ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

མར་སྙུང་བྱམས་པ་གླིང་།

སྤེལ་དུས 2018-11-08 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           མར་སྙུང་བྱམས་པ་གླིང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་ཆུ་བོ་ཞང་གི་ ཁོངས་སུ་ཆགས། དགོན་སྡེ་འདི་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་དགོན་རྙིང་ཞིག་ཡིན། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལའོ་ཁྲི་ལོ་གསུམ་པ་སྟེ་རབ་བྱུང་བདུན་པའི་ཤིང་བྱ(༡༤༠༥)ལོར་དཔལ་ལྡན་དབང་ཕྱུག་གིས་སྟོང་དཔོན་གྱི་གོ་གནས་རྒྱུད་འཛིན་བྱས་པའི་རྗེས་སུ། གྲྭ་བ་བརྒྱ་ལྷག་ཁྲིད་ནས་ཐོ་ཇུའི(ལིན་ཐན)པཱེ་ཡཱང་ཕའོ་སྡེ་བ་རུ་མར་སྙུང་དགོན་པ་གསར་འདེབས་མཛད། ཁོས་མིང་རྒྱལ་རབས་ཀྱི་དམག་དཔོན་ཚའོ་གོ་ཀུང་གི་རྗེས་སུ་འབྲངས་ཏེ་ཏའེ་ཀྲོའུ(ད་ལྟ་ཐེ་བོ་རྫོང་ཁོངས)འདུལ་པར་བྱས་རྗེས་བཞག་པས། ཁོང་ལ་ཆེས་ཆེར་སྐྱོབ་མཛད་ས་མ་ཏིབཀྴི་དང་བླ་དཔོན་ཟིན་ཀོང་གི་ཆོ་ལོ་གནང་། ཏ་ཆིང་གོང་མ་ཅཱ་ཆིན་ གྱི་སྐབས་སུ་སྐུ་ཕྲེང་བཞི་བ་སངས་རྒྱས་ཚེ་རིང་ལ་ཆེད་སྐྱོང་བསྒོམ་གསལ་ངོ་མཚར་སློབ་དཔོན་གྱི་ཆོ་ལོ་གནང་ཟེར། ཆིང་གོང་མ་ཅཱ་ཆིན་གྱི་སྐབས་སུ་སྐུ་ཕྲེང་ལྔ་བ་ཤོ་བ་རྒྱལ་མཚན་པེ་ཅིན་ལ་གོང་མར་དགོན་མིང་ཞུ་བར་ཕེབས་པ་ལ་གོང་མས་མར་སྙུང་དགོན་བྱ་བའི་དགོན་པའི་མཚན་དེ་གནང་། དགོན་པ་འདི་བཏབ་པ་ནས་ད་ལྟའི་བར་ལོ་དྲུག་བརྒྱ་ལྷག་འདས། དེའི་རིང་ལ་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་སྐྱེས་ཆེན་དམ་པ་འགའ་རེ་བྱོན། དེ་དག་ལས་ལ་ལ་ནི་པེ་ཅིན་ལ་ཕེབས་ནས་སྐབས་དེའི་གོང་མར་དབང་ལུང་སོགས་ཀྱི་ཆོས་ཕུལ་བ་དང་། ལ་ལ་སོག་པོ་དང་མན་ཇུ་རིགས་ཀྱི་ཆིན་བང་གིས་དགོན་པའི་བདག་པོར་བཀུར། དེ་བས་མཚན་སྙན་གྱི་གྲགས་པ་ཆེས་ཆེར་རྒྱས་པའི་ཟིན་ཀོང་སྐུ་ཕྲེང་དྲུག་པ་མཐའ་དབང་རྒྱལ་མཚན་གྱི་ནུ་བོ་བཀྲ་ཤིས་གྲགས་པ་ནི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ལ། བན་ལི་ཁྲི་ལོ་བཅུ་བཞི་པ་སྟེ་རབ་བྱུང་བཅུ་པའི་ཤིང་བྱ(སྤྱི་ལོ༡༥༨༥)ལོར་པེ་ཅིན་ལ་ཕེབས།  གོང་མས་ཆོས་སྐྱོང་སྒོམ་གསལ་ངོ་མཚར་སློབ་དཔོན་ཞེས་པའི་ཆོ་ལོ་དང་ཧོ་ཐོག་ཐུའི་ཆོ་ལོ་གནང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་བར་བླ་རབས་བཅུ་ལྷག་འཁྲུངས་ཤིང་སོག་པོ་དང་མན་ཇུ་རིགས་ཀྱི་དད་ལྡན་མང་ཚོགས་ཀྱིས་བཀུར་གཟོ་ཆེན་པོ་བྱས། ཟིན་ཀོང་སྐུ་འཕྲེང་བཅུ་བ་གྲགས་པ་རྒྱ་མཚོ་གོང་མ་ཆན་ལུང་གི་བཀའ་ལྟར་པེ་ཅིན་ལ་ཕེབས་ནས་ཡོངས་འཛིན་དུ་བཀུར། སོག་པོའི་ཀྲིན་ཧོང་ཆིས་དགོན་པའི་ཁྲི་བར་བཞུགས། ཟིན་ཀོང་སྐུ་ཕྲེང་བཅུ་གཅིག་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་གཅེན་ངག་དབང་རིན་ཆེན་གྱིས་གོང་མ་ཆན་ལུང་ཁྲི་ལོ་བཅུ་བཞི་བ་སྟེ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(སྤྱི་ལོ༡༧༤༩)ལོར་ཀུང་ཁྲང་ཧྥུའུ(ད་ལྟའི་ཀན་སུའི་ཞིང་ཆེན་ལུང་ཞི་རྫོང)བན་ཧྲོའེ་ཟི་བྱ་བའི་དགོན་པ་བསྐྱངས། མར་སྙུང་དགོན་པ་འདིའི་དགོན་ལག་ལ། དྲིན་དྲན་རི་ཁྲོད་དང་ཆུ་ལུང་རི་ཁྲོད། ལོ་རུ་རི་ཁྲོད། བྲག་སྒམ་ནང་རི་ཁྲོད།   མདོ་རྩ་རི་ཁྲོད། ཨ་སྨོན་རི་ཁྲོད། ཕན་ཡོན་རི་ཁྲོད། རྒྱལ་ལུང་རི་ཁྲོད་སོགས་ཡོད། དགོན་པ་ཆེས་ཆེར་དར་དུས་གྲྭ་བ་དགུ་བརྒྱ་ལྷག་བཞུགས་སྐད། དགོན་འདིར་བླ་སྤྲུལ་བརྒྱད་བཞུགས་ པའི་དང་པོ་མར་སྙུང་སྐུ་ཕྱོགས་ནི(ཡོངས་གྲགས་ལ་བླ་མ་ཆེ་བ་ཟེར)གོང་མ་ཆན་ལུང་སྐབས་ཀྱི་དགོན་བདག་གི་རྒྱུད་པ་བསོད་ནམས་བློ་བཟང་ཉི་མ་སྐུ་གཤེགས་རྗེས་སྤྲུལ་སྐུ་མཁར་ཆེན་ ནས་འཁྲུངས་པ་དགོན་པར་དྲངས་ཏེ་མར་སྙུང་སྐུ་འཕྲེང་དང་པོ་སྟེ་བླ་མ་ཆེ་བར་བཀུར། བླ་རབས་བདུན་བྱོན། སྐུ་འཕྲེང་བདུན་པ་མེང་གོ་ལོ་བཅུ་དགུ་པ་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ(སྤྱི་ལོ༡༩༠༣)ལོར་ཁང་ཐོག་ནས་ལྷུང་སྟེ་སྐུ་གཤེགས། བླ་མ་གཉིས་པ་ནི་མཁར་ཆེན་པ་བློ་བཟང་ལེགས་བཤད་རྒྱ་མཚོ་སྟེ(ཡོངས་གྲགས་ལ་བླ་མ་ཆུང་བ་ཟེར)། མཱ་བསྟན་པའི་རྒྱལ་མཚན་གྱི་རྒྱུད་དུ་གཏོགས། བླ་མ་ཆེ་བ་དང་ཆུང་བ་ཞེས་པ་དེ་དགོན་བདག་གི་རྒྱུད་པ་གདན་སར་བཀོད་པ་ལ་ཟེར། ཁོ་ཚོར་དགོན་བདག་གི་དབང་ཆ་ཡོད། དེའི་འཕྲོར་བླ་མ་མར་སྙུང་རབ་འབྱམས་པ་དང་སྐྱ་བླ་མ། བླ་མ་གོར་ལུང་ནང་བ། མར་སྙུང་ཆོས་རྗེ་ནམ་མཁའ་རྒྱལ། ཨ་མྱེས་སྨ་ར་ཅན་དང་ཆོས་རྗེ་ཀུན་སྤངས་བློ་བཟང་དར་རྒྱས་སོགས་འཁྲུངས་མྱོང་།
           མདོ་སྨད་ཆོས་འབྱུང་དུ་བཀོད་པ་ལྟར་ན། དགོན་འདིའི་སྐུ་གསུང་ཐུགས་རྟེན་གཙོ་བོ་ནི་ཚོགས་ཆེན་འདུ་ཁང་དང་འདུ་ཁང་གི་དྲི་གཙང་ཁང་། གསང་འདུས་ལྷ་ཁང་། རྒྱུད་སྟོད་ལྷ་ཁང་། བདེ་མཆོག་ལྷ་ཁང་། ཀུན་རིག་ལྷ་ཁང་། སྨན་བླ་ལྷ་ཁང་། འཕགས་པ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་། གདུགས་དཀར་ལྷ་ཁང་། མགོན་ཁང་རྣམས་སུ་རང་རང་གི་ལྷ་གྲངས་ཡོངས་རྫོགས་ཀྱི་ལི་སྐུ་དང་། ཆོས་རེས་ལ་སྒྲུབ་མཆོད་ཡོད། གསེར་ཟངས་ཀྱི་བྱམས་སྐུ་ཐོག་ཚད་ལྷག་བཞུགས་པའི་བྱམས་ཁང་། གཙོ་སྐུའི་ཐུགས་ཀར་ནམ་མཁའ་ནས་བྱོན་པའི་བྱམས་སྐུ་རང་བྱོན་བཞུགས། མགོན་ཁང་གསར་རྙིང་། རྟེན་གཙོ་བོར་རྗེ་ཆུ་འཛིན་མ་དང་། ལྔ་བ་ཆེན་པོའི་ན་བཟའ་ཆ་ཚང་། སྲང་ཆིག་སྟོང་ལས་བསྒྲུབས་པའི་ཇོ་བོའི་དངུལ་སྐུ། རིགས་ལྔའི་སྟོང་སྐུ་སྨིན་མཚམས་སུ་མུ་ཏིག་རེ་ཕྲའི་ཚུལ་དུ་ཡོད་པ་བཀའ་བསྟན། གོང་མ་ཆན་ལུང་གིས་གནང་བའི་གསེར་གྱི་ཐམ་གནང་སོའི་ཡཱ་མོན་དུ་བླ་མ་སོ་སོའི་གཟིམ་ཆུང་། མཆོད་ཁང་དུ་རྒྱ་བལ་གྱི་ལི་སྐུ་གྲངས་མེད་པ་ནང་བཞུགས་ཀྱི་ཆེན། རྒྱུད་གྲྭར་འཆར་ཅན་གྱི་ཆོས་ཐོག་དང་། གཅིག་པ་དང་ས་ཟླའི་ཆོས་རེས་ལ་གྲྭ་གྲངས་ལྔ་བརྒྱར་ཉེ་བ་འཚོགས་ཤིང་འཆམ་ཆེན་གཏོར་ག་དང་བཅས་པ་ཡོད།
           མར་སྙུང་དགོན་གྱི་ཟིན་ཀོང་གི་ཆོ་ལོ་ནི་དང་པོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལའོ་ཡི་སྐབས་སུ་གནང་། དགོན་འདི་ལ་ཉིན་སྡེ་ཆེ་ཆུང་སུམ་ཅུ་སོ་གསུམ་ཡོད། དགོན་ནང་དུ་ཟིན་ཀོང་ཡཱ་མོན་ལ་དྲུང་ཡིག་གཅིག་དང་སྤྱི་ཁྱབ་བློན་པོ་གཅིག འགོ་བ་ཆེན་པོ་གཉིས། ཆུང་བ་ལྔ། གྲྭ་དམག་བཅོ་བརྒྱད་བཅས་ཡོད། དེས་ཡཱ་མོན་ཕྱི་ནང་གི་ལས་དོན་དང་དམངས་དོན་རྩོད་གླེང་འདུམ་སྒྲིག་བྱེད་པ་བཅས་ཀྱི་འགན་ཁུར། དམག་འཁྲུག་སྐབས་སུ་དམངས་ཡོངས་དམག་མི་ཡིན་ཏེ། རྟ་ལ་ཞོན་ན་དམག་དང་རྟ་ལས་བབས་ན་དམངས་ཡིན། གོང་མས་བཀའ་བབས་ན་ཟིན་ཀོང་ཉིད་ཀྱིས་བོད་དམག་ཁྲིད་ནས་གཡུལ་དུ་འཇུག་པ་དང་། སྤྱིར་བཏང་གི་དམག་འཁྲུག་བྱུང་ན་སྤྱི་ཁྱབ་བློན་ཆེན་གྱིས་དམག་སྣ་དྲངས་ནས་གཡུལ་དུ་འཇུག་དགོས། མར་སྙུང་དགོན་གྱི་དཔོན་པོ་ནི་རྒྱུད་འཛིན་ལམ་ལུགས་ལྟར་དུ་དགོན་བདག་གི་ཁྱིམ་རྒྱུད་ནང་གི་བླ་མ་ ཆེན་པོས་རྒྱུད་འཛིན་བྱེད་ཅིང་། ཟིན་ཀོང་མངའ་འོག་གི་དགོན་པའི་ནང་གི་ཆོས་འཆད་ཉན་དང་དཔལ་འབྱོར། དོན་དག་ཚང་མར་བདག་དམ་བྱེད་པའི་དབང་ཆ་ཧ་ཅང་ཆེ། ཆིང་གོང་མ་ཁང་ཤཱི་ཁྲི་ལོ་སོ་དགུ་པ་སྟེ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག(སྤྱི་ལོ༡༧༠༠)ལོར་མར་སྙུང་དབོན་པའི་མིང་གནང་། ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་བཀོད་པ་ལྟར་ན། ཆིན་རྒྱལ་རབས་ཀྱི་སྐབས་སུ་མར་སྙུང་དབོན་པོ་རྒྱུན་དུ་རྒྱལ་པོར་མཇལ་བར་ཕེབས་དུས་གསོལ་སྟོན་སྲོལ་ལྟར་བཤམས་ཟེར།
           མར་སྙུང་དགོན་པ་ནི་ཨ་མདོ་ས་ཆའི་དགོན་པ་འདེབས་འགོ་ཆེས་སྔ་བའི་གྲས་ཤིག་ཡིན། དགོན་འདི་གཞི་ཁྱོན་ཆེ་ཞིང་བརྗིད་ཉམས་ལྡན་པ། གསུང་རབ་ཀྱི་དཔེ་རིགས་ཧ་ཅང་མང་ལ། དགེ་འདུན་པ་ཡང་མང་པོ་བཞུགས་པས་མན་སོག་བོད་གསུམ་དུ་སྙན་གྲགས་ཤིན་ཏུ་ཆེ། ཡིན་ན་ཡང་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱིས་དབྱེན་ཕྲ་མ་བརྒྱབ་ནས། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལ(སྤྱི་ལོ༡༩༢༩)ལོར་མི་རིགས་བར་འཁྲུག་ཟིང་ལངས་ཏེ། དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་སོགས་རིག་གནས་དངོས་རྫས་རྩ་ཆེན་ཚང་མ་མེར་བསྲེགས། ཕྱིས་སུ་བསྐྱར་བཞེངས་བྱས་ཀྱང་སྔར་ལྟར་སོར་ཆུད་མ་བྱུང་། གྲྭ་བ་མང་པོ་ས་གཞན་པར་སོང་བ་དང་སྐྱ་སར་བབས་པས། སྤྱི་ལོ༡༩༥༨ལོར་གྲྭ་བ་བཞི་བཅུ་ལྷག་ཡོད་པ་འདྲ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནན་ཏན་གྱིས་ལག་ལེན་དངོས་འབབ་བྱས་ཏེ། དགོན་འདིའི་ཆོས་སྒོ་ཡང་བསྐྱར་ཕྱེ་ནས། ད་ལྟ་གྲྭ་བ་སུམ་ཅུ་ལྷག་དང་བླ་མ་གཅིག་བཞུགས། དགོན་བདག་དང་བླ་མ། གྲྭ་བ་བཅས་ཀྱི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་དང་སྤེལ་མུས་སུ་མཆིས།།