བོད་ལྗོངས་ཡུལ་སྐོར་རིག་གནས་བསམ་བཀོད་གླིང་དུ་གནས་པའི་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་དུ་ཉིན་ལྟར་ས་རུབ་རྗེས་ལྟད་མོ་ལྟ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པ།
1.རིག་གནས་ཀྱི་གྲོང་ཁྱེར་ཞིག
ལྷ་ས་གྲོང་ཁྱེར་ནས་ཤར་ངོས་རྔ་ཆེན་ཟམ་ཆེན་དུ་བསྐྱོད་ཚེ་སྐྱེ་སྟོབས་ཀྱིས་དཔལ་འབར་བའི་ཚལ་གུང་ཐང་ཤང་མིག་ལམ་དུ་ཁྲ་ཆིལ་ལེར་འཆར་སྲིད་པ་དང་། 2012ལོར་སྐྲུན་འགོ་ཚུགས་པའི་ལྷ་ས་སློབ་གསོའི་གྲོང་དེ་གར་གཞིས་ཆགས་ཡོད། ད་ཆ་དེ་ནི་བོད་ཀྱི་དེང་རབས་སློབ་གསོའི་གཅིག་སྡུད་ཁུལ་དང་སློབ་གསོའི་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།
ལོ་རྒྱུས་ཐོག་ཚལ་གུང་ཐང་ཆབ་སྲིད་དང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད། སྔོན་མ་འདི་ནི་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། བོད་ཀྱི་གྲགས་ཅན་གྱི་ལོ་རྒྱུས་ཀྱི་དེབ《དེབ་ཐེར་དམར་པོ》རྩོམ་པའི་གནས་ཀྱང་རེད།
2012ལོར་སློབ་གསོའི་བྱ་གཞག་གི་ཞིབ་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་རིམ་པ་མཐོ་རུ་བཏང་སྟེ་མང་ཚོགས་ཚོས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལ་བཅངས་པའི་དགོས་མཁོ་ཆེན་པོ་སྐོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དུ་ཆགས་པའི་སློབ་གསོའི་གྲོང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དུས་ཐེངས་དང་པོར་ས་ཁྱོན་མུའུ་4690ཟིན་པ་དང་བསྡོམས་དངུལ་སྒོར་དུང་ཕྱུར་58ལྷག་ཙམ་བཏང་ཡོད།
ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲོང་དུ་སྐྱོད་སྐབས་ཕྲུ་གུ་ཚོའི་དཔེ་ཀློག་སྒྲ་དང་སློབ་གསེང་སྐབས་རོལ་རྩེད་རྩེ་བའི་སྒྲ་ལས་སློབ་ཁྲིད་ཐོག་ཁང་གི་དེང་རབས་ཅན་གྱི་རྣམ་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པའི་རྣམ་པ་ཞིག་མངོན་གྱི་འདུག ལྷ་ས་དང་། ནག་ཆུ། མངའ་རིས་སོགས་ཀྱི་ཕྲུ་གུ་རྣམས་ས་མཐོ་ནས་བྲལ་མི་དགོས་པར་ནང་སའི་འཕེལ་རྒྱས་ཆེ་བའི་ས་ཁུལ་དང་འདྲ་བའི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།
སློབ་གསོའི་གྲོང་ནས་ཐོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ལམ་318ཀྱི་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་ལམ་བུ་བརྒྱུད་ནས་ནུབ་ཏུ་རི་སུལ་ཁ་ཤས་བརྒྱབ་རྗེས་ཚེ་མཆོག་གླིང་དུ་སླེབས་ཀྱི་ཡོད། ཤོད་རྒྱུན་དུ་ཚེ་མཆོག་གླིང་ནི་འུན་ཤིང་ཀོང་ཇོའི་སྐུ་འཁོར་བཞུགས་ཡུལ་ཡིན་པ་དང་། ད་ཆ་བོད་ཀྱི་རིག་གནས་དང་ཡུལ་སྐོར་བསམ་བཀོད་གླིང་དུ་གྱུར་ཡོད།
འདི་གར་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་དང་། བོད་ཀྱི་རིག་གནས་ཀྱི་བསམ་བཀོད་སྐྱེད་སྲིང་ལྟེ་གནས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་། ལྷ་སའི་གློག་བརྙན་གྲོང་སོགས་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་འབོར་ཆེན་ཞིག་ཆགས་ཡོད།
2.སྣོད་བཅུད་ཀྱི་གྲོང་ཁྱེར་ཞིག
གྲོང་ཁྱེར་ཅན་གྱི་བརྒྱུད་རིམ་ནང་ཚལ་གུང་ཐང་གི་རྣམ་པར་འགྱུར་ལྡོག་བྱུང་ནའང་འདི་གའི་སྲོལ་རྒྱུན་གྱི་རིག་གནས་དང་རི་ཆུ་ཀླུང་གསུམ་ལ་འགྱུར་ལྡོག་གཏན་ནས་བཏང་མེད།
སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། ཚལ་གུང་ཐང་བའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་དར་སྤེལ་བྱུང་བ་དང་། ཚལ་གུང་ཐང་བའི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་60པར་བསྐྲུན་པའི་ལྷ་ས་ཟམ་ཆེན་ཕུད་ཉེ་བའི་ལོ་ཤས་རིང་ལྷ་སའི་ལྷ་ཞབས་གླིང་ཕྲན་དང་ཚེ་མཆོག་གླིང་བར་གྱི་གཉེན་བསུའི་ཟམ་པ་དང་ལྷ་སའི་ཤར་ཕྱོགས་དང་སློབ་གསོ་གྲོང་བར་གྱི་རྔ་ཆེན་ཟམ་ཆེན་སྔ་རྗེས་སུ་བསྐྲུན་ཡོད། ད་ཆ་སྐྱིད་ཆུར་ཟམ་པ་མང་པོ་ཡོད་པས། འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བྱུང་ཡོད། ཚལ་གུང་ཐང་གི་རྒྱལ་ལམ་318བརྒྱུད་སྐབས་1980ལོར་ས་རྡོའི་ལམ་ནས་སྣུམ་ནག་ལམ་དུ་གྱུར་པ་དང་2015ལོར་སྣུམ་ནག་ལམ་ནས་ཕྱོགས་གཉིས་ཀར་རླངས་འཁོར་བཞི་རེ་འགྲོ་ཆོག་པའི་ལམ་བུ་བཟོས་ཡོད། ལམ་བུ་དེའི་བྱང་ཕྱོགས་ནི་སློབ་གསོའི་གྲོང་ཡིན་པ་དང་ལྷོ་ཕྱོགས་ནི་སྣོད་བཅུད་གྲོང་རེད།
འདི་གར་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ར་བ་དང་། དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ལྟེ་གནས། ཞིང་ཞོར་ཐོན་རྫས་སྡེབ་ཚོང་ལྟེ་གནས་སོགས་དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་ཁག་གཅིག་གི་ཐོན་རྫས་ཀྱིས་ལྷ་སའི་གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཚལ་གུང་ཐང་དང་། ཁྲེང་ཀོན་ཆུས། ལྷ་སའི་ཉེ་འཁོར་བཅས་ཀྱི་ངལ་རྩོལ་ནུས་ཤུགས་མང་པོ་ཞིག་ལས་ཞུགས་ཐུབ་ཡོད།
ཀྲི་བྱང་ཐང་རང་བྱུང་སྤྲོ་གསེང་གྲོང་ཚོ་དང་ཞལ་སྤྲོ་གསེང་གྲོང་ཚོ་ཀྲི་ལུང་ཤུར་དང་ཞལ་ལུང་ཤུར་དུ་གནས་པ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གུར་རྣམས་སྔོ་ལྗང་རི་ཆུའི་འགྲམ་དུ་ཁྲ་ཆིལ་ལེར་ཕུབ་འདུག ལོ་ལྟར་དབྱར་ཁ་འཆར་རིམ་བཞིན། ལྷ་སའི་གྲོང་མི་རྒན་གཞོན་འདི་གར་གླིང་ཁ་གཏོང་བར་ཡོང་གི་ཡོད་པས། དཔལ་སྡིངས་གྲོང་ཚོའི་མི་རྣམས་ལ་ཡོང་འབབ་མི་དམན་པ་རག་གི་ཡོད། ཀྲི་བྱང་ཐང་རང་བྱུང་སྤྲོ་གསེང་གྲོང་ཚོས་འགན་གཙང་ལེན་མཁན་གྱི་ཞིང་འབྲོག་པ་དུད་ཚང་7དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། ལོ་ལྟར་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གསུམ་གྱི་མི་369ལ་ཆ་སྙོམས་ཁེ་བཟང་སྒོར་500ལྷག་ཙམ་བགོ་བཤའ་ཐོབ་ཀྱི་ཡོད། ཞལ་སྤྲོ་གསེང་གྲོང་ཚོའི་བསམ་གཏན་དབང་མོ་ཁྱོ་ཤུག་གཉིས་ཀྱིས་གཉེར་སྐྱོང་ཞིབ་ཚགས་བྱས་རྗེས་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་བཞི་ལ་ལོ་ལྟར་ཁེ་བཟང་བསྡོམས་སྒོར་ཁྲི་20ཙམ་བགོ་བཤའ་རག་གི་ཡོད།
3.ཞི་མཐུན་གྱི་གྲོང་ཁྱེར་ཞིག
ཚལ་གུང་ཐང་འཕེལ་རྒྱས་མགྱོགས་མྱུར་སོང་རིང་། མི་རྣམས་ཀྱི་བསམ་པའི་ཉམས་འགྱུར་དང་བསམ་བློའི་འདུ་ཤེས་ལའང་མགྱོགས་མྱུར་འགྱུར་ལྡོག་ཕྱིན་ཡོད། ཚེ་རིང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
2017ལོའི་ལོ་སྟོད་དུ་ཚེ་རིང་ཚལ་གུང་ཐང་ཤང་སྲིད་གཞུང་དུ་སླེབས་ནས་མ་མཐའི་འཚོ་བའི་འགན་ལེན་གཱ་བཏོན་ཏེ་ཤང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་མི་སྣ་བདེ་སྐྱིད་སྒྲོལ་དཀར་ལ་སྤྲད་ནས་སྤོབས་པ་ཆེན་པོས་ཁོང་ལ“ང་དབུལ་སྒྲོལ་བྱུང་སོང”ཞེས་བཤད།
ཁྲེང་ཀོན་ཆུས་དང་ཚལ་གུང་ཐང་ཤང་གི་ལས་བྱེད་པའི་རོགས་རམ་འོག 2016ལོར་ཚེ་རིང་ལ་གྲོང་ཁྱེར་མ་འཇོག་ཧྲང་ཧུའེ་ས་ཚིགས་ཀྱི་བདེ་སྲུང་མི་སྣའི་ལས་ཀ་རག་སྟེ་ཟླ་བ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་བྱ་དགའ་སྒོར་3000ཙམ་ཡོད་པ་རེད། བཟའ་ཟླས་ནགས་སྲུང་བ་བྱས་ཏེ་ལོར་ཡོང་འབབ་སྒོར་3000ཟིན་གྱི་ཡོད། ཁོང་ཚོར་ད་དུང་ཁྲེང་ཀོན་ཆུས་དང་ཚལ་གུང་ཐང་ཤང་གི་མཉམ་སྡེབ་དཔལ་འབྱོར་སོགས་ཀྱི་ཁེ་བཟང་བགོ་བཤའ་དང་ཁ་གསབ་དངུལ་གཞན་ཡང་ལོངས་སུ་སྤྱོད་རྒྱུ་ཡོད།
སྲིད་གཞུང་གི་དབུལ་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་བརྒྱུད། ཚེ་རིང་གི་ནང་མི་ལྔ་པོ་ཚང་མར་མི་རེར་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་2500ཡང་མ་ཟིན་པ་ནས་2017ལོའི་སྒོར་ཁྲི་1.3བར་མང་དུ་ཕྱིན་པ་དང་། ས་ཞིང་མུའུ་8ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་པས་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།
ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པར་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། 2012ལོ་ནས་བཟུང་ཚལ་གུང་ཐང་ཤང་གིས་སྲོལ་རྒྱུན་གྱི་ཞིང་ལས་ཤང་ནས་གྲོང་ཁྱེར་ཅན་གྱི་ཕྱོགས་སུ་གོམ་སྟབས་སྤོས་ཤིང་། ལྷ་ས་གྲོང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་འཆར་འགོད་འོག མང་ཚོགས་གནས་སྤོ་ཉུང་དུ་གཏོང་གང་ཐུབ་བྱེད་པའི་རྨང་གཞིའི་ཐོག་ཡུལ་མི་ཚོར་ས་ཞིང་ཤོར་རུང་ལས་ཀ་མི་ཤོར་བའི་ཁས་ལེན་བྱས་ཡོད།
གྲོང་ཁྱེར་བསྐྲུན་རྒྱུར་རྒྱུ་ཆ་མང་པོ་མཁོ་བས་དེ་ནི་གོ་སྐབས་ཤིག་ཡིན་པ་ཚལ་གུང་ཐང་གི་གྲོང་མིས་གསལ་པོ་རྟོགས་ནས་དམ་འཛིན་ལྷོད་མེད་བྱས་ཤིང་། 2013ལོའི་ཟླ་9པར་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཤང་གིས་ཁེ་ལས་ཤིག་དང་མ་རྐང་མཉམ་དུ་བཞག་ནས་ཚོང་ལས་ཨར་འདམ་བསྲེས་མའི་ས་ཚིགས་ཤིག་བཙུགས་ཏེ་ཚལ་གུང་ཐང་ཤང་གི་གྲོང་མི་ལས་ཞུགས་བྱེད་དུ་བཅུག་ཡོད།
གྲོང་ཁྱེར་ཅན་གྱི་བརྒྱུད་རིམ་ནང་། ཚལ་གུང་ཐང་གིས་ཚོང་ལས་ཨར་འདམ་བསྲེས་མའི་ས་ཚིགས་དང་། བྱེ་རྡོ་ར་བ། དབུལ་སྐྱོར་རླངས་འཁོར་འཁྲུ་ཁང་སོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས་སྐྱེལ་འདྲེན་རླངས་འཁོར་རུ་ཁག་4བཙུགས་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་མ་ཟད། དཔལ་འབྱོར་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་ཡོད།
ལོ་བཞིའི་རིང་། ཚལ་གུང་ཐང་ཤང་མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་བཟང་བགོ་བཤའ་སྒོར་ཁྲི་600ལྷག་ཙམ་རག་ཡོད། གྲོང་མི་སྤེན་པ་སྒྲོལ་མར་དེའི་ཁྲོད་ནས་ཁེ་བཟང་ཐོབ་ཡོད། ལོ་དེར་བུས་ཨུ་ཚུགས་བརྒྱབ་པས་ཁོང་ཁྱིམ་གྱིས་སྒོར་ཁྲི་6གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་མ་རྩ་བཞག ལོ་དེ་དག་ནང་རང་ཉིད་ཀྱི་མ་གནས་ཚུར་ལྷོག་པ་ཕུད། ད་དུང་ཁེ་བཟང་སྒོར་6000ཡང་བྱུང་ཡོད།
2017ལོའི་ཟླ་7པར། ཚལ་གུང་ཐང་ཤང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གི་དཔྱད་ཞིབ་བརྒྱུད་ཤང་ཡོངས་ཀྱི་དུད་ཚང་85ཡི་མི་256རྦད་དེ་དབུལ་སྒྲོལ་ཐུབ་ཡོད།
འདི་ལོའི་ཟླ་བ་བཞི་པར་ཚལ་གུང་ཐང་ཤང་གིས་གྲོང་མིའི་ཚོགས་ཆེན་འཚོགས་ནས་མ་རྐང་ལ་ཞུགས་པའི་བྱ་བར་སླར་ཡང་གྲོས་བསྡུར་བྱས། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མི་སྒེར་གྱི་མ་རྐང་ལ་ཞུགས་པའི་འདོད་མོས་དངུལ་འབོར་སྒོར་ཁྲི་3000ལྷག་ཙམ་ཟིན་ཡོད།
ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་བུ་མོ་པ་སངས་སྒོ་འགྲམ་གྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ལྟེ་གནས་སུ་ལས་ཀ་བྱེད་པ་དང་། ཁོང་གིས་རྩྭ་རྩི་ཤིང་འདེབས་སྟངས་ཤེས་པས་ཟླ་རེར་ཡོང་འབབ་སྒོར་4000ཡན་རག་གི་ཡོད། འདི་ནི་པ་སངས་ཀྱིས་རྩྭ་རྩི་ཤིང་ལ་ཆུ་རྒྱག་བཞིན་པ།
ལོ་འགའ་ཤས་སྔོན་ལྷུན་གྲུབ་རྫོང་ནས་ཚལ་གུང་ཐང་དུ་གནས་སྤོས་རྗེས་ཚེ་བརྟན་སྒྲོལ་དཀར་གྱིས་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ལས་ཀ་བྱས་པས་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་3600ཙམ་ཡོང་གི་ཡོད། འདི་ནི་ཚེ་བརྟན་སྒྲོལ་དཀར་གྱིས་སྣོད་ཆས་འཁྲུ་བཞིན་པ།
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ལྷ་ས་སློབ་གསོའི་གྲོང་གི་རྣམ་པ་ཡིན་པ།