ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་གནང་མཁན་གྲོང་མི་གསེར་ལྷའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ།
སྤེལ་དུས 2018-11-23
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
གཡུ་ཐོག་གྲོང་ཚོ་གསར་པའི་སྡོད་ཁང་གསར་པ་དང་དེ་བཞིན་གྲོང་ཚོའི་ནང་གྲལ་འགྲིག་ལ་གཙང་སྦྲ་དོད་པའི་ཨར་འདམ་ལམ་གཞུང་ལམ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ནམ་ཟླ་དགུན་ཁར་སླེབས་དུས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ལྕགས་ར་ཤང་གཡུ་ཐོག་གྲོང་ཚོ་གསར་པར་སྐྱོད་སྐབས། རྒྱ་ཆེ་ཞིང་གཙང་སྦྲ་དོད་པའི་ཨར་འདམ་གྱི་ལམ་ངོས་དང་འཆར་འགོད་ལེགས་པོ་བྱས་པའི་ཡུལ་གཞན་དུ་གནས་སྤོའི་ཁང་གསར། ཤིང་ཆ་དང་སོ་ཕག་དཀར་པོ་ཅན་གྱི་གྱང་། གད་སྙིགས་བླུགས་སྒམ་གསར་པ། བགྲོད་ལམ་གྱི་གཡས་གཡོན་གཉིས་སུ་གྲལ་སྟར་བསྒྲིགས་པའི་གློག་སྒྲོན་གསར་པ་བཅས་ནི་དྭངས་ཤིང་གཙང་བའི་མཐོན་མཐིང་གི་བར་དུ་དེ་བས་ལྟ་ན་སྡུག་ཞིང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་བཀོད་པ་ཞིག་ཏུ་སྣང་།
གཡུ་ཐོག་གྲོང་གསར་གྲོང་མི་གསེར་ལྷས་བོད་སྐད་ཀྱི་ལམ་ནས་གྲོང་མིར་ཞིང་ཕན་སྲིད་ཇུས་འགྲེལ་བཤད་གནང་བཞིན་པ།
གསེར་ལྷ་ནི་སྡེ་དགེ་རྫོང་ལྕགས་ར་ཤང་གཡུ་ཐོག་གྲོང་གསར་གྱི་གྲོང་མི་ཡིན་ཏེ། དེ་སྔོན་ཁོང་གི་ཁྱིམ་ནི་གྲོང་ཚོ་དང་བར་ཐག་སྤྱི་ལེ་18གྱིས་ཆོད་པའི་རི་ཁུལ་ཞིག་ཏུ་ཡོད་ཅིང་། ཁང་པ་ཧ་ཅང་རྙིང་ཧྲུལ་ཡིན་ལ་ཆུ་དང་གློག་སྤྱོད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད། གྲོང་གསར་དུ་སྤོར་པ་ནས་བཟུང་། ཁོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
“ཚེ་གང་པོར་གྲོང་གསེབ་ཏུ་བསྡད་ནས་མི་ལོ་50ལ་སླེབས་དུས་འཚོ་བ་འདི་འདྲ་སྐྱིད་པོ་རོལ་ཐུབ་རྒྱུ་བྱུང་པ་ནི་སེམས་ལའང་དྲན་མ་མྱོང”ཞེས་གསེར་ལྷ་ནི་ད་ལྟའི་འཚོ་བར་ཡིད་ཧ་ཅང་ཚིམ་ཡོད་པ་རེད། ཁོང་གིས་གསར་འགོད་པར། སྔོན་ཆད་ཁོ་རང་རི་ཁུལ་དུ་བསྡད་པས་སྡོད་ཁང་གི་ཆ་རྐྱེན་རྗེས་ལུས་ཡིན་པ་སྨྲས་ཅི་དགོས། འཐུང་ཆུ་དང་གློག་གི་གནད་དོན་ཀྱང་ཤིན་ཏུ་དཀའ་ངལ་ཆེ་ཞིང་། འཐུང་ཆུ་ཡང་སྤྱི་ལེ་འགའ་ལ་སོང་ཚེ་ཁུར་ཡོང་དགོས་པ་དང་། གློག་སྤྱོད་པར་ཡང་འགན་སྲུང་ཅི་ཡང་ཡོད་པ་མ་རེད། “ད་ལྟ་འཚོ་བ་ཡག་པོ་བྱུང་ནས་ཁྱིམ་དུ་རང་འབབ་ཆུ་འཐེན་ཐུབ་སོང་། ཆུ་སྒོ་གཅུས་མ་ཐག་ཆུ་འཐུང་ཐུབ་པ་དང་། གློག་སྒོ་མནན་མ་ཐག་གློག་གཏོང་ཐུབ་པ་མ་ཟད། དེ་བས་གཙང་ཞིང་གྲལ་དག་ལ་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་གསེར་ལྷའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤར་འདུག
འདི་ནི་གཡུ་ཐོག་གྲོང་གསར་གྱི་གད་སྙིགས་གཙང་སེལ་བཟོ་བྱེད་སྒྲིག་ཆས།
གཡུ་ཐོག་གྲོང་གསར་གྱི་རིག་གནས་དཔེ་ཁང་།
གཡུ་ཐོག་གྲོང་གསར་གྱི་གྲོང་མི་གསེར་ལྷའི་འགྲུལ་ཁང་གི་བཀོད་པ།
ཡུལ་གཞན་དུ་གནས་སྤོ་བྱས་པ་དེས་གྲོང་མི་ཚོའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཡོད་དེ། གསར་འགོད་པ་གསེར་ལྷའི་ཁྱིམ་དུ་སླེབས་དུས་ཁོད་ཡངས་ཤིང་གྲལ་དག་པའི་ར་སྐོར་མཐོང་པ་དང་། ནང་མིས་སྒོར་མོ་འཚོལ་བར་ཡང་སེམས་ཤུགས་ཀྱི་ཁེངས་འདུག་པ། ནང་དུ་ཁྱིམ་སྤྱོད་གློག་ཆས་ཡོད་ཚད་འཐུས་ཚང་པས་གྲོང་ཁྱེར་གྱི་འཚོ་བ་ལྟ་བུ་ཞིག་ཆགས་འདུག་ཅིང་དེ་དག་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་ཐོགས་ལ་རགས་ལས་པས། གྲོང་མི་ཚོ་དོན་དང་མཐུན་པའི་བདེ་སྐྱིད་ཀྱི་ལམ་བུར་སྐྱོད་ཐུབ་པ་བྱུང་།