བོད་རང་སའི་ཡིད་སྤྲུལ་བཟོ་རྩལ་ཚོང་རྟགས་“བོད་ཀྱི་ཡིད་སྤྲུལ་བཟོ་རྩལ”ཞེས་པ་རྒྱ་ཆེན་བརྗེ་རེས་ཚོགས་འདུར་འགྲེམ་སྟོན་བྱས་པ།
སྤེལ་དུས 2019-04-26
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
སྣང་འཇོག་ཆེས་ཆེར་བྱེད་པའི་སྐབས125བའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་སྟེ། བསྡུས་མིང་ལ་རྒྱ་ཆེན་བརྗེ་རེས་ཚོགས་འདུ་ཞེས་པའི་དུས་སྐབས་གཉིས་པ་ཟླ4པའི་ཚེས23ཉིན་ལ་ཀོང་ཀྲུའུ་ནས་ཚོགས་འགོ་བརྩམས། བོད་ཀྱི་རིག་གནས་གསར་གཏོད་ཉིང་བཅུད་འགྲེམས་སྟོན་ལེགས་པོ་བྱེད་པ་དང་། ལྐོག་གྱུར་གྱི་གངས་ལྗོངས་ཀྱི་རིག་གནས་མངོན་པར་མཚོན་པ། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་ཁྲོམ་རའི་བརྒྱུད་ལམ་རྒྱ་བསྐྱེད་ཡོང་བ་བཅས་ཀྱི་ཆེད་དུ། སྐབས་འདིའི་རྒྱ་ཆེན་བརྗེ་རེས་ཚོགས་འདུར་བོད་ཀྱི་རྩེ་རྒྱལ་རིག་གནས་ཡིད་སྤྲུལ་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཡིད་སྤྲུལ་བཟོ་རྩལ་ཚོང་རྟགས་ཏེ་བོད་ཀྱི་ཡིད་སྤྲུལ་བཟོ་རྩལ་ཞེས་པ་བློ་གྲོས་མེ་ཏོག་དང་བྱུ་རུའི་མདོ་སོགས་བོད་ཀྱི་ཚོང་རྟགས་ གྲགས་ཅན་དང་མཉམ་དུ་འགྲེམ་སྟོན་ལ་ཞུགས།
ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་ཚོང་ཟོག་སྣ་ཁ་མང་ལ། བོད་ཀྱི་གནའ་རྫས་རིན་པོ་ཆེ་དང་ལག་བཟོས་ལུག་བལ་གྱི་སྐེ་དཀྲིས་སོགས་ཚོང་རྫས་སྤུས་ལེགས་ཡོད་པར་མ་ཟད། བོད་ཉམས་ཅན་གྱི་འགྲུལ་ཁྲེས་བྱང་ཐོ་དང་འཁྱག་སྒམ་གྱི་སྦྱར་ཤོག ཟིན་བྲིས་སོགས་ཀྱི་ཐོན་རྫས་ཀྱང་འདུག
“བོད་ཀྱི་ཡིད་སྤྲུལ་བཟོ་རྩལ”ནི་བོད་ཀྱི་རིག་གནས་གསར་གཏོད་ཐོན་ལས་ཀྱི་སྔོན་ཐོན་ཚོང་རྟགས་ཡིན་པར་མ་ཟད། བོད་རང་གི་གསར་གཏོད་རྟགས་མའི་གཅིག་བསྡུས་ཚོང་གཉེར་སྟེགས་བུ་ཞིག་ཀྱང་ཡིན། དེས་ཡིད་སྤྲུལ་བཟོ་རྩལ་མི་སྣ་ལྟེ་བ་བཟུང་ནས་བོད་ཀྱི་རིག་གནས་གསར་གཏོད་ཐོན་རྫས་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་ཡིད་སྤྲུལ་རིག་གནས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔལ་འབྱོར་སྐྱེ་ཁམས་ར་བའི་འཛུགས་སྐྲུན་ལ་རམ་འདེགས་བྱས། མིག་སྔར། “བོད་ཀྱི་ཡིད་སྤྲུལ་བཟོ་རྩལ”དང་མཉམ་འབྲེལ་བྱེད་པའི་བོད་ཀྱི་ཡིད་སྤྲུལ་བཟོ་རྩལ་མི་སྣ་དང་སྒྱུ་རྩལ་བ50ལྷག་ཡོད་པ་དང་། “བོད་ཀྱི་ཡིད་སྤྲུལ་བཟོ་རྩལ”ཚོང་རྟགས་ཀྱི་མནའ་འབྲེལ་མཉམ་འབྲེལ་ཚོང་རྟགས40ལྷག་ཡོད།


རྒྱུས་ལོན་ལྟར་ན། ཐེངས་འདིར་བོད་ཀྱི་ཡིད་སྤྲུལ་བཟོ་རྩལ་རྒྱ་ཆེན་བརྗེ་རེས་ཚོགས་འདུར་ཞུགས་དོན་ནི་བོད་ཀྱི་རིག་གནས་ཉིང་བཅུད་དང་རིག་བཟོས་ཐོན་རྫས་འགྲེམས་སྟོན་ཁོ་ནའི་ཆེད་དུ་མ་ཡིན་པར། བོད་ལྗོངས་འཕེལ་རྒྱས་ཀྱི་སྒོ་མོ་འབྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱ་བ་དང་། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱིའི་སྣེ་ཁྲིད་འོག རྒྱུད་གཅིག་ལམ་གཅིག་གི་རྒྱུད་ལམ་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ལས་དེ་ལས་མང་པོ་དང་མཉམ་དུ་མཉམ་ལས་གཉིས་ཕན་ཡོང་བར་བྱེད་པའི་ཆེད་དུའང་ཡིན། དེ་དང་མཉམ་དུ་རྒྱ་ཆེན་བརྗེ་རེས་ཚོགས་འདུའི་སྟེགས་བུ་བརྒྱུད་ནས་གནད་ཐོག་དབུལ་སྐྱོར་དང་སྤྱི་ཕན་རྣམ་གྲངས་ཀྱི་ཐོན་རྫས་མང་པོ་རྒྱ་ཆེར་འགྲེམས་པ་དང་། བརྒྱུད་ལམ་གྱི་སྒོ་ཡངས་པོར་ཕྱེ་ནས། མི་མང་པོས་བོད་ལ་རྒྱུས་ལོན་བྱ་རྒྱུར་རེ་བའང་ཡིན།

འགྲེམས་སྟོན་དངོས་རྫས་མང་པོའི་ཁྲོད་དུ་བློ་གྲོས་མེ་ཏོག་གི་བོད་སྤོས་ཐོན་རྫས་ནི་དེ་བས་མིག་དབང་འཕྲོག་པ་ཞིག་སྟེ། དེའི་ཇུས་འགོད་ཀྱི་ཐོག་མའི་རྣམ་པ་ནི་བོད་ལྗོངས་ཉིང་ཁྲི་ཁོ་ནར་ཡོད་པའི་བོད་སྤོས་ ཡིན་ལ། ཐོག་མའི་བཟོ་རྩལ་ཇུས་འགོད་ཀྱི་རི་མོ་ཧ་ཅང་སྙིང་རྗེ་བོ་ཡོད་པ་ལས་གཞན། ཀུང་སིས་ད་དུང་བོད་ཀྱི་ལྷ་རིས་པ་ཆེན་མོ་དང་མཉམ་དུ་ལྟ་ན་སྡུག་པའི་རི་མོ་6ཇུས་འགོད་བྱས་ཤིང་། རི་མོ་རེ་རེ་ལ་མཚོན་དོན་སྣ་ཚོགས་ཀྱིས་ཕྱུག་འདུག
རྒྱ་ཆེན་ཚོགས་འདུ་སྐབས་གཉིས་པ་སྒོ་ཕྱེ་བའི་ཉིན་དང་པོར། བོད་ཀྱི་ཡིད་སྤྲུལ་བཟོ་རྩལ་གྱིས་ཧིན་རྡུ་དང་བལ་པོ། དབྱི་ཐ་ལི་སོགས་ནས་ཡོང་བའི་ལག་ཤེས་བཟོ་རྩལ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་དང་སློབ་སྦྱོང་བྱས་པ་དང་། མཉམ་ལས་བྱེད་པ་ལ་ཐོག་མའི་རྨང་བཏིངས།