ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

པེ་ཧར་རྒྱལ་བོའི་བླ་རི་དང་བྷན་ད་ཧོར་གྱི་སྒོམ་གྲྭའི་གནས་བཤད།

སྤེལ་དུས 2019-02-21 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། སུའུ་ནན་བཀྲ་ཤིས་བཟང་བོ།

             ༄༅།།དེེ་ཡང་བྷན་ད་ཧོར་གྱི་སྒོམ་གྲྭ་ཞེས་པ་དེ་ཉིད་ད་ལྟ་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མཱ་ཐིས་བོད་རིགས་ཤང་གི་རྒྱབ་རྩེ་སྡེ་བ་ན་ཡོད།
             ཨ་མྱེས་བསམ་གཏན་དང། ཨ་མྱེས་བ་ཡན། ཨ་མྱེས་ལྷ་རྩེ། ཨ་མྱེས་རྒྱབ་རྩེ། ཨ་མྱེས་དབོར་དྲིས། ཨ་མྱེས་རི་བཟང་། ཨ་མྱེས་དུང་དཀར། མ་ཅིག་དུང་སྐྱོང་དཀར་མོ་སོགས་ཡུལ་འདིའི་སྲིད་པའི་གནས་བདག་ཆེན་པོ་དག་ཡིན་ལ། གཡས་རི་དང། ཆོས་བཟང་། སྐྱ་ཡངས། རྟ་ར། རྒྱབ་རྩེ་གོང་ཁ། མགོ་སྒམ། ཐོད་ཉིན། མ་ཎི་སྣ་ཁ། སྟག་ལུང་། བར་རྒྱུས། བྷན་ད། མཁར་ལུང་། དགོ་མང་ཐང་། ཨམ་རིལ། འོད་ཐུམ། དཀར་སྐྱོང་། རྡོ་རགས། ཝ་ལུང་། རྡོ་འོག་སྟེགས། སུ་རུའི་མདོ། དམེར་དྲིས། དབོར་དྲིས་གོང་ཁ། ཡུ་མོ་ཤར། ཧོར་ལམ། བསིལ་ཡིབ། གཤེས་རྒན། ཡར་སྟག་གོང་ཁ། སོས་བུད་སོགས་བྷན་ད་ཧོར་གྱི་སྒོམ་གྲྭའི་ཉེ་འཁོར་གྱི་ས་མང་ཡིན་ཡང་ད་ལྟ་ཕལ་ཆེར་བ་རྒྱ་མིང་གིས་འབོད་ཀྱིན་ཡོད། ཁྱུང་ཤུའུ། ཚོ་སྨད། གློ་རྒྱལ། ཆུ་ཤུའུ། ཤིང་ཚ་དགུ། ར་ཆུ། ར་རྒྱགས། འབྲོང་ལུང་། ཧོང་ནུའུ། འབྲོང་ཤུལ། ཕན་ཤུལ། སྔོ་ཟ། རྒྱབ་རྩེ་སོགས་ར་ཁྱུང་ཚོ་བ་བཅུ་བཞི་དང་བྷན་ད་ཚོ་བ་གཅིག་ཡོད་པ་དེ་དག་ཐམས་ཅད་མཱ་ཐིས་དགོན་པའི་ལྷ་སྡེ་དང་རྒྱལ་བོ་བླ་རིའི་ཉེ་འཁོར་གྱི་བོད་སྡེ་ཡིན་ཡང་ད་ལྟ་རྒན་པོ་འགའ་ཡིས་བོད་སྐད་བཤད་པ་ལས་གཞན་གཞོན་པ་ཚོས་རྒྱ་སྐད་ཁོ་ན་བཤད་དོ།།
             དེ་ལ་བྷན་ད་ཧོར་གྱི་ཡུལ་ཟེར་བ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་ནག་ཐང་གི་རྒྱལ་བོ་ཀོང་ཇོ་སློང་མཁན་བྷན་ད་ཧོར་གྱི་རྒྱལ་བོ་ཟེར་བ་དེའི་རྒྱུད་པ་ཡིན་ལ་ཐུ་བྷོད་རྒྱལ་རབས་འཇིག་པ་ནས་བཟུང་རྨ་ནུབ་ཁྱམས་རིང་དུ་ལོ་ངོ་ཉི་ཤུ་ཡས་མས་ལ་རྒྱལ་སྲིད་བསྐྱང་བར་བཤད་ཡང་མཐར་རྒྱལ་རབས་འཇིག་གོ།
             བྷན་ད་ཧོར་ལ་བོད་ཀྱི་ལོ་རྒྱུས་ལས་ཤུ་ར་ཡུ་གུར་ཟེར་བ་དེ་ཡིན་ཡང་རྒྱ་ནག་གི་ལོ་རྒྱུས་ལས་ཧཱེ་ཧུའུ(回纥)མི་རིགས་ཀྱི་བྱེ་བྲག་ཡིན་པར་མ་ཟད་ཞིན་ཅིང་ཡུ་གུར་རིགས་ཡང་ཧཱེ་ཧུའུ་མི་རིགས་ཀྱི་བྱེ་བྲག་ཡིན་པར་བཤད་པ་ནི་ཏུན་ཧོང་གཏེར་ཡིག་ལ་ཁོངས་བཅོལ་བ་འདྲར་སྣང་། ཤུ་ར་ནི་སེར་པོ་དང་ཡུ་གུར་ཞེས་པ་ནི་ཡོར་གོར་གྱི་སྒྲ་ཟུར་ཆགས་པ་ཡིན་ལ་སྤྱི་ལོ་གཅིག་དགུ་ང་བཅུ་ང་གསུམ་ཡས་མས་སུ་ཡུས་ཀུའུ་རིགས་(裕固族)ཞེས་ཀྲུའུ་ཙུང་ལས་ཀྱིས་མིང་བསྒྱུར་པ་རེད། ཡུ་གུར་ཡི་གེ་ཞེས་རྡོ་བརྐོས་ཡི་གེ་སོག་ཡིག་གམ་མན་ཆིང་གི་ཡིག་གཟུགས་དང་འདྲ་བ་ཞིག་ད་ལྟ་མཐོང་རྒྱུ་འདུག་པ་ལས་གཞན་ཡུ་གུར་ཡི་གེ་ཞེས་ད་ལྟ་བཀོལ་རྒྱུ་མེད་དོ།།
             མདོ་ལ་རི་བོའི་ལྷོ་རྒྱུད་དུ་རྨ་ནུབ་ཁྱམས་རིང་བརྒྱུད་ནས་སོག་པོའི་ས་ཆར་འབབས་པའི་བར་དམ་ཆུ་བོའམ་ཆུ་ནག་གི་རྒྱུད་ན་གནའ་སྔ་མོར་ཆུ་ནག་རྒྱལ་ཁབ་ཟེར་བ་ཡོད་ལ་ཡུ་གུར་མི་རིགས་ཡང་ཡུལ་འདི་ནས་འཚོ་སྡོད་བྱས་མྱོང་། གནའ་བོའི་རྨ་ནུབ་ཁྱམས་རིང་དུ་མི་རིགས་སོ་སོ་དང་ཤར་ཕྱོགས་དང་ནུབ་ལྗོངས་ཀྱི་རྒྱལ་ཁབ་མང་བོས་རྒྱལ་ཕམ་དང་མངའ་ཁུངས་རྒྱ་བསྐྱེད་ས་ཡིན་པས་སྤྱི་ལོ་དུས་རབས་བརྒྱད་པར་ཐུ་བྷོད་བཙན་པོའི་དཔུང་ཤུགས་ཆེན་པོ་ཡང་འདི་རུ་ཐོན་ནས་མངའ་ཁུངས་རྒྱ་བསྐྱེད་པ་མ་ཟད་རྒྱལ་ཁབ་གཞན་པའི་ཤེས་རིག་དང་བཟོ་ལས། གོས་དང་ཇ་ལ་སོགས་པ་ནང་འདྲེན་དང་ཐུ་བྷོད་ཀྱི་གོ་ཁྲབ་དང་རྟ་ལ་སོགས་པ་ཕྱིར་བཙོང་བྱ་ཡུལ་གྱི་འགག་འཕྲང་གཙོ་བོར་གྱུར། དེའི་དུས་སུ་ཐུ་བྷོད་ཀྱི་མཐའ་སྲུང་དམག་ནི་ཐུ་བྷོད་ཀྱི་དམག་ཡིན་པ་བདེན་ཡང་མི་རིགས་ཐུ་བྷོད་ཡིན་མིན་ལ་དཔྱད་དགོས་འདུག  རྒྱུ་མཚན་ནི་ཐུ་བྷོད་ལ་མགོ་བཏགས་བྱས་མྱོང་བའི་སུམ་པ་དང་། ཧོར་བ། དུ་ཧར་ནག་པོ། ཏ་ཟིག དྲུ་གུ  ཡུ་གུར་སོགས་མི་རིགས་གཞན་པ་ཧ་ཅང་མང་བས་སོ།།
             པེ་ཧར་ཞེས་པ་དེ་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ལ་ཡུལ་ཨ་སུ་ར་ཞེས་པར་རྒྱལ་བོ་ངྷརྨ་ཛྭ་ལ་ཞེས་བྱ་བར་སྐྱེས། མགོན་པོ་ལེགས་་ལྡན་ནག་པོ་དེའི་བློན་པོའི་བུར་སྐྱེས། གཉིས་ཀ་ལྷན་གཅིག་ཏུ་མཁན་པོ་ཟླ་འོད་དུན་ཏིང་ལས་རབ་ཏུ་བྱུང་། རྒྱལ་བུ་ལ་ཟླ་འོད་གཞོན་ནུ་དང་བློན་པོའི་བུ་ལ་དུན་ཏིང་ནག་པོར་མཚན་གསོལ། ཟླ་འོད་གཞོན་ནུ་བཤད་པ་ལ་དགའ། དུན་ཏིང་ནག་པོ་སྒོམ་པ་ལ་དགའ་བས་སྤྱོད་པ་མི་མཐུན། ཡུལ་དེའི་འགོང་བོ་དགུ་འདུས་ཀྱི་ལྷ་ཁང་ནང་དུ་ཟླ་འོད་གཞོན་ནུ་དང་བྲམ་ཟེ་བུ་མོ་མཛེས་ལྡན་མེ་ཏོག་མ་གཉིས་ཕན་ཚུན་ལ་འདོད་པའི་རྣམ་འགྱུར་བསྟན་ནས་ཟླ་འོད་གཞོན་ནུ་འདོད་ཆགས་ཀྱིས་ལྷག་པར་གཡོས་ནས་ཆོས་གོས་གདན་དུ་གཏིང་། སྤྱི་བླུགས་མདུན་དུ་བཞག ལྷུང་བཟེད་འོག་ཏུ་བཟེད། དམ་ཆོས་ཀྱི་བསེ་ཀ་ལི་སྔས་སུ་རྒྱབ། འཁར་གསིལ་སྔས་མགོར་བཞག་སྟེ་བུ་མོ་ལ་འཇུས་ནས། མཛེས་པའི་རྒྱན་ལྡན་བུ་མོ་ཁྱོད་འདྲ་བ།། སྔོན་ཆད་མ་མཐོང་ལྷ་ཡི་བུ་མོའམ།། མི་དང་གནོད་སྤྱིན་བུ་མོ་སུ་འདྲ་ཞིག། ཁྱོད་འདྲར་རོལ་རྩེད་བྱ་རྒྱུ་བྱུང་བ་ན།། ཚུལ་ཁྲིམས་བསླབས་པའི་གཞི་ནི་ཉམས་ནའང་ཉམས།། རྡོ་རྗེ་སྙིང་ནད་འབར་བ་བྱུང་ནའང་བྱུང་།། ཞེས་སྨྲས་དེ་ཞག་བདུན་གྱི་བར་ལ་འཁྲིག་པ་སྤྱད་དོ།། དེར་གཙུག་ལག་ཁང་གི་གནས་བརྟན་རབ་གསལ་གྱིས་མཐོང་སྟེ་དེ་འདྲའི་སྤྱོད་པ་མི་ལེགས་པར་བརྗོད་པས་ཟླ་འོད་གཞོན་ནུ་ཁྲོས་ནས་མཁན་པོའི་ལིང་ག་བྲིས་ནས་ལྷུང་བཟེད་ནང་དུ་ལས་སྦྱོར་བགྱིས། སླར་ཡང་བུ་མོར་འཁྲིག་པ་སྤྱོད་ཅིང་འགྲོགས་པ་ལ་དགེ་སློང་དུན་ཏིང་ནག་པོས་དེ་འདྲ་མ་བྱེད་ཅེས་ཉེས་དམིགས་བརྗོད་ནས་བཀག་པས་ཟླ་འོད་གཞོན་ནུ་ཁྲོས་ཏེ་སྐད་ཅིག་གིས་སེངྒེར་བརྫུས་ནས་འགྱིང་ཞིང་བསྡིགས་པས། དཔལ་གསང་བའི་བདག་པོས་མཁྱེན་ཏེ་དགེ་སློང་དུན་ཏིང་ནག་པོ་ལ་རྡོ་རྗེ་གོ་ཆའི་གཡོགས་ཏེ་ལུས་བསྲུངས། དོམ་ནག་ཏུ་བརྫུས་པ་ཞགས་པས་དྲངས། ཁྱི་དང་། སྤྱང་ཀི། ཕག་རྣམས་སུ་བརྫུས་པ་རྡོ་རྗེ་འཕངས་ཏེ་བསྲུངས། འཕྱི་བར་བརྫུས་ནས་ས་བྲུས་པ་ཁྱི་ཐོད་ཀྱི་ནང་དུ་མནན། སྤྲ་དང་སྤྲེལ། བྱི་ལ་སོགས་པར་བརྫུས་པ་དེ་དང་དེའི་འཁོར་ལོའི་ལས་སྦྱོར་གྱི་སྒོ་ནས་གཟིར་པས་གནོད་པར་མ་ནུས། ཟླ་འོད་གཞོན་ནུའི་འདུལ་ཁྲིམས་དང་དམ་ཚིག་ཉམས་པ་དང་ལོག་པར་སྤྱད་པའི་དབང་གིས་སྐྱེ་བ་ཕྱི་མ་དམྱལ་བར་ལྷུང་སྟེ་བཤན་པ་ར་མགོ་ཅན་བྱ་བར་གྱུར་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་པར་བཤད་ལ་ཕྱིས་སུ་ཟླ་འོད་གཞོན་ནུ་འདི་རིམ་བཞིན་ཆུ་མིག་བྱང་ཆུབ་འབར་དང་། གླན་མི་དབང་འབར། བཛྲ་གུ་ཧྱ་ས་མ་ཏི་སོགས་སུ་སྐྱེ་བ་བཞེས་སོ།། རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཞལ་ནས་པེ་ཧར་སྔོན་རི་རབ་ཀྱི་རྩེར་དཔག་བསམ་ཤིང་གི་རྩ་བར་བདུད་ཁང་རྩེ་དགུའི་ནང་དུ་བདུད་ཀྱི་རཱ་ཛ་དང་རི་རབ་གྱི་བྱང་ཤར་མཚམས་ན་མ་དྲོས་མཚོར་ཀླུ་མོ་དཀར་མོ་མགོ་ཅོག་གཉིས་ཕན་ཚུན་དགའ་མགུར་སྤྱད་པ་ལས།  ཀླུ་མོར་སྒོ་ང་བཅུ་གསུམ་སྐྱེས་ཤིང་། ཀླུ་མོ་སྐྲག་སྟེ་སྒོ་ང་རྣམས་ཟོས་པས་ལུས་ལ་མེ་འབར། ཁ་ནས་ཁྲག་བྱུང་ཁ་དོག་སྣ་ཚོགས་འཕྲོས། རི་རབ་ཀྱི་རྩ་བར་སྒོ་ང་རྣམས་སྐྱུགས་ཏེ་གསང་བའི་བདག་པོ་ཕྱག་རྡོར་ལ་ཕུལ་ནས་སྒོ་ང་ལས་མ་རུངས་འབྱུང་བར་དོགས་ནས་བྱིན་རློབ་ཏུ་གསོལ་བ་བཏབ་པ་ལྟར་དཔལ་གསང་བའི་བདག་པོས་སྒོ་ང་རྣམས་བརྡོལ་བས། རིམ་པ་བཞིན་རྒྱལ་པོ་དཀོར་རྗེ་བྲང་དཀར། གཟའ་རཱ་ཧུ་ལ་སོགས་དང་སྒོ་ང་བདུན་ཚིགས་པ་དེ་ནམ་མཁར་འཕངས་པས་གསང་བདག་གིས་བཟུང་ནས་བརྡོལ་བས་གཞན་ལས་མཐུ་ཆེ་བ་དང་ངོ་མཚར་ཅན་པེ་ཧར་རྒྱལ་བོར་གྱུར། མི་ཡི་ལུས་དང་ཁྱུང་གི་མགོ་ཅན་གྱི་རྣམ་པ་བསྟན་པས་ལྷའི་དབང་བོས་དགེ་བསྙེན་ཁྱུང་ཆེན་གཡུ་འབྲུག་འདུལ་དུ་མཚན་གསོལ། ཕྱི་བློན་དང་ནང་བློན་སོགས་འཁོར་འཇིགས་རུང་ཧ་ཅང་མང་བོའི་ཚོགས་ཐམས་ཅད་གསང་བདག་གི་བཀའ་དང་དམ་ལ་གནས་པར་ཞལ་གྱིས་འཆེས། བྷན་ད་ཧོར་ཡུལ་ཤེལ་ཀྱི་བྲག་ཕུག་ན་པདྨ་སཾ་བྷ་ཝ་སྐྱེ་མེད་ཀྱི་དོན་སྒོམ་པའི་ཚེ་པེ་ཧར་སེངྒེ་དཀར་མོར་སྤྲུལ་ནས་འཇིགས་པའི་རྣམ་འགྱུར་བསྟན་པར་རྩེ་གསུམ་འཕྱར་བས་ནམ་མཁར་བྲོས། སླར་ཡང་ཆོ་འཕྲུལ་དུ་མ་བསྟན་ཀྱང་མ་གནོད། སློབ་དཔོན་པདྨ་སཾ་བྷ་ཝས་ཏིང་ངེ་འཛིན་གྱིས་བཀུག་པས་བྱིས་པའི་གཟུགས་སུ་འོངས་ནས་སྤྱི་བོར་རྡོ་རྗེ་བཞག་སྟེ་དམ་ལ་བཏགས། པདྨ་སཾ་བྷ་ཝས་བྷན་ད་ཧོར་གྱི་ཡུལ་ནས་སྐྱེ་མེད་སྙིང་བོའི་དོན་སྒོམ་པས་བྷན་ད་ཧོར་གྱི་སྒོམ་གྲྭ་ཟེར་རོ།། བྷན་ད་ཞེས་པའི་མིང་གི་བྲིས་སྲོལ་ལ་ཡང་བྷ་ཏ་དང་། བྷ་ར་ཏ། བྷ་དྡ་སོགས་མང་ཡང་འདིར་ཡོངས་གྲགས་སུ་བྷན་ད་ཞེས་རྒྱུག་ཆེ་བས་དེ་བཞིན་བྲིས་པ་ཡིན་ལ་ཡུལ་འདིའི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་ཡང་བྷན་ད་ཞེས་པའི་སྒྲ་ཐོན་ཡོད་པས་སོ།།
             སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གནས་ཆུང་དཀར་ཆག་ལས་སངས་རྒྱས་ཀུན་ཏུ་བཟང་བོ་ཞེས་པའི་གསང་གསུམ་ཡོན་ཏན་ཐམས་ཅད་ངོ་བོ་འཁོར་འདས་མ་ལུས་པའི་སྤྱི་དཔལ་དུ་གྱུར་བ་དེ་ཉིད་ཀྱི་རང་མདངས་འགག་པ་མེད་པའི་ལུང་སྤྱོད་རྫོགས་པའི་སྐུ་ལྔར་ཤར་བ་ལ། གདུལ་བྱ་མི་བསྲུན་པ་དྲག་པོས་འདུལ་བར་ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་རྒྱལ་བ་རྣམ་སྣང་གི་སྤྲུལ་བ་དབུས་སུ་ཐུགས་ཀྱི་རྒྱལ་བོ། གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་རྒྱལ་བ་རྡོར་སེམས་ཀྱི་སྤྲུལ་བ་ཤར་སྐུ་ཡི་རྒྱལ་བོ། ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་རྒྱལ་བ་རིན་འབྱུང་གི་སྤྲུལ་བ་ལྷོ་ཡོན་ཏན་གྱི་རྒྱལ་བོ། འདོད་ཆགས་རྣམ་དག་སོར་རྟོགས་ཡེ་ཤེས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་བ་ནུབ་གསུང་གི་རྒྱལ་བོ། ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་རྒྱལ་བ་དོན་ཡོད་གྲུབ་པའི་སྤྲུལ་བ་བྱང་འཕྲིན་ལས་ཀྱི་རྒྱལ་བོ་ཞེས་གསུང་བ་བཞིན་ངེས་དོན་ལ་དེ་བཞིན་གཤེགས་པ་རྒྱལ་བ་རིགས་ལྔའི་ངོ་བོར་བཞུགས་ཤིང་། ཐུན་མོང་གདུལ་བྱའི་སྣང་ངོར་རྒྱལ་བོ་སྐུ་ལྔ་སྡེ་བརྒྱད་ཀྱི་བཀོད་པ་ཇི་ལྟ་ཇི་སྙེད་དུ་སྟོན་པར་མཛད་པ་ཡིན།
             དེ་ཡང་དབུས་ཕྱོགས་ཐུགས་ཀྱི་རྒྱལ་བོ་སྐུ་མདོག་མཐིང་ནག་གླང་ཆེན་སྣ་རིང་ལ་བཅིབས་པ་ཡུམ་ཤནྟི་རོ་ཟན་དང་བློན་ཆེན་སྲོག་བདག་ཡང་ལེའི་འཁོར་ཚོགས་དང་། ཤར་ཕྱོགས་སྐུ་ཡི་རྒྱལ་བོ་སྐུ་མདོག་ནག་པོ་སེངྒེ་དཀར་མོ་ལ་བཅིབས་པ་བདུད་མོ་རོ་ལངས་དཀར་མོ་ཡུམ་དང་བློན་པོ་བྱ་ཁྲིད་མིག་གཅིག་ཚོགས་འཁོར་དང་བཅས་པ། ལྷོ་ཕྱོགས་ཡོན་ཏན་རྒྱལ་བོ་སྐུ་མདོག་ནག་པོ་རྟ་ནག་རྟིང་དཀར་ལ་བཅིབས་པ་ཡུམ་གསེར་གྱི་སྤུ་གྲི་དང་བློན་པོ་བྱ་རྒོད་ཐང་ནག་སོགས་ཀྱིས་བསྐོར་བ། ནུབ་ཕྱོགས་གསུང་གི་རྒྱལ་བོ་སྐུ་མདོག་དམར་མོ་དྲེལ་ནག་རྐང་དཀར་ལ་བཅིབས་པ་མཛེས་བྱེད་པདྨ་དམར་མོའི་བཙུན་མོ་དང་བློན་པོ་རྡོ་རྗེ་གྲགས་ལྡན་ཚོགས་འཁོར་གྱིས་བསྐོར་བ། བྱང་ཕྱོགས་འཕྲིན་ལས་རྒྱལ་བོ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར་པོ་སེངྒེ་ལ་བཅིབས་པ་ཡུམ་བདུད་གཟའ་སྨིན་དཀར་དང་བུ་ཏ་ནག་པོ་སོགས་བློན་འཁོར་གྱིས་བསྐོར་བ་སོགས་ཡོད་པར་གསུངས་ལ། ད་ལྟའི་མདོ་ལ་རྫོང་གི་མངའ་ཁོངས་ན་ཡུ་གུར་བྱ་རྒོད་ལ་ཟེར་བའི་རྫ་རི་མཐོན་པོ་ཞིག་ཡོད་ལ་དེ་ནི་ངག་རྒྱུན་དུ་བློན་པོ་བྱ་རྒོད་ཐང་ནག་གི་བླ་རི་ཡིན་པར་བཤད་པ་དང་ཉེ་འཁོར་ན་བློན་པོ་གཞན་བཞི་བོའི་བླ་རི་ཡང་ཡོད་པར་བཤད། 
             པེ་ཧར་རྒྱལ་བོའི་བླ་རི་དངོས་ནི་རྫ་རི་མཐོན་པོ་ཞིག་མིན་ལ་སྤང་རི་འོག་ན་ཆུ་མིག་དང་། ཉིན་ཕྱོགས་ལ་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། སྲིབ་ཕྱོགས་ན་སོམ་ཤིང་གིས་མཛེས་པ་ཕར་བལྟས་ཚོད་ལ་མཐོ་རྒྱུ་མེད་པར་སྣང་ཡང་རྩེར་སོན་ན་མཐའ་བསྐོར་གྱི་རྫ་རི་ཁ་བ་ཅན་མཐོན་པོ་ཐམས་ཅད་ཀྱི་མཐོ་དམན་དང་མཉམ་ལ་ཕྱོགས་བཞི་མཚམས་བརྒྱད་ལ་པདྨའི་འདམ་མ་ལྟར་དུ་རི་ཚོགས་ཀྱིས་བསྐོར་བ་མིག་རྒྱང་ཧ་ཅང་རིང་བ་ཡོད། བླ་རྡོ་གནས་སའི་བྲག་ཁྱད་པར་བ་དང་ཤུག་སྡོང་སོགས་ཀྱང་ཡོད། རི་རྩེ་མཐོན་པོ་གཅིག་དང་དེའི་འོག་ན་རི་རྩེ་དམའ་བ་ཆུང་ཆུང་བཞི་བསྒྲིགས་ནས་ཡོད་པ་ནི་རྒྱལ་བོ་རིགས་ལྔའི་སྲོག་བླ་རིམ་པ་བཞིན་གནས་ས་ཡིན་པར་བཤད། དེའི་འོག་གི་ནུབ་བྱང་མཚམས་ཀྱི་ལུང་བའི་ནང་དུ་ས་འབུར་ཁ་ཤས་ཡོད་པ་ནི་བྷན་ད་ཧོར་གྱི་སྒོམ་གྲྭའི་ཤུལ་ཡིན་པར་བཤད་ལ་མིང་གཞན་ལ་ཧོར་འདུལ་དགོན་པའམ་ཧོར་འདུག་དགོན་པ་ཡང་ཟེར།
             བླ་རིའི་ཤར་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་ན་མཱ་ཐིས་དགོན་པ་ཞེས་པ་ལོ་སྟོང་གཅིག་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་བྲག་བརྐོས་གནས་ཁྱད་པར་ཅན་དང་། ལྷོ་ཕྱོགས་སུ་ཡུ་གུར་སྟག་སྣ་དགོན་པ་ལ་རྒྱ་ནག་སྐད་ཀྱི་ཧོང་ཙང་ཟི་དང་། ཡུ་གུར་ཅ་ཏོ་དགོན་པ་སོགས་ཀྱི་དགོན་ཤུལ། བྷན་ད་སྡེ་བ་ན་མ་ཎི་ཁང་། ནུབ་ཏུ་ཆུ་ནག་གི་ཕར་ཕྱོགས་སུ་ཧོར་སོ་ཀྱཱ་བླ་མས་བཏབ་པའི་ཧོར་རྟ་མགོ་དགོན་པ། བྱང་ཤར་དུ་གན་ཀྲུའུ་གྲོང་ཁྱེར་ན་གན་ཀྲུའུ་བྱམས་པ་གློ་ཉལ། འདི་ལ་བོད་སྐད་དུ་འབྲོང་ཡུལ་ཟེར་བ་སྒྲ་ལོག་ནས་ཀྲང་ཡེ་ཟེར་བར་བཤད་ཀྱང་ཀྲང་ཡེ་ཟེར་བའི་རྒྱ་ནག་གི་ཡི་གེ་དེ་གཉིས་ལོ་ངོ་སྟོང་གཉིས་ཡར་སྔོན་ལ་ལོ་རྒྱུས་དེབ་ཐེར་དུ་བཀོད་འདུག་པས་བོད་སྐད་ཡིན་མིན་ལ་དཔྱད་དགོས།
             གན་ཀྲུའུ་བྱམས་པ་གློ་ཉལ་དགོན་པ་ལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ཀྲོའོ་ཕུའུ་ཁྲུའུ་ཡིས་མི་ཉག་དགོན་པ་ཞེས་མིང་བསྒྱུར་བ་དང་གནའ་བོའི་རྨ་ནུབ་ཁྱམས་རིང་གི་སྟོན་སྐུ་ཕལ་ཆེར་ལ་བྱམས་པ་ཞེས་འབོད་སྲོལ་ཡོད་པས་དཔེར་ན་བྱམས་པ་འབུམ་གླིང་དང་བྱམས་པ་ལྷ་ཆེན་བྱམས་པ་གློ་ཉལ་ལམ་བྱམས་པ་མྱང་འདས་སོགས་མང་ངོ་།། དེའི་མདུན་ཕྱོགས་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་བཞེངས་པའི་རང་བསེལ་མཆོན་རྟེན་གྱི་ཁོངས་སུ་འདུས་པའི་ཤིང་གི་མཆོད་རྟེན་ཞིག་ཡོད། དེ་ལ་རྒྱ་སྐད་ཀྱིས་བན་ཧྲོའུ་ཟི་དང་མཱི་ཐཱ་ཟི་ཟེར། སྔོན་གན་ཀྲུའུ་མཁར་ན་བྱང་ཆུབ་སེམས་དཔའ་འོད་སྲུང་བཞུགས་སའི་དགོན་ཤུལ་ཡོད་པར་བཤད། པེ་ཧར་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་གཙུག་ལག་ཁང་ཞེས་པ་ཐད་བསྒྱུར་བྱས་པ་ཡིན་ཟེར་ཡང་ཡིག་ཚང་ལ་ལར་པེ་ཀར་ཞེས་ཀྱང་བྲིས་ཡོད།
             ཉེ་བའི་ལོ་རྒྱུ་སྨྲ་བ་ཁ་ཤས་ཀྱིས་ཏུར་ཀའི་སྐད་ཀྱི་པེ་ག་ཞེས་པ་ལ་ཁོངས་གཏུགས་འདུག་པ་དང་དེ་ལས་གཞན་གནམ་ཐེ་དཀར་པོ་དང་པེ་ཧ་ར། སྲོག་བདག་རྒྱལ་བོ། འོད་ལྡན་དཀར་པོ། གནས་ཆུང་དང་རྒྱལ་བོ་སྐུ་ལྔ་སོགས་མིང་གིས་འབོད་སྟེང་ཧ་ཅང་མང་། ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཆོས་སྐྱོང་ཆེན་པོ་ཕུག་རོན་གྱི་རྣམ་པར་དཔལ་ལྡན་འབྲས་སྤུངས་ཀྱི་འོག་ཏུ་སྦྱར་སྡོང་གཅིག་ལ་གནས་བས་གནས་ཆུང་ཆུང་ཆགས་འོངས་ཟེར་བ་ནས་བཟུང་གནས་ཆུང་ཞེས་པ་དེ་ཡང་ཆོས་སྐྱོང་ཆེན་མོའི་མཚན་གྱི་བྱེ་བྲག་ཏུ་གྱུར། 
             པེ་ཧར་བྷན་ད་ཧོར་གྱི་སྒོམ་གྲྭའི་ཉེ་འཁོར་གྱི་རི་བོ་ལ་བླ་གནས་སུ་བཞུགས་ཡོད་པ་བོད་བཙན་པོས་འགུག་དགོས་པའི་རྒྱུ་མཚན་ནི་སྤྱི་ལོ་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲུང་ལྡེ་བཙན་གྱི་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་པ་ལ་ནག་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཁྲོས་ནས་ལྷ་ཁང་ཉིན་མོ་བཞེངས་པ་ཐམས་ཅད་མཚན་མོ་བསྒྱེལ། རི་རྡོ་ཀླུངས་ལ་ཕབ། ཀླུངས་རྡོ་རི་ལ་བསྐྱལ། རྩྭི་ཤིང་མེ་ལ་བསྲེགས། ནད་དང་གནོད་པ་སོགས་བྱུང་བས་སློབ་དཔོན་པདྨ་འབྱུང་ནས་གྱིས་ལྷ་ཀླུ་གཉན་གསུམ་དམ་ལ་བཏགས་ནས་བསམ་ཡས་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ནས་སྲུང་མ་ཇི་ལྟར་བསྐོ་བའི་སྐོར་རྒྱལ་བློན་ཐམས་ཅད་ཀྱིས་བཀའ་བགྲོས་པ་ན། མཁན་པོའི་ཞལ་ནས་བདུད་ནི་སྲོག་གཅོད་ལ་དགའ་བས་མི་རུང་། གཟའ་ནི་གཏུམ། ཀླུ་ནི་གདུག བཙན་ནི་གནོད་པ་ཚ། དམུ་ནི་འཇམ་དྲགས། མ་མོ་ནི་འཇིགས་པས་དེ་མ་ཡིན་པ་སུ་འཐད་གསུངས་པས། སློབ་དཔོན་པདྨ་འབྱུང་གནས་ཉིད་ཀྱིས། ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན།། རྒྱལ་བོ་ཤིང་བྱ་ཅན་ནི་གདན་དྲངས་ནས།། དེ་ལ་གཏད་པས་གཙུག་ལག་ཁང་མི་འཇིག། བྷན་ད་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན།། པེ་ཀར་ཀ་ཅའི་རྗེས་ལ་འབྲངས་ནས་འོངས།། ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས།། ཞེས་པ་ལྟར་སྤྱི་ལོ་༧༩༠ཡས་ལ་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱིས་རྒྱལ་སྲས་མུ་ནེ་བཙན་པོ་དམག་སྤྱི་དང་དམག་དཔོན་སྟག་སྒྲ་ཀླུ་གོང་སོགས་ཀྱིས་བྷན་ད་ཧོར་གྱི་སྒོམ་གྲྭ་བཅོམས་པ་དང་། བསེ་འགག་སྨུག་པོ། གཡུ་ཡི་ཐུབ་པ། ཟ་ཧོར་རྒྱལ་རྒྱུད་ངྷརྨ་པ་ལ། དུང་གི་སེངྒེ། གསེར་གྱི་འཁར་རྔ་སོགས་ནོར་རྩ་ཆེན་འཕྲོག་ནས་སོང་བ་ན་པེ་ཧར་རྗེས་སུ་འབྲངས་ནས་བསམ་ཡས་སུ་ཐོན།
             དེར་མི་ལོ་ལྔ་བརྒྱའི་བར་དུ་བསམ་ཡས་པེ་ཀར་གླིང་བསྲུང་བར་ཁས་ལེན་དང་དམ་བཞག་མཛད་དེ་བསྐྱངས། ལྷ་སྲས་མུ་ནེ་བཙན་པོས་པེ་ཧར་ལ་གཡུ་ལོ་བཀོད་པའི་གླིང་ཞེས་པ་ཞིག་ཕྱག་བཏབ་གནང་བར་ཡང་བཤད། དེའི་དུས་སུ་དམངས་ཁྲོད་དུ་བསམ་ཡས་བསམ་ནས་མ་ཡོང་།། ཆོས་སྐྱོང་བསམ་ནས་ཡོང་ཡོད།། བསམ་ཡས་ཆོས་སྐྱོང་ཆེན་མོས།། ང་ལ་ལུང་བསྟན་གནང་རོགས།། ཞེས་གཞས་ཚིག་སོགས་ཀྱང་ཡོད་པར་བཤད། ཆོས་སྐྱོང་སྤྱན་དྲངས་པ་དང་བྷན་ད་ཧོར་གྱི་སྒམ་གྲྭ་བཅོམ་ཤུལ་དུ་ཐུ་བྷོད་ལ་མགོ་འབུལ་བྱས་པའི་ཧོར་དང་བཙན་པོའི་དཔུང་ཚོགས་ལས་སྐྱེན་པོ་མི་དགུ་ཁྱུང་རིགས་འཁོར་དང་བཅས་པ་ས་བསྲུང་དུ་བཞག་པ་ལ་བཙན་པོས་བཀའ་མ་འབྱོར་བར་བྷོ་ཊའི་ཡུལ་དུ་ཕེབས་མི་ཆོག་པར་བཤད་པ་ལ་བྷན་དའི་བོད་ཟེར་ཡང་ཧོར་ཡང་ཡོད་པར་རིག་གོ། ཆོས་སྐྱོང་ཕེབས་ཤུལ་དུ་བྷན་ད་ཧོར་གྱི་སྒོམ་གྲྭ་ཡང་མེད་བརླག་ཏུ་སོང་བས་རྗེས་སུ་ཁྱུང་ནག་དཔོན་པོས་པེ་ཧར་རྒྱལ་བོའི་བླ་རིའི་རྩེར་དཔལ་མཁར་བརྩིགས་ནས་ལྷ་བསྟོད་བཅས་པ་ཡིན་ཟེར་ལ་ངག་རྒྱུན་དུ་ཡང་རྒྱལ་བོའི་བླ་རི་དང་ཁྱུང་ནག་དཔོན་པོའི་ལབ་རྩེ་ཟེར་བར་བཤད་ཡང་། ཁྱུང་གི་མགོ་ལ་མིའི་ལུས་སམ་ཧོར་ལྷ་བྱང་ཆུབ་རྒྱལ་བོ་ཤིང་བྱ་ཅན་ཞེས་པེ་ཧར་རྒྱལ་བོ་ནི་ཁྱུང་གི་རིགས་ཡིན་པས་ཁྱུང་ཤུལ་ལབ་རྩེ་ཟེར་བ་ཡང་ཡོད།
             དེ་ནས་བོད་སིལ་བུའི་དུས་སུ་སྤྱི་ལོ་༡༡༧༥ཡས་མས་ལ་ལྷ་སའི་ཤར་དངོས་སུ་ཚལ་བ་ཁྲི་དཔོན་དང་གུང་ཐང་བླ་མ་ཞང་མགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པ་གཉིས་ཀྱིས་དགོན་པ་བཏབས་པས་ཚལ་བ་བཀའ་བརྒྱུད་པའི་གདན་ས་ཆེན་མོའི་བྱེ་བྲག་ཏུ་གྱུར། ཡོངས་གྲགས་སུ་ཚལ་དང་གུང་ཐང་གཉིས་ཀྱི་མིང་བསྡབས་ནས་འབོད་པས་ཚལ་གུང་ཐང་དགོན་པ་ཟེར། དང་ཐོག་དགོན་ས་བལྟ་བར་ཆོས་སྐྱོང་པེ་ཧར་ལ་བཅར་འདྲི་བྱས་ཚེ་ཆོས་སྐྱོང་གིས་རི་སྒང་ལ་བཏབ་ན་ལེགས་གསུང་ཡང་ཁྲི་དཔོན་དང་བླ་མས་རི་ཀླུང་ལ་བཏབ་པས་ཆོས་སྐྱོང་ཁྲོས་ནས་མིའི་གཟུགས་སུ་སྤྲུལ་ནས་ལྷ་ཁང་གི་ལྷ་བཟྭོ་ཚོར་ཚོན་ལས་ཞབས་ཞུར་སྒྲུབ། ཉིན་ཞིག་ལ་ལྷ་ཁང་གི་ཚོན་ལས་འགྲུབ་ལ་ཉེ་བའི་རང་རང་གི་དགེ་བའི་ལས་སྒྲུབ་པ་ལ་སྨོན་ལམ་ཡག་པོ་ཐོབ་གསུང་བར་ཞབས་ཞུ་ན་རེ། ང་ལ་གཞན་གང་ཡང་མི་དགོས་ལྷོ་ངོས་སུ་སྒོ་འཆོར་འོག་ཏུ་ཁ་བྱང་ལ་གཏད་ནས་ལག་ལ་སྤོས་བཟུང་བའི་སྤྲེའུ་ཞིག་འབྲི་དགོས་ཞུས་པས་དེ་ལྟར་བྲིས། ཞང་བླ་མ་དང་ཚལ་བ་ཁྲི་དཔོན་སོགས་གཟིགས་སྐོར་ལ་ཕེབས་སྐབས་སྤོས་བཟུང་བའི་སྤྲེའུ་དེ་ཅུང་མི་ལེགས་གསུངས།
             ཕྱིས་སུ་སྤྱི་ལོ་༡༧༠༧ལོར་ཚལ་གུང་ཐང་དགོན་པ་མེ་སྐྱོན་ཤོར་བ་ཡང་སྤྲེའུ་སྤོས་འཛིན་དེར་བྲིས་པ་མ་འགྲིག་པར་བཤད། ཚལ་གུང་ཐང་དགོན་པ་མེས་འཇིག་རྗེས་སུ་མཁན་པོ་ཁྲོས་ནས་པེ་ཧར་ཕུག་རོན་གྱི་རོ་ཞིག་ལ་བསྟིམས་ནས་རྟེན་སྒམ་དུ་བཅུག་སྟེ་སྐྱིད་ཆུར་གཡུག  དེར་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་རབས་དང་བོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱི་མཁྱེན་ནས་ཉེ་གནས་ལ་གཙང་ཆུའི་ཁ་ན་དངོས་བོ་བླུགས་པའི་སྒམ་ཆུང་ཞིག་ཡོད་པའི་ཁ་མ་ཕྱེ་བར་འདིར་ཁྱེར་ཤོག་གསུངས། ཉེ་གནས་ཀྱི་སྒམ་ཁྱེར་ནས་འབྲས་སྤུངས་དགོན་པའི་མདུན་གཤམ་ལ་ཐོན་དུས་བསམས་པར་སྒམ་ནང་ན་རིན་པོ་ཆེ་ཅི་ཡོད་པ་བལྟ་དགོས་སྙམ་ནས་ཁ་ཕྱེས་པའི་ཕུག་རོན་ཞིག་འཕུར་ནས་འོག་གི་སྦྱར་སྡོང་སྟེང་ལ་བབས། བླ་མ་ལ་ཞུས་པས་བླ་མས་ཁྱོད་ཀྱི་གོ་མ་ཆོད། སྒམ་ཁ་མ་ཕྱེ་བར་འདིར་འོངས་ན་སྲུང་མ་འདི་ཉིད་དགོན་པའི་ནང་དུ་གནས་རྒྱུ་ཡིན་པ་ལ་ཞེས་གསུངས།  དེ་ནས་སྦྱར་སྡོང་དེའི་འགྲམ་ནས་རྟེན་མཁར་ཆུང་ཆུང་ཞིག་བརྩིགས། དེར་པེ་ཧར་གནས་ཆུང་ཆུང་འདི་ལ་གནས་དགོས་པས་གནས་ཆུང་ཆོས་སྐྱོང་ཞེས་མིང་ཆགས་ནས་འབྲས་སྤུངས་དགོན་པའི་སྲུང་མར་གྱུར། རྒྱལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མཆོག་འབྲས་སྤུངས་དགོན་པའི་གདན་ཁྲིར་བཞུགས་སྐབས་གནས་ཆུང་ཆོས་སྐྱོང་མ་བོས་མ་གསོལ་བར་རང་བཞིན་གྱི་རྟ་མགོའི་རྣམ་པ་ཅན་དུ་ཡང་ཡང་ཕེབས་ནས་ཁོང་གི་མཛད་འཕྲིན་ཆོས་བཞིན་བསྐྱངས། གསོལ་མཆོད་དང་འཕྲིན་བཅོལ་སོགས་གནང་བས་ཐམས་ཅད་མཁྱེན་པའི་ཐུགས་དགོང་ཐོགས་མེད་དུ་བསྒྲུབས། དེར་འབྲས་སྤུངས་དགོན་པའི་སྲུང་མར་དངོས་སུ་བསྐོས་བ་མ་ཟད་སྒྲོ་སྡོང་ལྷ་ཁང་ཞེས་པ་གནས་ཆུང་ཆོས་སྐྱོང་གི་རྟེན་ཁང་དུ་བཞེངས།
             ཡིག་ཚང་ལ་ལར་ཚལ་གུང་ཐང་དགོན་པ་མེ་སྐྱོན་ཤོར་རྗེས་པེ་ཧར་གྱིས་ཁྲི་དཔོན་དོན་ཡོད་རྡོ་རྗེ་ལ་གུང་ཐང་མེ་ཡིས་འཇིག་དུས་འདིར།། དོན་ཡོད་རྡོ་རྗེ་དག་པའི་ཞིང་དུ་གཤེགས།། པེ་ཧར་ང་ནི་ཨོ་རྒྱན་གླིང་དུ་འགྲོ།། ཞེས་སོགས་ལུང་བསྟན་སྨྲས། མཁན་པོ་ཁྲོས་ནས་པེ་ཧར་བསྐོར་རྫས་ལུས་དང་བཅས་པ་ཆུ་ལ་བསྐྱུར་གསུངས། དེར་ཁ་ཅག་གིས་ཕ་མས་སྲུང་མ་ཡིན་པས་མི་རུང་། འབངས་འཁོར་ལ་གནོད་པ་ཡོང་ངེས་ཆེ་ཞུས་པས། མཁན་པོས། ང་ནི་མི་འཆི་གུང་ཐང་མེས་མི་འཇིག། ཁོ་བོ་ཨོ་རྒྱན་ཡུལ་དུ་འགྲོ་ན་བདག་གིས་ལས་སྦྱོར་རོ་གསུང་ནས་ཀྲོངས་སྟོད་གླང་དམར་བསད་པ་དང་པེ་ཧར་སྐྱིད་ཆུར་བསྐྱུར་བར་བཤད།  ཉིན་ཞིག་ལ་ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་རྣལ་ལམ་དུ་གནམ་ཐེ་དཀར་པོ་ཡིན་ཟེར་བ་ཞིག་གིས་ཁྱེད་ཀྱིས་འདི་ནས་ཆོས་སྡེ་ཞིག་ཐོབ། བདག་གིས་ཁྱེད་ལ་དགེ་འདུན་པ་ལྔ་སྟོང་འབུལ་ཟེར་བ་བྱུང་། ཡང་དར་འབག་ནང་ལ་བྱོན་པའི་ལམ་ན་རྫིང་བུ་མང་བོ་ཡོད་པས་ཅི་ཡིན་དྲིས་པས་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར། གླང་ཆེན་རིའི་གདོང་ན་རྫིང་བུ་ལེགས་པོ་འབབ་པ་འདུག་པའི་རྫིང་བུའི་ཁ་ན་རྗེ་བདག་ཉིད་ཆེན་པོ་བཞུགས་པས་ཁྱེད་ཀྱིས་འདིར་ཆོས་སྡེ་གཅིག་ཐོབ། ངས་ཀྱང་ཉན་བཤད་བྱས་ནས་འདི་འདྲ་བྱུང་བ་ཡིན་གསུངས་ནས་རྫིང་བུ་ལ་ཕྱག་མཛུབ་བཙུགས་བྱུང་བ་རྨིས།
             འདིར་བྱུང་བའི་གནམ་ཐེ་དཀར་པོ་ནི་པེ་ཧར་ཡིན་པར་གསུངས།  སྤྱི་ལོ་༡༦༦༠ལོར་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་དུས་སུ་གནས་ཆུང་དགོན་པའི་རྨང་བཏིང་ཡང་ཆོས་སྐྱོང་གིས་ལུང་བསྟན་གནང་བར་ཐོགས་མར་སྔགས་ཁང་རྒྱག་དགོས་ཚུལ་སོགས་གསུངས་པས་མ་བཞེངས། སྤྱི་ལོ་༡༦༨༡ལོར་རྒྱལ་དབང་ལྔ་བ་ཆེན་མོ་བཀའ་ལུང་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཤོག་ཁྲ་དང་ཐུགས་བཀོད་གནང་ནས་སྐྱིད་སྟོད་པ་བསྟན་པ་རྒྱལ་མཚན་དང་ཕུ་ལུང་བ་ཕུན་ཚོགས་སྐལ་བཟང་གཉིས་ཀྱིས་ལག་བསྟར་བྱས་ནས་རྟེན་དང་བརྟེན་པ་བཟོ་དབྱིབས་སྣ་ཚོགས་སྤྱི་ལོ་༡༦༨༣ལོར་ལེགས་འགྲུབ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡུ་ལོ་བཀོད་དགོན་དང་སྒྲོ་སྡོང་ལྷ་ཁང་གཉིས་གཅིག་ཏུ་བསྒྲིལ་ནས་རྒྱས་བཞེངས་མཛད་པས་དགོན་མིང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་གསོལ་ལོ།།
             ད་ལྟ་བྷན་ད་ཧོར་གྱི་སྒོམ་གྲྭའི་ཤུལ་ཙམ་ལས་མཐོང་རྒྱུ་མེད་ལ་གནས་ཆུང་རྒྱལ་བོའི་བླ་རི་རྩེར་ལྷ་ཁང་ཆུང་ཞིག་དང་ལབ་རྩེ་སོགས་ཡོད། ལོ་རེར་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་རྒྱབ་རྩེ་ཚོ་བས་བླ་རི་བསྟོད་པ་དང་། དྲུག་པའི་ཚེས་གཅིག་ཉིན་ཚོ་བ་གཞན་པ་ཚོ་དང་མཱ་ཐིས་དགོན་པའི་བླ་གྲྭ་ཡོངས་ཀྱིས་གནས་ཆུང་རྒྱལ་བོའི་བླ་རི་བསྟོད་པའི་ཉིན་ཡིན། བླ་རིའི་འོག་ན་རྒྱབ་རྩེ་ཚོ་བའི་མཆོད་རྟེན་ཞིག་བཞེངས་ཡོད།
             སྤྱི་ལོ་༡༩༧༩ལོར་བྷན་ད་ཧོར་གྱི་སྒོམ་གྲྭའི་ཤུལ་དུ་རྒྱུ་ཟངས་དང་གསེར་ལས་གྲུབ་པའི་ཁྲབ་དང་མཆོད་ཆ་ལ་སོགས་པ་དངོས་པོ་བརྒྱ་དང་བཞི་བཅུ་ལྷག་བུད་པ་ནི་ལོ་རྒྱུས་གཏོགས་པས་དཔྱད་ན་དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་དཔོན་པོ་འམ་དམག་དཔོན་ཞིག་གི་དུར་ས་ཡིན་པ་ར་སྤྲོད་བྱས་འདུག་གོ།
             ཡུལ་འདི་ལ་སྔ་རྗེས་སུ་ཁྱུང་ཚ་དགེ་བཤེས་རབ་བརྟན་དང་སུམ་པ་ཡེ་ཤེས་དཔལ་འབྱོར། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གསེར་ཁྲི་འཇམ་དབྱངས་བསྟན་འཛིན། ཨ་ཆེན་མཁན་པོ། ཁྱུང་ནག་བླ་མ་ལ་སོགས་པའི་སྐྱེ་ཆེན་དམ་པ་མང་བོའི་ཞབས་ཀྱིས་བཅགས་ཤིང་། ཆོས་སྐྱོང་གཉན་པོ་ཡིན་པའི་ལུང་བསྟན་སོགས་གསུངས། ལྷ་རམས་པ་ངག་དབང་ཤེས་རབ། མཱ་ཐིས་དགེ་བཤེས་ངག་དབང་བློ་བཟང་། ཆོས་བཀའ་བ་ཆེན་མོ་ངྷི་ཚ་གྲགས་པ་རྒྱ་མཚོ་ལ་སོགས་པ་ཡུལ་འདི་དང་བར་ཐག་ཉེ་སར་སྐུ་འཁྲུངས་སོ།། སྔོན་ཆད་མཱ་ཐིས་དགོན་པ་ལ་སོགས་པའི་ཡུལ་འདིའི་དགོན་སྡེ་དང་ཚོ་བ་སོ་སོ་ན་གནས་ཆུང་སྐུ་རྟེན་འབབ་རྒྱུ་ཡོད་ལ་གཅིག་སྟོང་དགུ་བརྒྱ་ང་བཅུ་ང་བརྒྱད་ལོའི་བར་གྱི་རྒྱབ་རྩེ་ཚོ་བའི་སྐུ་རྟེན་འབབ་ས་ཨ་མྱེས་སངས་རྒྱས་ཟེར་བ་བདག་གིས་ཀྱང་རིག་མྱོང་། རྟེན་མདུང་ང་བརྒྱད་ལོར་སྤྱི་ཁང་གི་ཐབ་ནང་དུ་བརྫངས་པ་དང་ཁྱིམ་དེར་བསྐལ་བཟང་གསེར་བྲིས་མ་ཞིག་ཡོད་པ་ཡང་མེད་བརླག་ཏུ་སོང་ཟེར་རོ།།

རྩོམ་སྒྲིག་པ། སངས་སྐྱབས།