གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

རྔ་རྒོད་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་གི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-06-21 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

          ༄༅།།རྔ་རྒོད་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་ནི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ད་ལྟ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁུངས་སུ་གཏོགས་པའི་ཀླུ་ཤོད་ཡུལ་ཚོ་ལ་རུ་ཆེན་ལྔ་ཡོད་པའི་རེབ་ཙ་མདོ་རུ་ཆེན་རྔ་རྒོད་ཞེས་བྱ་བའི་སར་ཀླུ་དོག་གི་ཆུ་འདྲེས་མཚམས་སུ་ཡོད།
          དེ་ཡང་རི་ཁྲོད་འདིའི་གནས་སྒོ་འབྱེད་པ་བོ་ནི་རྔ་རྒོད་སྐུ་རབས་ཐོག་མ་དཀའ་བཅུ་བ་ཤེས་རབ་རྒྱ་མཚོ་མཆོག་ཡིན་ལ།  ཁོང་གིས་འབྲས་སྒོ་མང་ཆོས་གྲྭར་ཐུགས་གཉེར་མཛད་དེ་གླིང་བསེ་དཀའ་བཅུ་བ་ཐོན་ཞིང་རྔ་རྒོད་ཀླུ་འབུམ་ཕྱུག་གི་རྒྱུད་དུ་མེརྒན་དཀའ་བཅུ་གཉིས་བྱུང་བའི་ནང་གི་གཅིག་ཡིན་ལ་གཅིག་ཤོས་མེརྒན་དཀའ་བཅུ་རྡོ་རྗེ་རྒྱལ་མཚན་གྱིས་མཚོ་སྔོན་སྐུ་འབུམ་དུ་སློབ་གཉེར་གྱིས་མིང་བཏགས་བྱས་ཤིང་མཚོ་སྔོན་བསྟན་འཛིན་ཝང་གིས་བླ་མར་བཀུར་ཞིང་མེརྒན་གྱི་ཆོ་ལོ་དང་ཨ་མཆོག་སྟོད་ཀྱི་ས་བྱིན་པས་བླ་དཔོན་ཟུང་འབྲེལ་བྱས།དཀའ་བཅུ་བ་ཤེས་རབ་རྒྱ་མཚོས་སོག་སྐད་མཁྱེན་སྟབས་ལྔ་བ་ཆེན་མོ་ནས་ལོ་ཙཱ་བར་བསྐོས་ཏེ་མེརྒན་གྱི་ཆོ་ལོ་གནང་།
          ཕྱིས་གོང་ས་རྒྱལ་བའི་དབང་བོར་སྒྲུབ་པ་སྦྱང་འདུན་གྱིས་དགོངས་ཞུ་བྱས་པར་ལྔ་བ་མཆོག་གིས་དགོངས་འཁྲོལ་དང་གསོལ་དཀར་ཡུ་རིང་བཞེས་འཕྲོའི་ཇ་(མདོ་སྨད་སྤྱི་ཁྱབ་ཏུ་བསྐོས་ཤིང་ལྔ་བ་ཆེན་མོའི་བཀའ་ཤོག་ཐམ་ཀ་ཅན་ཞིག་ཀྱང་ཡོད་)བཅས་གནང་བ་རང་ཡུལ་དུ་བྱམས་སྐུ་བཞེངས་པའི་གཟུངས་གཞུག་ཏུ་ཕུལ་བ་ད་ལྟང་རྔ་རྒོད་སྡེ་ཁྲོད་དུ་བཞུགས།
          རྗེ་ཤེས་རབ་རྒྱ་མཚོ་ཚང་འདི་བ་ཕྱིར་རང་ཡུལ་དུ་ཕེབས་ཏེ་སྒྲུབ་གནས་ཀྱི་ས་རེ་གཉིས་བཏགས་ཀྱང་ཤར་དུ་སྟག་སྐྱ་བོ་དང་ལྷོར་གཡུ་འབྲུག་སྔོན་མོ། ནུབ་ཏུ་བྱ་དམར་བོ་དང་བྱང་དུ་རུས་སྦལ་སེར་བོ་སྟེ་སའི་སྲུང་བཞིས་བསྲུང་བའི་རི་གླང་ཆེན་གྱི་གཟུགས་སུ་ཡོད་པའི་རྔ་རྒོད་བསེ་མཁར་སྒང་འདི་ཉིད་དུ་སྒྲུབ་པ་མཛད།འདི་བའི་སྐུ་རབ་གཉིས་པ་དགོང་གྲངས་ཉི་ཤུའི་ནང་གཤེགས།
          དེ་ནས་རྔ་རྒོད་སྐུ་ཕྲེང་གསུམ་པ་ནམ་མཁའ་སེང་གེ་མཆོག་ནི་ཆུ་འབྲུག་ལོར་གསེར་བོ་མདོར་རྔོག་རིགས་སུ་འཁྲུངས་ཤིང་དགོང་ལོ་ལྔ་བར་གདན་སར་བཀོད་དེ་སྨན་རམས་པ་བློ་བཟང་དཔལ་འབྱོར་དགེ་རྒན་དུ་བསྟེན།བཅུ་དགུ་བར་ཏཱ་དབོན་པ་ལས་བསྙེན་རྫོགས་དང་རྩེ་དབུས་ས་རིས་པ་བསོད་ནམས་རྒྱལ་མཚན་ལས་སྒྲ་རྩིས་བསླབས། དབུས་སུ་ཕེབས་སྐབས་ནག་ཆུ་ཁར་རྒྱལ་བ་སྐལ་བཟང་རྒྱ་མཚོ་གདན་སར་སྤྱན་འདྲེན་པ་དང་མཇལ། གཙང་དབུས་སུ་གནས་མཇལ་དང་མཆོད་འབུལ་མང་འགྱེད་ཅི་ལྕོག་ཞུས། ཙ་ཡུས་ཨ་ལགས་ལས་བདེར་གཤེགས་ཀུན་འདུས་སོགས་རྙིང་བཀའ་དུ་མ་གསན་ཏེ་བླ་མའི་བཀའ་ལྟར་དེའི་སྒྲུབ་འཕྲིན་སྤེལ། རྗེ་བཙུན་མི་ལ་དང་ལྷ་མོའི་ཞལ་གཟིགས།རྡོར་ཕྲེང་རིན་འབྱུང་སོགས་བཀའ་ཆོས་མང་དུ་གནང་བས་ཙ་ཡུས་ཨ་ལགས་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ཨ་ཁྱུང་ངག་དབང་མཁྱེན་རབ། ཞབས་དྲུངས་སྤྲུལ་སྐུ། ཨ་སྐྱིད་སྟོབས་ལྡན། ཚ་ཁ་རི་ཁྲོད་པ་སོགས་སློབ་མ་འགའ་ཞིག་ཐོན། 
          དགོང་གྲངས་སུམ་ཅུ་བ་རབ་བྱུང་གཉིས་པའི་ལྕགས་བྱ་སྤྱི་ལོ་༡༧༤༡ལོར་བསེ་མཁར་སྒང་འདིར་སྒྲུབ་ཁང་བརྩིགས། དཀའ་སྤྱད་ཀྱིས་སྒྲུབ་པ་ཡུན་རིང་མཛད། ཆུ་ཕག་ལོར་ཕྱོགས་འདུས་བཅས་རི་ཁྲོད་པ་དགུ་བྱུང་བས་དབྱར་ཞལ་བཞེས་དང་།རྡུལ་ཚོན་སྟེང་ནས་འཇིགས་བྱེད་སྒྲུབ་མཆོད་ཚུགས། མི་དཀར་བོ་ཞིག་གིས་ལུང་བསྟན་པ་ལྟར་འདུ་ཁང་གཟིམས་ཁང་དང་བཅས་པ་བཞེངས། རེ་དགུ་བ་ལྕགས་བྱི་༡༧༨༠ལོར་གཤེགས་པ་དང་འཇའ་འོད་དང་རོལ་མོའི་སྒྲ་བྱུང་། 
          དེ་ཉིད་ཀྱི་སྤྲུལ་བའི་སྐུ་ལྕགས་གླང་༡༧༨༡ལོར་ཤིས་ཚང་བེའུ་གཤོང་ནས་འཁྲུངས་པའི་བློ་བཟང་བྱམས་པ་རབ་རྒྱས་མཆོག་གིས་འདུ་ཁང་སྔ་མ་རྒྱ་བསྐྱེད་དེ་ཉིས་ཐོག་དང་། གཟིམས་ཁང་སུམ་ཐོག་རྒྱ་ཁྱོན་དང་ལྡན་པ་གསར་བསྐྲུན་མཛད། འདུ་ཁང་ལོག་བྲིས་ལ་སྐལ་བཟང་གི་སངས་རྒྱས་སྟོང་སོགས་དང་། ནང་བཞུགས་རྟེན་གཙོ་རྗེ་གོང་མ་ཉིད་ཀྱི་ཕྱག་བཟོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སྐུ་སྟོད་རང་བྱུང་བྱོན་དུ་ཕེབས་པར་གྲགས་པ། དངུལ་སྲང་བརྒྱ་ཉེར་ལྔས་བཞེངས་པའི་བྱང་ཆུབ་མཆོད་རྟེན། ཨ་གཅི་ཆོས་རྗེས་ཕུལ་བའི་གསེར་ཟངས་ཀྱི་གནས་བརྟན་བཅུ་དྲུག་དང་། འཇིགས་བྱེད་བློས་བསླང་། ཅོ་ནེའི་བཀའ་བསྟན། ཉིད་ཀྱི་གདུང་རིས་ལ་ཡིག་འབྲུ་དང་ཕྱག་མཚན་ཕེབས་པ་ནང་བཞུགས་ཀྱི་སྐུ་གདུང་མཆོད་རྟེན། སྐུ་ཚེ་རྗེས་མས་ཀྱང་ཇོ་སྐུ་མི་ཚད་ལྷག ཙན་དན་ཇོ་བོ་དཀར་ཆག་ཅན། ཇོ་བོ་ཁ་སར་བ་ཎི་སོགས་ལི་སྐུ་མང་བོ། མཆོད་རྫས་དང་དགོས་ཆས་ཐམས་ཅད་བསྒྲིགས། ཀུན་རིག་གི་སྐྱོར་རྟ་བཙུགས། འགྲིག་ལམ་ལ་དོ་དམ་རྟིང་བསྐུལ་རྒྱུན་བསྐྱངས་པས་གྲྭ་གྲངས་བཞི་བཅུ་ལྷག་ལ་སྒྲུབ་སྡེ་ངོས་གཙང་བ་ཡོད། མགོན་ཁང་དུ་རྗེ་གོང་མས་ས་མཐེབ་ཀྱུ་རེ་དང་སྔགས་རེ་གསུངས་ཏེ་བཞེངས་པའི་མགོན་པོ་བྱིན་ཅན། གཟིམས་ཁང་དུ་བྱམས་སྐུ་ལི་མ་ཁྲུ་ལྔ་ལྷག་ལ་སྲས་ཀྱི་ཐུ་བོ་གཉིས་དང་ཉེ་སྲས་ལྡེམ་སྐུ་ཤིང་ལས་བཞེངས་པ། རྗེ་ཉིད་ཀྱི་སྐུ་གདུང་མཆོད་རྟེན། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན། རྣམ་རྒྱལ་མཆོད་རྟེན། གཞན་འཇམ་དབྱངས་ཁང་། རྟ་མགྲིན་ཁང་། མགོན་ཁང་སོགས་སུ་སྐུ་བརྙན་ཤིན་ཏུ་མང་བོ། སྐྱེ་རབས་བརྒྱ་བ། མར་མིའི་རྣམ་ཐར་སོགས་ཞལ་ཐང་གྲས་མཚུངས་དུ་མ། ཕྱག་དཔེ་པོཏ་བརྒྱ་ཕྲག་བརྒལ་བ།མ་ཅིག་ལབ་སྒྲོན་གྱི་དབུ་སྐྲ་དང་རྐང་གླིང་། བཀའ་གདམས་མཆོད་རྟེན་བྱིན་ཅན་གསུམ། མཆོད་ཆ་ཡོ་བྱད་གང་ཅི་ནས་གྲ་དག་པའི་དཔེར་འོས་ཤིང་རྔ་རྒོད་སྐུ་ཕྲེང་ན་རིམ་གྱིས་སྐལ་ལྡན་གྱི་འགྲོ་བ་སྐྱ་སེར་མང་བོ་ཆོས་ལ་བཀོད་དེ་ཡུལ་ལ་བཀྲ་ཤིས་ལོ་ལེགས་དང་སྒྲུབ་པར་གཞོལ་བའི་སྐྱེ་བུ་དམ་པ་རེ་འགའ་འང་བྱུང་མྱོང་།
          དེ་ལྟར་སོང་བའི་སྤྱི་ལོ་༡༩༤༣ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་མཆོག་གིས་ཁྱུང་རི་ཐང་གི་གནས་སུ་མུ་ཏོ་དགོན་དང་ཨ་མཆོག་བཀྲ་ཤིས་གཡུ་ལུང་འཁྱིལ་བ།རྔ་རྒོད་བསེ་མཁར་སྒང་བཀྲ་ཤིས་བཤད་སྒྲུབ་གླིང་པདྨའི་སྟེང་སོགས་དགོན་པ་བཞི་ཕྱོགས་གཅིག་ཏུ་བསྡུས་ཏེ་ཀླུ་ཤོད་ཁྱུང་རི་ཐང་བཤད་སྒྲུབ་བསྟན་དར་གླིང་བཏབ་པ་ནས་བཟུང་ད་ལྟའི་བར་རི་ཁྲོད་ཁོ་ན་ལས་གནས་འདིར་སྒྲུབ་སྡེ་མེད།
          དེ་ནས་སྤྱི་ལོ་༢༠༠༦ལོར་རི་ཁྲོད་པ་བསོད་ནམས་རྒྱ་མཚོས་དམངས་སྒོར་ཆིག་སྟོང་གིས་ཞལ་འདེབས་ཀྱིས་སྐུལ་བ་དང་༢༠༠༧ལོར་རྔ་རྒོད་སྡེ་བའི་དད་ལྡན་ཕོ་མོ་ཚོས་འཚོགས་བསགས་ཕྱིར་ཆུ་དང་ས་རྡོ་རྒྱབ་ཏུ་ཁུར་ནས་བྱང་ཆུབ་མཆོད་རྟེན་མཐོང་བ་རང་གྲོལ་ཟླ་བཞི་བར་བཞེངས་འགོ་ཚུགས་ཤིང་ལོ་དེའི་ཟླ་བདུན་པར་ཡོངས་སུ་གྲུབ་པར་གྲྭ་ཚང་ཕེབས་ནས་རབ་གནས་ཀྱི་ཆོ་ག་སྤེལ།མཆོད་རྟེན་ལ་སྲོག་ཤིང་བཞུགས་སྐབས་འབྲུག་གྲགས་པ་དང་རང་སྡེའི་གྲྭ་བ་ཞིག་གི་མཚན་ལམ་དུ་རྒྱ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ནམ་མཁར་བྱོན་ཏེ་ཁྲུས་གསོལ་ཞིང་ཕྱག་ནས་འོད་ཟེར་སྤྲོས་ཏེ་མཆོད་རྟེན་ལ་ཕོག་ཅིང་མཆོད་རྟེན་ལས་ཀྱང་འོད་འཕྲོས།དེ་ནས་ནམ་མཁའ་ནས་ཕྱིར་ཕེབས་བཞིན་པར་ཁོས་ངུ་ཞོར་ང་ལ་ཐུགས་རྗེ་མི་གཟིགས་སམ་ཞེས་པར་ལན་དུ་ཞལ་ཕྱིར་གཟིགས་ཏེ་རྗེས་སུ་འཕྲད་འོང་གསུངས་ཤིང་མི་མངོན་པར་གྱུར་བ་སོགས་རྟགས་མཚན་ཡ་མཚན་པ་མང་བོ་བྱུང་བ་དང་བྱང་ཆུབ་མཆོད་རྟེན་གྱི་སྲོག་ཤིང་གི་སྤེལ་ཚིག་ལ་གུང་ཐང་སྐུ་ཕྲེང་བདུན་པའི་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོས་ཕྱག་བྲིས་གནང་བས་བཀའ་དྲིན་བསྐྱངས་པ་སོགས་ནང་རྟེན་བསམ་གྱིས་མི་ཁྱབ་པ་ཡོད་མོད་འདིར་དེ་ཙམ་ལས་འཐུས་པར་བྱ་ཞིང་རྟེན་བཤད་ལས་ཤེས་པར་བྱ།
          གངས་ཅན་བསྟན་འགྲོའི་མངའ་བདག་སྐྱབས་མགོན་ཐམས་ཅད་མཁྱེན་པ་བཅུ་བཞི་བ་ཆེན་མོའི་ཞལ་བཀོད་ལྟར་ཨ་ལགས་ཀིརྟི་རིན་པོ་ཆེས་ལོ་ངོ་གསུམ་ལ་ཐུགས་རྗེ་ཆེན་པོའི་སྐུ་མཚམས་བཅད་དེ་ཐུགས་སྨོན་ལ་མདོ་ཁམས་ནས་ཕྱག་ཕྲེང་གི་གྲངས་དང་མཉམ་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་བརྒྱ་དང་བརྒྱད་བཞེང་བར་གཟུངས་གཞུག་ཕུལ་བའི་ཕྱག་ཕྲེང་བྱིན་རླབས་ཀྱི་མཚན་ཁ་འབར་བས་ནང་རྟེན་ཅན་ཐུགས་རྗེ་ཆེན་པོ་མཐོ་ཚད་ལ་ཁྲུ་དྲུག་ཅན་གྱི་གཙོ་སྐུ་(གཙོ་སྐུ་གསེར་ཟངས་ཀྱི་རྒྱུ་ཅན་ཉིས་སྟོང་བཅུ་ལོར་སྐུ་འབུམ་ནས་གདན་དྲངས་)དང་རྔ་རྒོད་སྐུ་ཕྲེང་བརྒྱད་པའི་གདུང་རྟེན་སོགས་ལི་མ་དང་སྐུ་བརྙན།རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་གསུང་རབ་མང་བོ་བཞུགས་པའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་༢༠༡༠ལོར་བཞེངས་འགོ་བཙུགས་ཤིང་༢༠༡༢ལོའི་ཟླ་ལྔ་བར་བཞེངས་གྲུབ།གཞན་ཡང་བྲག་ངོས་སུ་འཕགས་པ་ཀུན་ཏུ་བཟང་བོ་དང་འོད་དཔག་མེད་རང་བྱུང་སོགས་ད་ལྟའང་མཇལ་རྒྱུ་ཡོད།