རྒྱལ་དགེ་དགོན་བཀྲ་ཤིས་རབ་བརྟན་གླིང་།
སྤེལ་དུས 2018-07-12
ཡོང་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་པ་པོ། རྒྱལ་དགེ་ངག་དབང་དགེ་ལེགས།

ཆོས་སྡེ་འདི་ཉིད་སུ་ཁྲོན་མཛོད་དགེ་རྫོང་གི་མངའ་ཁོངས་སུ་ཡོད་ལ། དེ་ཡང་མཛོད་དགེ་ཤོག་བཅུ་གཉིས་ཀྱི་མ་དགོན་དུ་གྲགས་པ་རྒྱལ་དགེ་དགོན་བཀྲ་ཤིས་རབ་བརྟན་གླིང་འདི་ཉིད་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་སོགས་ལས་གསལ་བའི་ཡུལ་གངས་ཅན་གྱི་སྙན་ངག་མཁན་ངག་དབང་ཆོས་གྲགས་དཀོན་མཆོག་གྲུབ་པའི་སྡེ་ཞེས་གངས་ལྗོངས་མཁས་དབང་དུ་མས་མགྲིན་གཅིག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་རྗེ་དེ་ཉིད་ཀྱིས་མཛད་པའི་རྗེའི་རྟོགས་བརྗོད་སྙན་ངག་མེ་ཏོག་ཆུན་པོའི་མཛད་བྱང་དུ་ལྕགས་ཕོ་སྤྲེའུའི་ལོར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་རབ་ཏུ་བརྟན་པའི་གཙུག་ལག་ཁང་རྒྱལ་མཚན་མངོན་པར་མཐོ་བའི་གཟིམས་ཁང་དུ་སྒྲུབ་པར་བགྱིས་ཞེས་པར་དཔག་ན་རབ་བྱུང་བརྒྱད་པའི་བགྲང་བྱ་བཅུ་ཡས་མས་སུ་(སྤྱི་ལོ་༡༤༨༦ནས་༡༥༠༠བར)ཕྱག་བཏབ། དེ་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་རྗེས་བདག་སྐྱོང་གནང་། ཡུལ་ཁམས་འདིར་ཆེས་སྔ་ཤོས་ཀྱི་དགོན་པ་དང་མ་དགོན་དུ་གྲགས། མཛོད་དགེ་སྤྱི་དཔོན་སངས་རྒྱས་བཟང་གིས་གཙོས་ཤོག་བཅུ་གཉིས་ནས་མཆོད་འབུལ་དུས་ཇ་སོགས་བསྙེན་བཀུར་མཛད་ནས་མཛོད་དགེའི་ས་ཡིག་དང་ཐེལ་ཚེ་དག་གི་བདག་པོའི་གདན་བྱིན།པཎ་ཆེན་དགེ་འདུན་གྲུབ་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱིས་མཛོད་དགེ་སྤྱི་དང་ཆོས་སྡེ་འདི་ཉིད་ལ་གནང་བའི་བཀའ་ཤོག་ཐེལ་ཚེ་དང་ལྡན་པ་དག་ད་ལྟ་ཡང་མ་ཉམས་པར་ཡོད། ངག་དབང་ཆོས་གྲགས་རྒྱ་མཚོ་དགོངས་པ་ཆོས་དབྱིངས་སུ་ཐུམ་རྗེས། དགོན་པ་མཛོད་དགེའི་དཔོན་པོ་རྣམས་ཀྱིས་བདག་སྐྱོང་དང་བཞེངས་འཇོག་བྱས། མཛོད་དགེའི་དཔོན་ཚང་ལྷ་ཁང་དུ་འབྲོག་ཤོག་ཁ་བརྒྱད་དང་རོང་ཤོག་ཁ་བཞི་བཅས་དཔོན་པོ་རྣམས་ཀྱི་གདན་ཐོབ་ཡིག དཔོན་རབས་དག་གི་ལོ་རྒྱུས་མི་དམན་པའི་བྱས་རྗེས་གསལ། མཛོད་དགེའི་དཔོན་པོ་སུའི་མངའ་འོག་ཏུ་དགོན་པ་སོགས་གསལ་དུ་བཏབ་ཚེ་དཔོན་ཚང་ལྷ་ཁང་དུ་དཔོན་པོ་སྤྱི་ནས་ས་ཡིག་སོགས་ཆོག་མཆན་ཐོབ་རྗེས། ལི་མ་ཁང་ནས་ཐོག་མར་རྟེན་སྐལ་གནང་བ་སོགས་ཀྱི་སྲོལ་ཡོད། དེ་ནས་ལོ་ངོ་བརྒྱ་ཕྲག་ལྷག་སོང་སྐབས་སུ་གཙང་ནས་མཛོད་དགེའི་ཁྲི་བའི་ཐོག་མར་མངགས་ཏེ་དགོན་འདིའི་འགྲིག་ལམ་དང་ཕྱོགས་གང་ཐད་ནས་བདག་གིར་བྱས། རིམ་བཞིན་མངའ་རིས་པ་ལེགས་པ་རྒྱལ་མཚན། ཁྲི་མདངས་ཅན་པ་བློ་བཟང་དོན་གྲུབ། ཧར་གདོང་བ་དཀའ་ཆེན་ཡེ་ཤེས་དཔལ་འབྱོར་(འདི་བས་འབྲོག་ཕྱོགས་ཀྱི་གདུལ་བྱར་དམིགས་ནས་ཁང་གསར་དགོན་བཤད་སྒྲུབ་ནོར་བུའི་ཕྱག་འདེབས་གནང་། དེ་ཕྱིན་ཆད་རྒྱལ་དགེ་དགོན་འདི་དང་ཁང་སར་དགོན་གཉིས་བཀྲ་ཤིས་ལྷུན་པོ་ནས་ཕེབས་པའི་ཁྲི་བ་རིམ་བྱོན་གྱིས་བདག་གིར་མཛད་པ་སོགས་བཀའ་ཤོག་དག་ན་གསལ། )སོགས་ཁྲི་བ་རིམ་བྱོན་དང་། རྒྱལ་དགེ་ཚང་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་ཀྱིས་བསྐྱངས་ཤིང་། དེ་མིན་ཀུན་མཁྱེན་ངག་དབང་བརྩོན་འགྲུས། གུང་ཐང་བསྟན་པའི་སྒྲོན་མེ། ཀིརྟི་བློ་བཟང་འཕྲིན་ལས་སོགས་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅགས་པ་དང་ཆོས་བཀའ་གནང་མྱོང་བ་མ་ཟད། ལྷག་ཏུ་ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་དངོས་སུ་རབ་གནས་གནང་བའི་འདུ་ཁང་ཡང་དུས་འགྱུར་སོགས་ཀྱིས་མ་འཇིག་པ་བཞུགས་ཡོད་དོ།།
ད་ལྟ་རྒྱལ་དགེ་ཚང་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་བློ་བཟང་དཀོན་མཆོག་རྒྱ་མཚོ་དཔལ་བཟང་བོའི་ཐུགས་བསྐྱེད་བཀའ་དྲིན་འོག་དགེ་འདུན་པ་བརྒྱ་ཕྲག་གཅིག་ལ་ཉེ་བ་ཙམ་གྱིས་གཞི་གསུམ་གྱི་ཉམས་ལེན་གྱིས་གཙོས་རྒྱུད་སྡེ་བཞིས་ཆོས་སྤྱོད་དང་འདོན་རྟ་དབྱངས་དང་། ཐུན་མོང་རིག་གནས་སོགས་ལ་སྦྱང་བཞིན་པའི་སྐབས་ལེགས་སོ།།རྒྱས་པར་ཤེས་འདོད་པ་ཚོས་དགོན་འདིའི་བྱུང་རིམ་མདོ་ཙམ་བརྗོད་པ་དད་གསུམ་པདྨོ་རྒྱས་པའི་ཉིན་བྱེད་ཅེས་པར་གཟིགས་པར་ཞུ།