གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

རྐང་ཚའི་དགོན་ཆུང་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2018-09-20 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། ཤེས་རབ་བཟང་བོ།
          རྐང་ཚའི་དགོན་ཆུང་དགེ་ལྡན་ལུང་རྟོགས་ཆོས་འཕེལ་གླིང་འདི་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོངས་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་ཁོངས་སུ་ཡོད།
          རབ་བྱུང་བཅུ་གཅིག་པའི་ནང་རྐང་ཚ་གོང་མའི་རུ་རྨ་ཕ་རིའི་དར་རྒན་གཞུང་ནས་མཚོ་སྔོན་པོའི་ཉིན་ཕྱོགས་སུ་ཡོང་སྐབས་རྨ་ཕ་རིའི་རྐང་ཚའི་དགོན་པ་ནས་གྲྭ་བ་ལྔ་དྲུག་ཅིག་ལ་སྐུ་གསུང་ཐུགས་རྟེན་གྱི་རྟེན་སྐལ་གནང་སྟེ་རྐང་ཚ་གོང་མའི་རུ་དང་མཉམ་དུ་འོངས་ནས་རྐང་ཚའི་དགོན་ཆུང་གི་རྟེན་གཞི་ཐོག་མ་ཆགས།དུས་དེར་མིང་ལ་རྐང་ཚའི་སྤྱི་བ་ཟེར།སྤྱི་བ་ཟེར་དོན་ཀྱང་རྐང་ཚ་གོང་མ་སྤྱིའི་སྲུང་བའམ་རིམ་གྲོ་བསྒྲུབ་མཁན་ཡིན་པས་དེ་ལྟར་དུ་གྲགས་སོ་སྙམ།
          རྐང་ཚ་གོང་མ་འབྲོག་པ་ཡིན་སྟབས་རེ་ཞིག་དགོན་གནས་ལ་ངེས་པ་མེད་པར་རྐང་ཚ་གོང་མའི་རུ་གང་དུ་གནས་སྤོར་ན་དེ་དང་མཉམ་དུ་རྐང་ཚའི་སྤྱི་བ་ཡང་གནས་སྤོར་བ་ཡིན། སྤྱི་བའམ་དགོན་པ་དེ་ཐོག་མར་མཚོ་ཉིན་གྱི་བྲག་དམར་ལྷུན་པོ་རུ་ཆགས། དེ་རྗེས་ཅོང་གི་བཀྲ་ཤིས་འབྱུང་གནས།དེ་རྗེས་མུ་རིའི་རི་རྒན་སྟེགས། དེ་རྗེས་ཅོང་གི་ཁྲ་རིང་།དེ་རྗེས་བཱ་ཡན་རི་ཞོལ་དུ་ལོ་མང་བོར་གནས། དེའི་ཚེ་ཞྭ་དམར་པཎྚི་ཏ་ཕེབས་ཏེ་གྲྭ་ཚང་གི་འགྲིག་ལམ་ཀུན་སྤྱོད་ཀྱི་ཕྱོགས་ལ་ཐུགས་བཀོད་ཞིབ་རྒྱས་གནང་སྟེ་དགོན་པའི་མཚན་ལའང་དགེ་ལྡན་ལུང་རྟོགས་ཆོས་འཕེལ་གླིང་ཞེས་གསོལ།
          དེ་ནས་བཟུང་རྗེ་ཞྭ་དམར་པཎྚི་ཏ། ལ་མོའི་ཞབས་དྲུང་དཀར་བོ་མཁས་གྲུབ་མཚན་ཅན། ཀུན་སྤངས་རི་ཁྲོད་པ་འོད་ཟེར་རྒྱ་མཚོ་གསུམ་གྱིས་སྐྱོང་བཀུར་བླ་མེད་གནང་བས་དགོན་པ་འདི་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་བྱུང་། སྤྱི་ཚོགས་རྙིང་བའི་སྐབས་མེ་ཏོག་ལུང་བར་དགོན་པའི་རྟེན་དང་བརྟེན་པ་ཚད་ལྡན་བཞེངས།
          དེར་མ་ཟད་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ཀྱང་དགོན་པ་འདིའི་ལྷ་སྡེ་རྐང་ཚ་གོང་མའི་ཡབ་མདོ་སྔགས་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཨ་མྱེས་བཱ་ཡན་མདུན་དུ་སྤྱི་ལོ་༡༩༤༨ལོའི་ཧོར་ཟླ་བཞི་བའི་ཚེས་གཅིག་ཉིན་སྐུ་འཁྲུངས་བས་དགོན་པ་འདི་ལ་སྔ་ན་མེད་པའི་གཟི་བྱིན་དང་དགེ་མཚན་དར་བའི་རྟགས་མཚན་བྱུང་། དེ་ནས་ལོ་བཅུ་ཕྲག་ཙམ་སོང་རྗེས་དུས་འཁྲུགས་བྱུང་།
          སླར་ཡང་བསྟན་པ་ཡང་དར་སྐབས་སུ་སླེབ་ཚེ། དེ་ཡང་ཀུན་མཁྱེན་དྲུག་པ་ཆེན་པོའི་ཞལ་ནས། དུང་དཀར་བོ་གཡས་སུ་འཁྱིལ་བ་ལ།།དར་དམར་བོ་ར་གའི་ཅོད་པན་ལྡན།།ཐང་ཡངས་པོ་གཡུ་ཡི་མཎྚལ་ལ།།ཞྭ་སེར་བོའི་དགེ་འདུན་ཁྲིམས་གཙང་མང་།།ཞེས་གསུངས་པ་ཇི་བཞིན།སྟོད་ན་ཨ་མྱེས་རྫ་དམར་དང་བཱ་ཡན་སོགས་རྫ་རིའི་ཕྲེང་བ་གཅིག་ནས་གཅིག་ཏུ་བརྗིད་ཅིང་།བར་ན་དུང་དཀར་ལུང་བ་སོགས་ལུང་ཆེན་དང་ལུང་ཕྲན་དུ་མ་ཕྱོགས་ཕྱོགས་སུ་གྱེས་ཤིང་།སྨད་ན་གཡུ་མདོག་གི་སྤང་ཐང་དཀྱིལ་དུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་སྔོ་ལྟེམ་མེར་འཁྱིལ་བའི་ལྷའི་ཡུལ་ས་ལ་འཕོས་པ་ལྟ་བུའི་ཡུལ་འདིའི་ཕངས་པར་ཆགས་པའི་ཆོས་སྡེ་རྣམས་ཀྱི་ཁྲོད་ན་སྐར་ཆེན་བཞིན་འོད་དུ་འཚེར་བའི་ཕྱི་གཙང་ནང་གཙང་གི་ཞྭ་སེར་རིང་ལུགས་འཛིན་པའི་རྐང་ཚའི་དགོན་ཆུང་དགེ་ལྡན་ལུང་རྟོགས་ཆོས་འཕེལ་གླིང་འདི་ཉིད། སླར་ཡང་བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང་གི་ལོ་སྟེ།སྤྱི་ལོ་༡༨༥ལོར། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་དྲུག་པ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ཡབ་ཡུམ་ལྷན་རྒྱས་ཕ་ཡུལ་དུ་ཐོག་མར་ཕེབས་སྐབས་དུང་དཀར་ལུང་བ་འདིར་ས་གཟིགས་མཛད་དེ་ཆོས་སྡེ་འདི་དངོས་སུ་བསྐྱར་འདེབས་མཛད།
          དགོན་པ་འདིའི་ནང་དུ་སྐྱབས་མགོན་མཆོག་གི་གནང་བའི་རྟེན་གྱི་གཙོ་བོ་ཁྱད་ཆོས་གསུམ་ལྡན་གྱི་ཐུབ་སྐུ་སོགས་སྐུ་གསུང་ཐུགས་རྟེན་མང་བོ་བཞུགས་པ་དང་། ཁྱད་པར་དུ་ཁོང་རིན་པོ་ཆེ་ཉིད་ཀྱིས་བཅའ་ཡིག་སོགས་སུ་གཏན་ལ་ཕབས་པའི་ཉམས་ལེན་གྱི་རིམ་པ་དབྱར་དགག་གསོ་གསུམ་གྱི་ལས་དང་།བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་སོགས་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གྲྭ་མ་ཉམས་གྲུ་མ་ཞིག་པར་གྲུ་བཞི་ལམ་མེར་བཞུགས།
          ལོ་རབས་དགུ་བཅུ་བའི་ནང་རྐང་ཚ་གོང་མ་དགོན་གྲོང་གཉིས་ཀྱིས་ཀུན་མཁྱེན་དྲུག་པ་མཆོག་ལ་དགོན་འདི་སྐྱོང་དགོས་པའི་གསོལ་བ་གང་མང་ཞུས་མཐར་ཞལ་གྱིས་བཞེས་ཏེ་ད་ལྟ་ཁོང་ཉིད་ཀྱིས་ཐད་ཀར་གཟིགས་སྐྱོང་གནང་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་རྡོ་རམས་པ་དཀོན་མཆོག་སྦྱིན་པ་དང་། དགེ་བཤེས་བསྟན་པ་རྒྱ་མཚོ། རྡོ་རམས་པ་གཙང་སྐོར་བློ་བཟང་བཀྲ་ཤིས། དགེ་བཤེས་ཡེ་ཤེས་རྒྱ་མཚོ། དགེ་བཤེས་གསེར་ལག་ཚུལ་ཁྲིམས་། རྡོ་རམས་པ་ལ་ཁ་ཚུལ་ཁྲིམས་རྒྱ་མཚོ་སོགས་སྔ་གཞུགས་ཏུ་དགེ་རྒན་དུ་མངགས་ཏེ་ལམ་རིམ་བློ་སྦྱོང་སྐོར་དང་། དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས། སུམ་རྟགས་དག་གསུམ་སྙན་ངག་སོགས་རིག་གནས་སྐོར་ཁྲིད་བཞིན་པ་དང་། གཞན་ཡང་ཐོས་བསམ་གླིང་གི་དབུ་མཛད་ཟུར་བ་ཨ་ཁུ་དོན་འགྲུབ་ཚང་དང་། རྒྱུད་པ་གྲྭ་ཚང་གི་ཨ་ཁུ་འཇམ་དབྱངས་སྦྱིན་པ། སྨན་པ་གྲྭ་ཚང་གི་ཨ་ཁུ་གྲགས་པ་ཚང་། དུས་འཁོར་གྲྭ་ཚང་གི་ཨ་ཁུ་བསོད་ནམས་ཚང་བཅས་མངགས་ཏེ་ཆོ་འཕྲུལ་སྨོན་ལམ། འཇིགས་བྱེད་དཔའ་གཅིག ཀུན་རིག མི་འཁྲུགས་པ། སྨན་བླ་བཅས་ཀྱི་འདོན་རྟ་དབྱངས་ཕྱག་རྒྱ་བཅའ་བཟོ་སོགས་ཚད་ལྡན་བསླབས་ཏེ་ཆོས་སྡེ་འདི་དབྱར་མཚོ་བཞིན་དར་རྒྱས་སུ་འགྲོ་བཞིན་པ་ལགས་སོ།།
          དགོན་པ་འདི་ལ་ལོ་ངོ་བཞི་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་པས་མདོ་སྨད་ཀྱི་དགེ་ལུགས་པའི་དགོན་པ་སྔ་ཤོས་ཀྱི་གྲས་སུ་གཏོགས། ད་ལྟ་རི་ཁྲོད་པ་འོད་ཟེར་རྒྱ་མཚོའི་ཡང་སྤྲུལ་ཨ་ལགས་བློ་བཟང་འཕྲིན་ལས་ཚང་གཙོས་གྲྭ་བ་བརྒྱད་ཅུ་ཡས་མས་བཞུགས།