛིན་ཕུན་ཚོགས་ཀྱིས་སྐྱ་ཐིག་ཁོ་ན་ལོ་ངོ་6ལྷག་ཙམ་ལ་སྦྱངས་ཡོད་པ་དང་། ད་ལྟ་ཁོང་ནི་དགའ་བདེའི་སྒར་བྲིས་ཀྱི་རབས་བཅུ་གཅིག་པའི་རྒྱུན་འཛིན་པར་གྱུར་ཡོད། ཚ་མོ་བདེ་ཆེན་གཡུ་སྒྲོན་གྱིས། “ཐང་གའི་སྒྱུ་རྩལ་རྒྱུན་འཛིན་ལེགས་པོ་བྱེད་དགོས་ན། རྒྱུན་འཛིན་བྱེད་སྟངས་ཀྱང་སྔོན་གྱི་སྲོལ་རྒྱུན་ལས་བརྒལ་དགོས་སྙམ། སྤོ་བོ་ལགས་ཀྱི་མདུན་ནས།  སྐྱེ་ཕོ་མོ་རྒན་གཞོན་མེད་པར་སུ་ཞིག་ཡིན་རུང་དགེ་རྒན་དུ་བསྟེན་ནས་ཐང་ག་བསླབ་ཆོག”ཅེས་ཟེར།  མིག་སྔར་དགའ་བདེར་སློབ་མ་600ལྷག་ཙམ་ཡོད་ལ། ཁོང་ཚོར་སྒྱུ་རྩལ་ཁྲིད་པ་ལས་གཞན་ད་དུང་ཁ་ཟས་དང་སྡོད་ཁང་གི་རིན་པ་སྐར་གང་ཡང་སྡུད་ཀྱིན་མེད།
            སྔོན་ཆད་ཐང་ག་འབྲི་བཞེངས་བྱས་པའི་གནས་ཚུལ་ཕྱིར་དྲན་གནང་སྐབས། དགའ་བདེའི་སེམས་སུ་གྱ་དགུ་ལོའི་མཚོ་སྔོན་གྱི་བག་ཆགས་དེ་བརྗེད་ཐབས་མེད་པ་ཞིག་རེད། “རྒྱུན་པར་ང་རང་གཅིག་པུ་རྟར་ཞོན་ནས་དགོན་པའི་ནང་དུ་ལྡེབས་རིས་འབྲི་རུ་འགྲོ་བ་ཡིན”ཟེར། དངོས་ནས་སྡུག་བསྲན་ཐུབ་མཁན་ཞིག་གིས་ད་གཟོད་སྐྱིད་ཐེག་པ་ཡིན་ཟེར་བ་ལྟར་རེད། ཤ་དར་ཁྲག་དར་སྐབས་ཀྱི་ལོ་ཟླའི་ནང་དགའ་བདེའི་སེམས་ནི་མཚོ་མོའི་ཆུ་ངོས་ལྟར་ལྷོད་བག་ལྡན་པར་བགྱིས་ནས་ཉིན་ནས་ཟླ་ལྟར་ཐང་ག་དང་ལྡེབས་རིས་འབྲི་བཞེངས་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཡོད། ཏག་ཏག་སྐབས་དེ་ནི་ཁོང་ཉིད་ཀྱི་ཉམས་མྱོང་རྒྱ་བསྐྱེད་པའི་འགག་རྩའི་དུས་རིམ་ཞིག་ཀྱང་རེད་འདུག“ད་ཆ་ང་རང་རྒས་འདུགལོ་ན་རྒས་སོང་། ངས་སེམས་ཀྱི་འདུན་པ་ནི་རྒྱལ་ཁབ་ཀྱིས་ཀརྨ་སྒར་བྲིས་ཀྱི་ཐང་གའི་སྒྱུ་རྩལ་འདི་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་གནང་རྒྱུ་དེ་ཡིན།”ཞེས་གསུངས། དགའ་བདེས་བསམ་པར་མཁྱེན་རབ་ཅན་གྱི་ཐང་གའི་སྒྱུ་རྩལ་པ་རྒན་གྲས་རྣམས་ནི་རྒས་འཁོགས་སུ་གྱུར་ཅིང་ལ་ལ་ནི་གཤེགས་ཟིན། དེའི་ཁར་ཐང་གའི་སྐོར་ལ་ཡི་གེའི་ཟིན་ཐོ་བཀོད་པ་ཡང་ཅུང་ཉུང་བས་ན་ཀརྨ་སྒར་བྲིས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོབ་དེ་ཉིན་རེ་ནས་ཉིན་རེ་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དགའ་བདེས་སྒྱུ་རྩལ་འདི་ཉིད་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ཀྱིས་ཐང་ག་འབྲི་བཞེངས་བྱེད་པ་ལས་གཞན་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་ནས་ཐང་གའི་འབྲི་རྩལ་དང་གཞུང་ལུགས་ཤེས་བྱ་མང་པོ་ཕྱོགས་བསྡོམས་དང་ལེགས་སྒྲིག་གིས། 2004ལོར་ཁོང་གིས་《ལྷ་སྐུའི་ཐིག་རྩའི་མེས་པའི་ཕྱག་ལེན》ཞེས་པའི་གསུང་རྩོམ་པར་སྐྲུན་གནང་བ་རེད།
            ཟབ་མོ་ལུང་པའི་ཕུགས་ནི་ཉམས་ལེན་ལ་གཞོལ་བའི་དབེན་གནས་ཁྱད་པར་ཅན་ཡིན་ལ། ཐང་གའི་སྒྱུ་རྩལ་འདི་ཉིད་ནི་མཐོ་སྒང་ལྷུན་པོའི་རྩེ་མོར་འགྱིང་ཡོད། དགའ་བདེས་སྐུ་ཚེ་གང་བོར་ཟིང་ཟིང་འདུ་འཛི་རྣམ་པར་སྤངས་ཏེ་གྲོང་ཚོ་འདིའི་ལྷིང་འཇགས་འབའ་ཞིག་ལ་རོལ་བ་ཡིན། དགའ་བདེས་ཆོས་བྱེད་པ་ལས་གཞན་ཐང་ག་འབྲི་བཞེངས་བྱེད་ཅིང་། ཁོང་ཉིད་ལུང་པའི་ཕུགས་ལ་འགོས་ནས་སྨན་རྩྭ་འཐུ་ཞིང་ཕྱིར་ཡོང་ནས་རྩྭ་སྨན་སྡེབ་སྦྱོར་བྱས་ཏེ་ཡུལ་མིར་སྨན་བཅོས་བྱེད་རྒྱུའང་མོས། དགའ་བདེས་“ངས་རང་ཉིད་ཀྱི་གང་ཤེས་པ་ཐམས་ཅད་གཞན་པར་ཁྲིད་ངེས་ཡིན། དེ་ལ་ཉེ་རིང་ཆགས་སྡང་མེད། ངས་ལག་ཤེས་པ་རྣམས་ལ་ཟས་གོས་འཛོམས་པོ་ཞིག་ཡོད་པ་མཐོང་ན་སེམས་ནས་ཧ་ཅང་དགའ་བཞིན་ཡོད། ང་རང་གཅིག་པུ་སྐྱིད་ལ་རོལ་བ་ནི་གཙོ་བོ་མ་ལགས་ཏེ། གནད་འགག་ནི་ཚང་མ་བདེ་ཞིང་སྐྱིད་པ་ཞིག་ཆགས་ཡོང་རྒྱུ་དེ་ཡིན།”ཞེས་གསུངས།