ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

བོད་ཀྱི་བཙན་པོའི་རྒྱལ་རབས་ཇི་ལྟར་འཇིག་པའི་རྒྱུ་རྐྱེན་ལ་རོབ་ཙམ་དཔྱད་པ།

སྤེལ་དུས 2019-03-10 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། སངས་རྒྱས་རིན་ཆེན།
དང་པོ། རྒྱལ་སྲིད་ཅེས་པའི་གོ་དོན་ལ་བརྟེན་ནས་བོད་ཀྱི་བཙན་པོས་བསྐྱངས་པའི་རྒྱལ་རབས་ལ་བལྟ་བ།
          སྤྱིར་རྒྱལ་སྲིད་ཅེས་པའི་མིང་ཚིག་འདི་ནི་བོད་གནའ་རབས་ཀྱི་དེབ་ཐེར་ནང་བཀོལ་སྤྱོད་མང་བོ་བྱས་ཡོད་ཀྱང་། དོན་དངོས་སུ་དེའི་གོ་དོན་དང་འབྲེལ་བའི་ངོས་འཛིན་བྱུང་མཁན་ཧ་ཅང་ཉུང་བ་འདྲ་སྟེ། ལ་ལས་རྒྱལ་ཁབ་དང་རྒྱལ་སྲིད་གཉིས་དོན་གཅིག་ཡིན་པར་སྙམ་ཞིང་། མངའ་འབངས་དབང་གསུམ་འཛོམས་པ་རྒྱལ་ཁབ་དང་རྒྱལ་སྲིད་གང་རུང་ཡིན་པར་འདོད་པའི་ལྟ་ཚུལ་བཟུང་ཡོད་པ་དེ་ནི་ཕྱོགས་རེ་བ་ཙམ་ཞིག་ཡིན་པ་ལས། གོ་དོན་གྱི་སྙིང་བོ་ཟིན་མེད་པ་རེད། འོ་ན། རྒྱལ་སྲིད་ཅེས་པའི་དོན་གྱི་གོ་བ་ཇི་ལྟར་ལེན་དགོས་ཞེ་ན། སྤྱི་ཚོགས་འཕེལ་པའི་ལོ་རྒྱུས་ཀྱི་གཞུང་ལུགས་ལྟར་ན། རྒྱལ་སྲིད་ཅེས་པ་རྒྱལ་ཁབ་དང་ཆབ་སྲིད་གཉིས་ཀྱི་བསྡུས་མིང་ཡིན་ཞིང་། དེ་གཉིས་ཀྱི་གོ་དོན་ལ་འབྲེལ་བ་ཡོད་ལ་དབྱེ་བའང་ཡོད་དེ། རྒྱལ་ཁབ་ཅེས་པ་ལ་ཕྱིའི་རྣམ་པ་དང་ནང་གི་དོན་གྱི་ངོ་བོ་ཕྱོགས་གཉིས་ཀྱི་ཆ་ནས་ངོས་འཛིན་བྱ་དགོས་ཏེ། ཕྱིའི་རྣམ་པའི་ཆ་ནས་རྒྱལ་ཁབ་ལ་མངའ་ཁོངས་དང་། འཁོར་འབངས། བདག་དབང་བཅས་ཡོད་ཅིང་། མངའ་འབངས་དབང་གསུམ་གྱི་ཆ་ནས་ངོས་འཛིན་བྱེད་པ་དང་། དོན་གྱི་ངོ་བོའི་ཆ་ནས་རྒྱལ་ཁབ་ནི་གྲལ་རིམ་གཅིག་གིས་གྲལ་རིམ་གཞན་ཞིག་ལ་ཆབ་སྲིད་ཐོག་དབང་བསྒྱུར་བྱེད་པའི་ཡོ་བྱད་ཅིག་ཡིན་ཞིང་། ཡོ་བྱད་དེའི་ནང་དུ་རྒྱལ་ཁབ་ཀྱི་ལམ་ལུགས་དང་། ཆབ་སྲིད་ཀྱི་ལམ་ལུགས། རྒྱལ་ཁབ་ཀྱི་འགན་ནུས་བཅས་ཀྱི་གྲུབ་ཆ་འདུས་ཡོད། དེས་ན་རྒྱལ་ཁབ་ཅེས་པ་ལ་རྣམ་པ་དང་ངོ་བོ་ཕྱོགས་གཉིས་ཀྱི་ཆ་ནས་ངོས་འཛིན་བྱེད་དགོས་པ་ལས། རྣམ་པ་ལ་བལྟས་ནས་ངོ་བོ་ཡིན་པར་འདོད་མི་རིགས་པ་ནི་ལོ་རྒྱུས་ལ་དཔྱད་པ་གཏོང་བའི་ཐད་ཀྱི་དོན་གལ་བོ་ཆེ་ཞིག་རེད། ཆབ་སྲིད་ཅེས་པའི་གོ་དོན་ནི། ཆབ་སྲིད་ཀྱི་གཞུང་ལུགས་ལྟར་ན། ཆབ་སྲིད་ནི་དཔལ་འབྱོར་གྱི་གཅིག་བསྡུས་མཚོན་བྱེད་ཡིན་ཞིང་། ། ཆབ་སྲིད་ཀྱི་ངོ་བོ་ནི་གྲལ་རིམ་སོ་སོའི་བར་གྱི་འཐབ་རྩོད་ཡིན་པ་དང་། ཆབ་སྲིད་གྱི་ནུས་པ་ནི་རྒྱལ་ཁབ་ཀྱི་ལས་དོན་ལ་འབྲེལ་ནས་རྒྱལ་ཁབ་ལ་ཁ་ཕྱོགས་གཏན་འཁེལ་དང་། རྒྱལ་ཁབ་ཀྱི་བྱ་འགུལ་གང་ཞིག་སྤེལ་རྒྱུའི་རྣམ་པ་དང་། ལས་འགན། ནང་དོན་བཅས་ཐག་གཅོད་བྱེད་པ་དེ་ཡིན། ཚིག་གཅིག་ཏུ་བསྡུས་ན་རྒྱལ་སྲིད་ཅེས་པ་དབང་བསྒྱུར་གྲལ་རིམ་གྱིས་དབང་བསྒྱུར་ཡོ་བྱད་ལ་བརྟེན་ནས། གྲལ་རིམ་གཞན་དག་ལ་ཆབ་སྲིད་ཐོག་དབང་བསྒྱུར་བྱེད་པའི་བྱ་བ་ཧྲིལ་བོ་ལ་གོ་དགོས། འཛམ་གླིང་ཐོག་དུས་སྔ་ཕྱི་གང་ལ་བྱུང་བའི་རྒྱལ་ཁབ་ཆེ་ཆུང་ཚང་མ་དེ་ལྟར་ཡིན་ཏེ། བོད་གནའ་རབས་ཀྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་སྲིད་དེའང་། ཕྱིའི་རྣམ་པ་ལ་མངའ་འབངས་དབང་གསུམ་ཀྱི་གྲུབ་ཆ་ལྡན་ཞིང་། དོན་གྱི་ངོ་བོ་ནི་དབང་བསྒྱུར་གྲལ་རིམ་གྱིས་དབང་བསྒྱུར་ཡོ་བྱད་ལ་བརྟེན་ནས་ངལ་རྩོལ་མང་ཚོགས་ལ་ཆབ་སྲིད་ཐོག་དབང་བསྒྱུར་བྱས་པའི་བྱ་བ་ཧྲིལ་བོ་དེ་རེད།
          མིའི་རིགས་ཀྱི་སྤྱི་ཚོགས་ཐོག་གདོད་མའི་དུས་སྐབས་ཀྱི་གྲལ་རིམ་མེད་པ་ནས་གྲལ་རིམ་ཡོད་པར་གྱུར་བ་དང་། གྲལ་རིམ་ཡོད་པ་ནས་གྲལ་རིམ་གཅིག་གིས་གྲལ་རིམ་གཞན་དག་ལ་དྲག་ཤུགས་ཀྱིས་དབང་བསྒྱུར་བྱེད་འགོ་བརྩམས་པ་ནས་བཟུང་རིམ་བཞིན་བྲན་གཡོག་གི་རྒྱལ་ཁབ་བྱུང་བ་ཞིག་རེད། དེས་ན་བོད་ཀྱི་སྤྱི་ཚོགས་ཐོག་ཆེས་ཐོག་མའི་བཙན་པོའམ་རྒྱལ་བོ་ནི་གཉའ་ཁྲི་བཙན་པོ་ཡིན་ཟེན་ཞིང་། བཙན་པོ་དེ་ནི་གྲལ་རིམ་གཅིག་གིས་གྲལ་རིམ་གཞན་དག་ལ་དབང་བསྒྱུར་བྱེད་པའི་དབང་བསྒྱུར་མཁན་ཡིན་ཞིང་། དེ་ལ་ཞིབ་ཏུ་བརྟགས་ནས་བོད་ཁམས་ཡོངས་ཀྱི་དབང་དུ་བྱས་ན་ད་དུང་དྭགས་པོ་དང་ཀོང་པོ། སུམ་པ། མངའ་རིས་སོགས་ཀྱི་ས་ཁུལ་དུའང་གཉའ་ཁྲི་བཙན་པོ་ལྟ་བུའི་དབང་བསྒྱུར་མཁན་བྱུང་ཞིང་། དེའི་སྐབས་ཀྱི་རྒྱལ་སྲིད་ཀྱི་ངོ་བོ་ནི་བྲན་གཡོག་རང་བཞིན་གྱི་ངོ་བོ་མཚོན་པའི་རྒྱལ་ཁབ་ཡིན་ཞིང་། དུས་རབས་བདུན་པའི་སྐབས་སུ་སྲོང་བཙན་སྒམ་པོ་ཡབ་སྲས་སོགས་ཀྱིས་དྲག་ཆས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བྲན་གཡོག་གི་རྒྱལ་ཕྲན་དེ་དག་རྒྱལ་ཁབ་ཆེན་པོ་གཅིག་ཏུ་དབང་བསྒྱུར་བྱས་ཤིང་། དེ་ནས་བཟུང་བོད་ཡུལ་འདིར་བྲན་གཡོག་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་བོའི་རྒྱལ་ཁབ་སྟེ་བཙན་པོའི་རྒྱལ་ཁབ་བྱུང་སྟེ། བོད་ཀྱི་ཡུལ་གྲུ་ཆེན་མོ་འདིར་བཙན་པོའི་དབང་ཆ་དང་ལྷའི་དབང་ཆ་གཉིས་ཟུང་འབྲེལ་གྱི་སྲིད་དབང་བྱུང་ཞིང་། སྲིད་དབང་དེ་ཡང་ལོ་ངོ་ཉིས་བརྒྱའི་ལྷག་གི་རིང་ལ་རྒྱུད་འཛིན་དང་མཚན་སྙན་ཀྱང་བསྐལ་བའི་བར་དུ་ཁྱབ།
          དེས་ན་བོད་གནའ་རབས་ཀྱི་བཙན་པོའི་རྒྱལ་རབས་དེ་དུས་སྐབས་གང་ལ་ངོས་འཛིན་བྱེད་དགོས་ཟེར་ན། སྲོང་བཙན་སྒམ་པོས་སྲིད་བསྐྱངས་པ་ནས་བཙན་པོ་དར་མ་འདས་པའི་བར་ལ་ངོས་འཛིན་བྱེད་དགོས་པ་དང་། སྤྱི་ལོ་ལྟར་ན་སྤྱི་ལོ་633ལོ་ནས་སྤྱི་ལོ་842ལོའི་བར་ཡིན་ཞིང་། དེ་ཡང་སྤྱི་ལོ་633ལོར་སྲོང་བཙན་སྒམ་པོས་བཙན་པོ་བཞེས་ཤིང་རྒྱལ་ས་དམར་པོ་རི་ལ་སྤོས་པ་ནས་བཟུང་དང་། སྤྱི་ལོ་842ལོར་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་དར་མ་བགྲོངས་ཤིང་རྒྱལ་སྲིད་སིལ་བུར་ཐོར་བའི་བར་དུ་ཡིན།
          སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན། སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་ཅན་གྱི་རྒྱལ་ཁབ་ཅིག་བཙུགས་པ་དེ་ནི་བོད་ཡུལ་ཡོངས་ལ་དབང་བསྒྱུར་བྱེད་ཡས་ཀྱི་འཕྲུལ་འཁོར་ཞིག་གསར་སྐྲུན་བྱས་པ་དང་། དེ་ཡང་བཀས་བཀོད་རྒྱུད་འཛིན་གྱི་རང་བཞིན་ཡོད་པའི་བཙན་པོའམ་རྒྱལ་བོའི་རྒྱལ་ཁབ་ཅིག་བཙུགས་པ་དེ་རེད། དེ་ཡིན་གཤིས་བཙན་པོའི་རྒྱལ་ཁབ་དེར་ཡང་གཅིག་ནས་དབང་བསྒྱུར་འགན་ནུས་དང་། གཉིས་ནས་སྤྱི་ཚོགས་ལས་དོན་སྒྲུབ་པའི་འགན་ནུས་གཉིས་ཡོད་པ་དང་། དབང་བསྒྱུར་འགན་ནུས་ལ་བརྟེན་ནས་སྲིད་དབང་གཏན་ཆགས་སུ་གཏོང་བ་དང་མཉམ་དུ་སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་པའི་འགན་ནུས་མངོན་འགྱུར་བྱས་ཡོད་དེ། དཔེར་ན། དྲག་ཆས་སྟོབས་ཤུགས་སྐྱེད་དེ་དམག་དོན་ལམ་ལུགས་དང་རྩ་ཁྲིམས་ལམ་ལུགས། ཁྲལ་སྡུད་ལམ་ལུགས་བཅས་ཆབ་སྲིད་ལམ་ལུགས་ཆ་ཚང་ཞིག་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་བརྟན་འཇགས་སུ་བཏང་བ་དང་། ཐོན་སྐྱེད་དཔལ་འབྱོར་གྱི་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག་རིག་གནས་སློབ་གསོ་དང་། གསོ་རིག བཟོ་རིག་ཆོས་ལུགས། སྒྱུ་རྩལ། སྐྱེལ་འདྲེན་ལ་སོགས་འཕེལ་རྒྱས་སུ་བཏང་སྟེ། བོད་ཀྱི་སྤྱི་ཚོགས་དེ་སྔ་ན་བྱུང་མ་མྱོང་བའི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་ཡོད་པ་རེད། འོན་ཀྱང་བཙན་པོའི་རྒྱལ་རབས་དེ་ཡང་ཡུན་རིང་དུ་རྟག་པ་ཞིག་མ་ཡིན་པར་དེ་ལ་དར་བ་དང་རྒུད་པའི་གོ་རིམ་གཉིས་ཡོད།
          གོ་རིམ་དང་བོ་ནི། སྲོང་བཙན་སྒམ་པོས་རྒྱལ་སྲིད་བཞེས་ནས་རི་བོ་པོ་ཏ་ལ་རུ་རྒྱལ་ས་བཙུགས(སྤྱི་ལོ་633ལོ)པ་ནས་ཁྲི་སྲོང་ལྡེ་བཙན་འདས་ལོ(སྤྱི་ལོ་797ལོ)བར་ལོ་ངོ་བརྒྱ་དང་རེ་ལྔའི་རིང་ཡིན་ཞིང་། གོ་རིམ་དང་པོའི་ནང་དུ་མགར་སྟོང་བཙན་གྱིས་རྒྱ་དང་བལ་ཡུལ་ལ་འབྲེལ་བཙུགས། རྒྱ་བཟའ་དང་བལ་བཟའ་བསུས། ཐོན་མིས་རྒྱ་གར་གྱི་ཡི་གེ་དཔེ་བྱས་ནས་བོད་ཀྱི་ཡི་གེ་བརྩམས། བོད་འབངས་ལ་དགེ་བ་བཅུའི་ཁྲིམས་བཅས། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས། བོད་བཞི་སྟོང་སྡེར་ཕྱེ།། ལྷོ་ནས་བློན་དང་མོན། ནུབ་ནས་ཞང་ཞུང་། བྱང་ནས་ཧོར། ཤར་རྩ་མི་ཤིང་མི། རྣམས་མངའ་འོག་ཏུ་བསྡུས། ཇ་ཚོང་དང་རོལ་མོའི་རྣམ་གྲངས་མང་བོ་དར། རྩི་དཀར་ནག་དང་གསོ་བྱེད་སྨན་དང་ལྷ་རྗེ་མང་བོ་བྱུང་། རྩལ་བོ་ཆེ་མི་བདུན་བྱུང་། མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པད་འབྱུང་སོགས་རྒྱ་གར་བའི་མཁས་པ་མང་བོ་སྤྱན་དྲངས་ནས་བོད་ལ་སངས་རྒྱས་ཀྱི་ཆོས་བསྒྱུར། སད་མི་མི་བདུན་ལ་སོགས་པ་རབ་བྱུང་གི་སློབ་གཉེར་གྱི་སྲོལ་བཙུགས་པ་ལ་སོགས་པའི་མཛད་རྗེས་བྱུང་སྟེ། བོད་ཁམས་ཡོངས་སུ་གཅིག་གྱུར་གྱིས་དབང་བསྒྱུར་དང་ཕྱོགས་ཡོངས་ནས་འཕེལ་རྒྱུས་སུ་བཏང་ནས་དུས་རབས་གསར་བ་ཞིག་ཏུ་སྤེལ་བ་དེའི་ཐོག་ནས་བཙན་པོའི་རྒྱལ་རབས་ཀྱི་གོ་རིམ་དང་པོའི་ནང་ཡར་རྒྱས་གོང་འཕེལ་ཆེ་བའི་དགེ་མཚན་ཆེ་བ་གསལ་བོར་མངོན་ཐུབ། མདོར་ན། གོ་རིམ་དང་པོའི་ནང་ཕྱོགས་གཅིག་ནས་སྡོན་གྱི་བཅད་བཟུང་གྱི་བྲན་གཡོག་ཚོ་ཁག་རྣམས་གཅིག་གྱུར་མཛད་པ་དང་། ཕྱོགས་གཉིས་ནས་དམག་སྟོབས་ལ་བརྟེན་ནས་མཐའ་བཞིའི་ཡུལ་གྲུ་ལ་མངའ་ཁོངས་རྒྱ་བསྐྱེད་བྱས་པ་དང་། ཕྱོགས་གསུམ་ནས་ས་གནས་སྡེ་ཁག་གསར་འཛུགས་དང་། ཡི་གེ་ལེགས་བཅོས། ཁྲིམས་ལུགས་གཏན་འབེབས་སོགས་བྱས། ཕྱོགས་བཞི་ནས་འཕྱོང་རྒྱས་ཡུལ་ནས་རྒྱལ་བོའི་ཕོ་བྲང་ལྷ་སའི་དམར་པོ་རི་ལ་སྤོས་པ་དང་། རི་བོ་པོ་ཏ་ལ་ནི་རྒྱལ་སའི་ཕོ་བྲང་དང་། གསར་དུ་བཙུགས་པའི་རྒྱལ་ཁབ་ནི་བཙན་པོའི་རྒྱལ་ཁབ་ཡིན་པར་གཏན་ཕབ་མཛད། ཕྱོགས་ལྔ་ནས་ས་གནས་ཀྱི་བྲན་བདག་དང་དམག་འཁྲུག་ནང་བྱས་རྗེས་ཅན་ལ་གོ་གནས་སྩལ་བ་དང་འབངས་ཁྱིམ་དང་ས་ཁུལ་ངོས་བཏགས་མཛད། ཕྱོགས་དྲུག་ནས་སྔར་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་གསུམ་ལ་སོགས་ལྷ་མང་མཆོད་པའི་དད་སྲོལ་བསྒྱུར་ནས་བསྒྲུབ་བྱའི་ལྷ་གཅིག་སྟེ་དཀོན་མཆོག་གསུམ་ལ་དད་མཆོད་བྱེད་པའི་ཆོས་སྲོལ་གསར་བ་བཙུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་འཕྲིན་རྒྱས།
          གོང་གི་གནས་ཚུལ་འདི་དག་ལས་མཐོང་བ་ལྟར་ན། སྲོང་བཙན་སྒམ་པོའི་བཙན་པོའི་རྒྱལ་ཁབ་བཙུགས་པ་དེའི་ཐོག་ནས་སྔར་གྱི་བྲན་གཡོག་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་བོའི་ལམ་ལུགས་གསར་བ་ཚུགས་ཤིང་། བཙུགས་པའི་རྒྱལ་ཁབ་དེའི་ངོ་བོ་ནི་བཤུ་གཞོག་གྲལ་རིམ་གྱིས་ངལ་རྩོལ་མི་དམངས་ལ་དབང་བསྒྱུར་བྱེད་པའི་རང་བཞིན་ཡིན་པ་གསལ་ཞིང་། བཙན་པོའི་རྒྱུད་པ་རྣམས་ཀྱིས་ངལ་རྩོམ་མི་དམངས་ལ་དབང་བསྒྱུར་བྱེད་པའི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་གསར་བ་ཞིག་གཞི་ནས་ཆགས་པ་ཡིན་པར་མཚོན་ཐུབ་པ་རེད། དེར་བརྟེན། གོ་རིམ་དང་བོའི་ནང་གསར་དུ་བཙུགས་པའི་རྒྱལ་ཁབ་དེ་ཆ་མི་ཚང་བ་ནས་ཆ་ཚང་དང་། དམའ་རིམ་ནས་མཐོ་རིམ་བར་དུ་འཕེལ་བ་དང་། རྒྱལ་ཁབ་ཀྱི་འགན་ནུས་དེའང་གོ་ལྡོག་མེད་པར་ལག་བསྟར་བྱས་པས། བོད་བཙན་པོའི་རྒྱལ་ཁབ་དེ་ངོ་བོ་དང་རྣམ་པ་གང་གི་ཆ་ནས་ཀྱང་ཡར་ངོས་ཟླ་ལ་འགྲན་པ་བཞིན་འཕེལ་རྒྱས་བྱུང་ཞིང་། མཚན་སྙན་ཡང་འཛམ་གླིང་ཡོངས་ལ་ཁྱབ་པར་བྱས་ཡོད། དེའི་ཕྱིར་བོད་ཀྱི་ཕྱི་རབས་པ་རྣམས་ཀྱིས་ནམ་ཡང་བཙན་པོའི་མཛད་རྗེས་ལ་བསྟོད་བསྔགས་བྱེད་པ་དང་། བསྟོད་བསྔགས་བྱེད་པའི་མཛད་རྗེས་དེའང་དོན་དམ་པར་བལྟས་ན་གོ་རིམ་དང་པོའི་སྐབས་སུ་བཙན་བློན་རྣམས་ཀྱིས་བཞག་པའི་མཛད་རྗེས་དེ་ཡིན་པར་གསལ།
          གོ་རིམ་གཉིས་པ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་འདས་ལོ་སྟེ། སྤྱི་ལོ་797ལོ་ནས་བཙན་པོ་དར་མ་འདས་ལོ་སྟེ་སྤྱི་ལོ་842ལོའི་བར་ཡིན་ཏེ། ཧ་ལམ་ལོ་ངོ་ལྔ་ཅུ་ཡས་མས་ཀྱི་རིང་ཙམ་ཡིན། གོ་རིམ་གཉིས་པའི་ནང་བཙན་པོའི་རྒྱལ་རབས་དེ་ཅང་མ་འགོར་བར་འཕྲལ་དུ་ཉམས་རྒུད་དུ་གྱུར་པ་རེད། རྒྱལ་སྲིད་ཐོར་བའི་སྔ་ལྟོས་སུ་བཙན་པོའི་ནང་ཁུལ་ལ་ཆག་སྒོ་བྱུང་བ་དཔེར་ན། མུ་ནེ་བཙན་པོས་དབུལ་ཕྱུག་ཐེངས་གསུམ་བསྙམས་ཀྱང་མ་སྙོམ་པར་ཡིད་མུག་པ། མུ་ཏིག་བཙན་པོས་ཞང་རྒྱལ་མཚན་ལྷ་སྣང་གི་བུ་བསད།  སྣ་ནམ་ཚང་གིས་མུ་ཏིག་བཙན་པོ་བསད། བློན་པོ་སྦས་སྟག་སྣ་ཅན་གྱིས་ཆང་གིས་གཟི་བའི་གོ་སྐབས་ལ་བརྟེན་ནས་བཙན་པོ་ཁྲི་རལ་བ་ཅན་བསད། ལྷ་སྲས་གཙང་མ་བསྐྲད། བཙན་པོ་དར་མ་བསད། ཡུམ་བརྟན་དང་འོད་སྲུང་གཉིས་ཕྱོགས་ཁག་གཉིས་ཀྱིས་བདག་བཟུང་བརྒྱབ་སྟེ་ཕྱོགས་གཉིས་སུ་གྱེས་པ་ལ་སོགས་པའི་བཀྲ་མི་ཤིས་པའི་བྱ་བ་མང་བོ་ཞིག་རྒྱལ་བོའི་ཕོ་བྲང་དུ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། དེའི་ཐོག་ནས་གོ་རིམ་གཉིས་པའི་ནང་རྒྱལ་སྲིད་ལ་གནོད་པའི་བཀྲ་ཤིས་སྣ་ནག་མ་བཙན་པོའི་ཕོ་བྲང་དུ་ཞུགས་ཤིང་། ལོ་ངོ་བཅུ་ཕྲག་དུ་མ་ལས་མ་སོང་ཡང་། བཙན་པོ་དང་བློན་པོའི་བར་དང་། སྲིད་བློན་དང་ཆོས་བློན་བར་འགལ་བའི་བཐབ་རྩོད་དྲག་པོ་བྱུང་ཞིང་། འཐབ་རྩོད་དྲག་པོའི་ཁྲོད་དུ་བཙན་པོ་ཁྲི་རལ་བ་ཅན་དང་བཙན་པོ་དར་མ་སྐུ་མཆེད་གཉིས་ནི་ཕམ་ཁ་མྱོང་མཁན་ཏེ་རང་སྲོག་ཤོར་མཁན་དུ་གྱུར་པ་ཡིན་པ་མཚོན་ཐུབ་ཅིང་། བཙན་པོའི་ཕོ་བྲང་ནང་ཁུལ་དུ་འཐབ་རྩོད་བྱུང་བ་དེའི་ངོ་བོ་ནི་དབང་བསྒྱུར་གྲལ་རིམ་ནང་ཁུལ་གྱི་དབང་ཆ་འཕྲོག་རྩོད་བྱེད་པའི་འཐབ་རྩོད་ཡིན་པ་དང་། རྒྱལ་སྲིད་དེ་མི་དར་མ་ཞིག་ལ་ནད་ཡམས་ཀྱིས་བཟུང་བ་བཞིན་དུ་བརྟན་ཆགས་མ་ཡོང་བར་དུས་ཐུང་ནང་ཉམས་རྒུད་དུ་གྱུར་སོང་བ་རེད།
གཉིས་པ། བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་བའི་རྒྱུ་རྐྱེན་འཆོལ་སྲོལ་རྙིང་བ་དང་དེའི་ཕྱོགས་ཀྱི་ལྟ་ཚུལ་བཤད་པ།
          བོད་བཙན་པོའི་རྒྱལ་རབས་ཐོར་ཤིག་ཏུ་གྱུར་བའི་རྒྱུ་རྐྱེན་ནི་བོད་ཀྱི་རིམ་བྱུང་གི་ལོ་རྒྱུས་དང་ཆོས་འབྱུང་སྨྲ་བ་དག་གིས “གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་རྐྱེན་ཡིན་པར”བསྡུས་ཡོད་དེ། དཔེར་ན།“ལ་ལས སྔོན་བལ་ཡུལ་དུ་མཆོད་རྟེན་བྱ་རོང་ཁ་ཤོར་བཞེངས་རྗེས་གླང་བོ་ཞིག་གིས་ལོག་ལྟའི་སྨོན་ལམ་བཏབས་པ་ལས་ལན་སོང་” ཟེར་བ་དང་། ལ་ལས“བཙན་པོ་དར་མ་བདུད་རྒྱལ་ཡིན་པ་ལས་ལན་སོང་”ཟེར། ལ་ལས་“རྒྱལ་བོ་གླང་དར་མ་ནི་བློན་པོ་སྡིག་པ་ཅན་དག་གི་ཁ་ལ་རྒྱུགས་པས་ལན་སོང་”ཟེར། ལ་ལས“རྒྱལ་བོ་གླང་དར་མས་སྔར་ནུ་བོ་རྒྱལ་བོར་བསྐོས་པའི་སྙིང་ནད་མ་བཟོད་པས་ཆོས་བསྣུབས་པས་ལན་སོང་” ཟེར། ལ་ལས་ “གླང་དར་མས་བོན་ཆོས་སྤེལ་ནས་བན་ཆོས་བསྣུབས་པ་ལས་རྒྱལ་སྲིད་ཐོར་སོང་”ཟེར་བ་ལ་སོགས་པའི་ཁུངས་མང་བོ་དྲངས་ཡོད། ལྟ་ཚུལ་འདི་དག་ལ་ཞིབ་ཏུ་བསམ་བློ་བཏང་ན། དོན་ལ་གནས་པའི་ལྟ་ཚུལ་གྱི་ཁུངས་གཅིག་ཀྱང་མི་འདུག རྒྱུ་མཚན་ཅི་ཡིན་ཞེ་ན། བཤད་ལུགས་དེ་དག་ཚང་མའི་ནང་དོན་གྱི་ཆ་ནས་བལྟས་ན། ལ་ལ་ལྷ་སྒྲུང་དང་འབྲེལ་བའི་ཆོས་ཕྱོགས་ལ་སྦྱར་བའི་ལྟ་ཚུལ་ཡིན་པ་དང་། ལ་ལ་ཕྱོགས་རིས་སུ་ཆད་ནའི་ལྟ་ཚུལ་ཡིན་ཞིང་། དུས་ཚོད་ཀྱི་ཆ་ནས་བལྟས་ན། བཤད་ལུགས་དེ་དག་ཚང་མ་བསྟན་པ་ཕྱི་དར་གྱི་འགོ་བཟུང་བའི་རྗེས་ནས་རིམ་གྱིས་བྱུང་བ་ཞིག་ཡིན་པ་དང་། ཡང་ན་བཙན་པོའི་རྒྱལ་རབས་ཐོར་བའི་རྗེས་སུ་ལོ་ངོ་སུམ་བརྒྱ་ལྷག་སོང་བའི་རྗེས་ནས་ད་གཟོད་རིམ་གྱིས་བྱུང་བ་ཞིག་ཡིན་པ་ལས་བཙན་པོའི་རྒྱལ་རབས་ཐོར་སྐབས་སམ་ཡང་ན་བཙན་པོ་དར་མ་བགྲོང་མ་ཐག་གི་སྐབས་སུ་བཀོད་པའི་དངོས་དོན་ལག་བཟུང་ཟིན་བྲིས་ཤིག་སུས་ཀྱང་མཐོང་རྒྱུ་མེད་པའི་གནད་ཅིག་གནས་ཡོད་པ་དེ་རེད། སྔོན་གླང་བོ་ཞིག་གིས་ལོག་སྨོན་བཏབས་པ་ལས་བོད་ཀྱི་རྒྱལ་སྲིད་འཇིག་སོང་ཟེར་བའི་བཤད་ལུགས་དང་། བཙན་པོ་དར་མ་བདུད་རྒྱལ་ཡིན་པ་ལས་ལན་སོང་ཟེར་བའི་བཤད་ལུགས་ཐམས་ཅད་ལྷ་སྒྲུང་གི་གཏམ་རྒྱུད་དང་བདུད་བཙན་ཀླུ་གསུམ་གྱི་ཕྱོགས་ལ་རྨོངས་པ་དག་གི་ཁྲོད་དུ་བྲིན་པར་འགྱུར་ཡང་། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་དང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་ཆ་ནས་རྐང་ཚུགས་སའི་གནས་མེད་པ་དང་ཁུངས་དང་རྒྱབ་རྟེན་ཅི་ལའང་མི་འགྲོ་བར་དེ་ལ་ཡིན་རྟོན་གྱི་བརྗོད་གཞི་ཅི་ཡང་མི་འདུག་པས། ལོ་རྒྱུས་ཀྱི་གད་སྙིགས་ཕྱོགས་སུ་འདེད་དགོས་པའི་བྱ་བ་ཞིག་རེད་དོ།།
          གླང་དར་མས་སྔར་ནུ་བོ་རྒྱལ་བོར་བསྐོས་པའི་སྙིང་ནད་མ་བཟོད་པས་ཆོས་བསྣུབས་པས་ལན་སོང་ཟེར་བ་དེ་ཡང་དོན་ལ་མི་གནས་ཏེ། དེང་སྐབས་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་མང་བོ་ཞིབ་འཇུག་བྱེད་སྐབས་ཞིབ་ཚེགས་ཆེ་བའི་སྒོ་ནས་ཐོ་གཏུགས་གང་ལེགས་བྱས་ན། གླང་དར་མ་ནི་ནུ་བོ་ཡིན་པ་ལས་ཕུ་བོ་ཡིན་ཚོད་མེད་ལོས་ཆེ་བས། ཁྲི་རལ་བ་ཅན་ཕུ་བོ་ཡིན་པ་དང་དར་མ་ནུ་བོ་ཡིན་པར་ར་འཕྲོད་པའི་ཐོག་ནས“ནུ་བོ་རྒྱལ་བོར་བསྐོས་པའི་སྙིང་ནད་མ་བཟོད”ཟེར་བའི་ཚིག་དེ་ཟིལ་ཐོག་ཉི་འོད་ཕོག་པ་བཞིན་རང་ཤུགས་སུ་ཚིག་སྟོང་དུ་འགྱུར་འགྲོ་བ་རེད། ཡང་གླང་དར་མ་ནི“བློན་པོ་སྡིག་པ་ཅན་གྱི་ཁ་ལ་རྒྱུགས་པས་ལན་པ་དང་།བོན་ཆོས་སྤེལ་ཞིང་བན་ཆོས་བསྣུབས་པས་རྒྱལ་སྲིད་ཐོར”ཟེར་བ་དེ་ཡང་དོན་ལ་མི་གནས་ཏེ། འདོད་ཚུལ་དེ་ནི་བརྗོད་མཁན་རང་ཉིད་ནང་བསྟན་ཕྱོགས་ཁོ་ན་ལས་བོན་ཕྱོགས་ལ་སྡང་བའི་ཕྱོགས་ཞེན་གྱི་བསམ་བློ་ཞིག་ལྷང་ལ་བུད་པ་ཙམ་ཡིན་གྱི། ལོ་རྒྱུས་ཀྱི་དོན་དངོས་དང་གཏན་ནས་མི་མཐུན། རྒྱལ་སྲིད་ཀྱི་ཆགས་འཇིག་ནི་རྒྱལ་ཁབ་རང་སྟེང་ལ་ཡོད་པའི་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ལ་རག་ལས་བཞིན་ཡོད་པ་ལས་ཆོས་ལུགས་ཤིག་གི་དར་རྒུད་ལ་འབྲེལ་བ་གཏན་ནས་མེད་དེ། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེ་ཆུང་གང་ཞིག་གི་འཕེལ་འགྲིབ་དང་དར་རྒུད་ཀྱི་རྒྱུ་རྐྱེན་དངོས་ལ་གཞིགས་ན། རྒྱལ་ཁབ་ཁ་ཤས་ལ་རྒྱལ་ཁབ་རང་ངོས་ཀྱི་ནང་ན་ཆོས་ལུགས་སྣ་གཅིག་དང་།རྒྱལ་ཁབ་ཁ་ཤས་ལ་རྒྱལ་ཁབ་རང་ངོས་ཀྱི་ནང་ན་ཆོས་ལུགས་ས་སྣ་དུ་མ་དར་ཡོད་པ་ཞིག་རེད།རྒྱལ་ཁབ་གང་དེའི་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་སྲ་ཞིང་བརྟན་པོ་ཞིག་ཡིན་ཚེ། རྒྱལ་ཁབ་དེའི་ནང་དར་བའི་སྔར་སྲོལ་ཆོས་ལུགས་བསྣུབས་ཤིང་གསར་སྲོལ་ཆོས་ལུགས་ཤིག་སྤེལ་བ་དང་། ཡང་ན་སྔར་དར་ཆོས་ལུགས་དེ་གྲུབ་མཐའ་དུ་མར་གྱེས་ཤིང་། འདོད་ཚུལ་མི་འདྲ་བའི་ཆོས་ལུགས་དང་མཚན་ཉིད་ཀྱི་ལྟ་བ་ཇི་འདྲ་བ་ལ་བསྒྱུར་ཀྱང་། རྒྱལ་སྲིད་ཀྱི་ཆགས་འཇིག་ལ་གནོད་པའམ་ཤན་ཤུགས་ཐེབས་མི་སྲིད་པ་ཞིག་རེད། རྒྱལ་རབས་འཇིག་པའི་བསླབ་བྱ་ལས་ཤེས་གསལ་ལྟར། རྒྱལ་སྲིད་ཤོར་བ་ཐམས་ཅད་ཀྱི་རྩ་བ་བསྡུས་ན། ཕྱི་མ་ཕྱི་མའི་དབང་འཛིན་པ་དག་གིས་རྒྱལ་ཁབ་ཀྱི་འགན་ནུས་མ་བཟུང་བར་མེས་པོ་རྣམས་ཀྱི་མཛད་རྗེས་ལ་བརྟེན་ནས་བག་མེད་འདོད་སྲེད་ཆེ་བའི་ལོངས་སྤྱོད་རོལ་བ་ཁོ་ན་ལ་བརྟེན་ཞིང་ཆབ་སྲིད་ཐོག་སྙོམ་ཆུང་ནུས་མེད་ཀྱི་རྣམ་འགྱུར་མངོན་པའི་མཐར་ལ་ལ་བློན་གྱེན་ལོག་དང་། ལ་ལ་འབངས་གྱེན་ལོག་གི་ཆག་སྒོ་བྱུང་བའི་ཁྲོད་དུ་རྒྱལ་སྲིད་ཤོར་བ་དཔེ་གང་མང་ཞིག་སྟོན་རྒྱུ་ཡོད་ཅིང་། འཛམ་གླིང་ཐོག་གི་དཔེ་མཚོན་མང་བོ་ཞིག་ཕར་ཞོག་རང་རེའི་ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས་ཐོག་རྒྱལ་རབས་ཤོར་ལུགས་ཀྱང་ད་འདྲ་ཡིན་ཏེ།  ཐང་།  སུང་། ཡོན། མིན། ཆིན་སོགས་ཀྱི་རྒྱལ་རབས་སོ་སོ་ཡང་ཕྱི་མ་ཕྱི་མའི་རྒྱལ་བོ་དག་གིས་ཡབ་མེས་ཀྱི་གསར་སྐྲུན་མཛད་པའི་འོད་སྣང་ལ་བརྟེན་ནས་བག་མེད་འདོད་སྲེད་ཆེ་བའི་ལོངས་སྤྱོད་རོལ་བ་ཁོ་ནའི་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འགན་ནུས་མ་བཟུང་བའི་མཐའ་མར། རྒྱལ་རབས་རྩ་བ་ནས་འཇིག་པ་ཡིན་པའི་བསླབ་བྱ་ཡོད་པ་འདི་རྣམས་ཀྱི་དཔེ་ཡི་ཐོག་ནས། བོད་བཙན་པོའི་རྒྱལ་རབས་དེའང་ཕྱི་མ་ཕྱི་མའི་བཙན་པོ་དག་གིས་སྔོན་མའི་བཙན་པོ་རྣམས་ཀྱིས་གསར་སྐྲུན་མཛད་པའི་འོད་སྣང་ལ་བརྟེན་ནས་བག་མེད་ཀྱི་འཚོ་བ་བསྐྱེད་པར་མ་ཟད། རང་ཉིད་ཀུན་ལ་བརྩེ་བའི་སྤྱན་རས་གཟིགས་དབང་དངོས་ཤིག་ཡིན་པའི་སྤྱོད་ཚུལ་བཟུང་ཐོག  ཆབ་སྲིད་ཐོག་གི་དབང་བསྒྱུར་དང་དཔལ་འབྱོར་ཐོག་གི་འཛུགས་སྐྲུན་མ་བྱས་པར། སྡིག་སྤང་དགེ་སྒྲུབ་ཀྱི་ཆོས་ལུགས་ཀྱི་ཆོ་གའི་བྱེད་སྒོ་ཙམ་ཞིག་གཉེར་བར་བྱས་པའི་དབང་གིས། གོ་རིམ་གཉིས་པའི་སྐབས་སུ། ཅང་མ་འགོར་བར་བློན་གྱེན་ལོག་དང་འབངས་གྱེན་ལོག་གི་འཐབ་རྩོད་བྱུང་བའི་ཁྲོད་དུ་བཙན་པོའི་རྒྱལ་རབས་དེ་ཐོར་སོང་བ་མ་གཏོགས། བོན་ཆོས་བསྣུབས་ནས་བན་ཆོས་སྤེལ་པ་དང་། བན་ཆོས་བསྣུབས་ནས་བོན་ཆོས་སྤེལ་བ་གང་གིས་ཀྱང་ལན་པ་མིན་པར་འདོད། གལ་སྲིད་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་བརྟན་ཆགས་ཤིག་ཡིན་པའི་དབང་དུ་བྱས་ན། བཙན་པོ་གང་རུང་གིས་བན་ཆོས་བསྣུབས་ནས་བོན་ཆོས་སྤེལ་བ་དང་། ཡང་ན། བོན་ཆོས་བསྣུབས་ནས་བན་ཆོས་སྤེལ་བ་གང་བྱས་ཀྱང་། རྒྱལ་སྲིད་གཏན་ཆགས་སུ་གནས་ཐུབ་ངེས་རེད། བཙན་པོ་དར་མའང་དེ་ལས་མ་འདས་པ་ཞིག་རེད། དེར་བརྟེན་བཙན་པོ་དར་མས་ “བསྟན་པ་བསྣུབས་ནས་རྒྱལ་སྲིད་ཐོར་” ཞེས་པའི་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་དེ་ཇི་འདྲ་བརྗོད་ཀྱང་སྙིང་བོ་སྤུ་ཙམ་ཡང་མི་འདུག་པ་རེད། དེས་ན“གླང་དར་མས་བསྟན་པ་བསྣུབས་ནས་རྒྱལ་སྲིད་ཐོར” ཞེས་པའི་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་དེ་སྤེལ་མཁན་སུ་དང་སྤེལ་བའི་དུས་རབས་ནམ་ཞིག་ཡིན་པའི་ཐད་ལ་ཞིབ་ཏུ་བསམ་བློ་ཞིག་གཏོང་རྒྱུ་ཡོད་དེ། ད་སྔར་ཡོད་པའི་དེབ་ཐེར་རྣམས་ལས་གསལ་བ་ལྟར་ན། གཏམ་རྒྱུད་དེ་ཐོག་མར་སྤེལ་མཁན་ནི་བོད་ལ་བསྟན་པ་གསར་བ་དར་འགོ་ཚུགས་ཟེར་བ་དེའི་རྗེས་དང་། ཡང་ན་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཚུགས་མ་ཐག་གི་དུས་སྐབས་ནང་། སངས་རྒྱས་ཆོས་ལུགས་པའི་གྲས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྤེལ་བ་ཞིག་ཡིན་པ་དང་། སྤེལ་བའི་དམིགས་ཡུལ་ནི་སངས་རྒྱས་ཆོས་ལུགས་པའི་ཆོས་པ་རྣམས་ཀྱི་གོ་གནས་བོད་ཡུལ་གྱི་ཆབ་སྲིད་ལས་མཐོ་ཞིང་སྲིད་ཀྱི་སྟེང་མ་གཉེར་བའི་ཆེད་དུ་སྤེལ་བ་ཡིན་པ་དང་། དུས་རབས་ཆ་ནས་བལྟས་ན། ཧ་ལམ་དུས་རབས་བཅུ་གཅིག་པའི་རྗེས་ནས་བྱུང་བ་ཡིན་པ་འདྲ་སྟེ། དཔེར་ན་དེའི་སྐོར་ལ་གསལ་བར་འགྲེལ་ཡོད་པའི་དེབ་ཐེར་ཆེས་སྔ་ཤོས་ནི《རྒྱལ་རབས་གསལ་བའི་མེ་ལོང་》ལྟ་བུ་ཡིན་ཞིང་། དེ་ལས་གཞན་ཡོད་པའི་འཕྲོ་མ་རྣམས་ནི་ལད་ཟློས་ཙམ་ཡིན། དེ་ལས་གཞན་པ་སྟེ《རྒྱལ་རབས་གསལ་བའི་མེ་ལོང་》མ་བྱུང་བའི་ཡར་སྔོན་དུ་བཀོད་པ་ཡིན་ཟེར་བའི་དེབ་ཐེར་དང་ཡིག་ཆ་ཅི་རིགས་ཡོད་པ་དེ་དག་དེའི་བྱུང་དུས་ནམ་ཞིག་ཡིན་པ་དང་རྩོམ་མཁན་སུ་ཡིན་པ་ལ་ཞིབ་བརྟག་འགྲོ་དགོས་པ་ཞིག་མ་གཏོགས་གཏེར་མའི་ཚུལ་དུ་ཕྱུང་ནས་ཕུད་པ་བདེན་དཔང་དུ་འགྲོ་མི་སྲིད། གཏེར་མ་ཡིན་ཟེར་ནས་བདེན་དབང་དུ་བྱེད་པ་རྣམས་ཚན་རིག་གི་བྱེད་སྒོ་དང་མི་མཐུན་པ་ཞིག་རེད། དེ་ཡིན་ཕྱིར་གླང་དར་མས་ཆོས་བསྣུབས་ནས་རྒྱལ་སྲིད་ཐོར་ཟེར་བའི་ཚིག་དེར་བདེན་པ་ཅི་ཡང་མི་གནས་པ་དང་། དེ་ལྟ་བུའི་ཚིག་གི་ཟློས་པ་ཅི་འདྲ་མང་ཡང་ཞིབ་བརྟག་བྱེད་དགོས་པ་ལས་མཐའ་གཅིག་ཏུ་ཡིད་རྟོན་བྱེད་པ་འོས་སུ་མ་མཆིས་སོ།།
          “གླང་དར་མས་ཆོས་བསྣུབས” ཟེར་བའི “ཆོས”དེ་སངས་རྒྱས་ཆོས་ལ་བསྟན་འདུག་པས། སོམས་དང་། འཛམ་གླིང་ན་ཆོས་ལུགས་མི་གཅིག་པ་དུ་མ་ཡོད་ཀྱང་། དེའི་ནང་དུ་སངས་རྒྱས་ཆོས་ལུགས་ནི་མིའི་བསམ་བློའི་འདུ་ཤེས་དང་ལུས་ངག་ཀུན་སྤྱོད་གཙང་ཞིང་ཕྱི་མར་བདེ་བ་བརྩོན་པ་དང་སེམས་གཙོ་བོར་སྒྲུབ་པའི་ཆོས་དད་བྱ་འགུལ་ཞིག་ཡིན་པས། དེའི་ངོ་བོ་ནི་བསམ་པ་རང་གཅུན་བྱེད་རྒྱུ་དེ་རེད། ཆོས་ཀྱི་བྱ་འགུལ་ཏེ་སྒྲུབ་ཐབས་ཀྱི་བྱེད་སྒོའི་རྣམ་པ་ལ་ཡུལ་དུས་མི་གཅིག་པའི་དབང་གིས་ཁྱད་ཆོས་ཀྱང་མང་བོ་ཡོད་པ་རེད། དེས་ན་བྱེད་སྒོའི་རྣམ་པ་བསྒྱུར་བཅོས་བྱས་པའི་དོན་དེ་ལ་ངོ་བོ་བསྒྱུར་བའམ་བསྣུབས་པ་ཞེས་བརྗོད་པ་མི་འཐད་དེ། གླང་དར་མའི་སྐབས་སུ་གྲྭ་བ་རྣམས་རི་དྭགས་རྔོན་དུ་བཅུག་པ་དང་། རི་དྭགས་རྔོན་དུ་མི་འགྲོ་བའི་གྲྭ་བ་དག་ལ་སྲོག་ཆད་བཅད་ཟེར་བའི་ཚུལ་དེར་གཞིགས་ན། བོད་བཙན་པོའི་རྒྱལ་རབས་སྐབས་སུ་རི་དྭགས་རྔོན་རྒྱུ་དེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཀ་གཙོ་བོ་ཡིན་སྟབས། གྲྭ་བ་ལ་རི་དྭགས་རྔོན་དུ་བཅུག་པ་ནི་བཙན་པོས་ཕྱོགས་ཡོངས་ནས་ཐོན་སྐྱེད་ཆེར་འཛིན་བྱས་པ་ཡིན་པར་ཤེས་ཐུབ་སྟེ། བཙན་པོ་དར་མས་སྐབས་སུ་ཐོན་སྐྱེད་དང་བྲལ་ཆོས་སྒྲུབ་མི་སྣའི་ཚོགས་པ་གཏོར་ནས་གྲྭ་བ་ཚང་མ་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་བཙུགས་པའམ་སྤེལ་བ་དང་། ལམ་ལུགས་དེར་མི་ཞུགས་མཁན་དག་ལ་ཁྲིམས་ཀྱིས་ནན་སྐུལ་བྱས་པ་རེད། དེར་བརྟེན་བཙན་པོ་དར་མའི་སྐབས་སུ་བསྣུབས་ཡོད་པ་ནི་ཐོན་སྐྱེད་དང་བྲལ་བའི་ཆོས་སྒྲུབ་ལམ་ལུགས་བསྣུབས་པ་དང་། ཆོས་པས་ཕྱོགས་གཅིག་ནས་ཆོས་དད་བྱེད་པ་དང་ཕྱོགས་གཉིས་ནས་ཐོན་སྐྱེད་བྱེད་པ་སྟེ་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཤིག་སྤེལ་པ་ཡིན་པ་རེད།  “ཆོས་པ་རྣམས་རི་དྭགས་རྔོན་དུ་བཅུག”ཟེར་བ་དེར་བརྟག་ན། བཙན་པོས་བསམ་གཟས་ནས་ཆོས་པ་ལ་སྡིག་སྒྲུབ་བྱེད་དུ་བཅུག་པ་མ་ཡིན་པར། དེ་ནི་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་དུ་བཅུག་པ་དེ་རེད། དེའི་རྒྱུ་མ་ཙན་ཅི་ཡིན་ཞེ་ན། སྲོང་བཙན་སྒམ་པོ་ནས་སངས་རྒྱས་ཆོས་སྤེལ་བ་ཡིན་ཀྱང་། ཁྲི་སྲོང་ལྡེ་བཙན་སྐབས་སུ་སྦ་གསལ་སྣང་གི་བུ་མོ་ཞིག་གི་པུར་གདུང་ལ་རྒྱ་ནག་ཧ་ཤིང་བཀོད་འདོམས་ལྟར་རྣམ་ཤེས་ཡོད་མེད་ཚོད་ལྟ་བྱས་པ་ལས་མ་གཏོགས་རྣམ་ཤེས་ཡོད་མེད་ཀྱི་ཚུལ་ལ་བསམ་བློ་འཁོར་མེད་པ་རེད། དེ་ཡིན་ཕྱིར། ཁྲི་སྲོང་ལྡེ་བཙན་འདས་ནས་དར་མའི་བར་དུ་ཧ་ལམ་ལོ་ངོ་ལྔ་ཅུ་ཡས་མས་ཙམ་ལས་མ་ཕྱིན་སྟབས། དེ་ལྟ་བུའི་དུས་ཐུང་ཐུང་ཞིག་གི་ནང་དུ་སྲོག་གཅོད་ཀྱི་སྡིག་པ་བྱས་ན་སྐྱེ་བ་ཕྱི་མར་རྣམ་སྨིན་འཁོར་བའི་ཕྱོགས་ལ་ཤིན་ཏུ་སྐྲག་པའི་བསམ་བློ་ཆེན་པོ་བྱུང་མེད་པའི་སྟབས་ཀྱི་རེད།
          སྐབས་དེར་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་གྱི་ལམ་ལུགས་ལ་མི་ཞུགས་མཁན་གྱི་གྲྭ་བ་ངན་རེངས་པ་དག་ལ་དངོས་སུ་ཁྲིམས་གཅོད་བཙན་པོའམ་ནན་མོ་བྱས་ཡོད་པར་མ་ཟད། སྲོག་ཆད་བཅད་པའང་ཡོད་སྟབས། ཐོན་སྐྱེད་ངལ་རྩོལ་ལ་ཞུགས་འདོད་མེད་པའི་ཆོས་པ་ལ་ལ་མཐའ་འཁོབ་ཡུལ་ལ་བྲོས་བཤོལ་ལ་སོང་བའང་མང་བོ་ཡོད་པ “མཁས་པ་མི་གསུམ”ལྟ་བུ་ལས་མཚོན་ཐུབ། བཙན་པོ་དར་མའི་སྐབས་སུ་ཆོས་པ་རྣམས་ཀྱང་ཐོན་སྐྱེད་ངལ་རྩོལ་ལ་ཞུགས་སུ་བཅུག་པ་དང་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་བྱ་བ་དེ་རྒྱལ་ཁབ་ཀྱི་ལམ་ལུགས་ཅན་དུ་གྱུར་ཡོད་པའི་རྐྱེན་གྱིས། ལྷ་ལུང་དཔལ་རྡོར་པས་བཙན་པོ་དར་མ་ལྐོག་གསོད་བྱས་མཐར་རྒྱལ་ཁྲིམས་ལ་སྐྲག་ནས་ལྷ་ལྡན་གྲོང་ཁྱེར་དུ་གནས་བཟོད་བྱེད་མ་ཐུབ་པར་མདོ་སྨད་ཕྱོགས་སུ་འབྲོ་དགོས་བྱུང་བ་རེད། ཁོ་རང་འབྲོ་བའི་སྐབས་སུ་གོས་མདོག་དང་རྟའི་མདོག་བསྒྱུར་དགོས་པ་དེའང་བཙན་པོ་དར་མ་བཙན་པའི་རྒྱུ་མཚན་གཅིག་པུ་མ་ཡིན་པར། གཙོ་བོ་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་བཙན་པའི་སྟབས་ཡིན་པ་རེད། བཙན་པོ་དར་མའི་སྐབས་སུ་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་བཙན་པོ་ཞིག་བཙུགས་པའི་རྐྱེན་གྱིས། དེང་སང་བར་དུ་བོད་ཁམས་ཡོངས་ན་གྲོང་བ་དང་མཉམ་དུ་བསྡེབས་ནས་སློབ་དཔོན་པད་འབྱུང་བསྟེན་པའམ་མཆོད་པའི་སྔགས་པའི་རྒྱུན་ཟམ་མ་ཆད་པར་ཡོད་པ་དང་། འདི་ཚོ་ཚང་མ་སྐབས་དེ་དུས་ཀྱི་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་གྱི་ལག་ལུགས་ལག་བསྟར་བྱས་པའི་རྒྱུན་ཡིན་པ་རེད།
          རྒྱུ་མཚན་འདི་དག་ལས་མཐོང་བ་ནི། བཙན་པོ་དར་མའི་སྐབས་སུ་རྒྱལ་ཁབ་དང་ཆབ་སྲིད་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ་རྩ་བ་ཆབ་སྲིད་ལ་འབྲེལ་བའི་ཐོག་ནས་ཆོས་དང་ཐོན་སྐྱེད་ངལ་རྩོལ་ཟུང་འབྲེལ་བྱེད་པའི་ལམ་ལུགས་བཙུགས་ཤིང་། ཆོས་ལུགས་པའི་བྱེད་སྒོའི་རྣམ་པ་ལ་བསྒྱུར་བཅོས་བྱས་པ་ལས། ཆོས་ལུགས་ཀྱི་ངོ་བོ་བསྒྱུར་བའམ་བསྣུབས་པ་མིན་པ་དེ་རེད། ཁྲི་རལ་བ་ཅན་དང་དར་མ་གཅེན་གཅུང་གཉིས་སུ་ཡིན་ཀྱང་ཡབ་མེས་ཀྱི་རིང་ལ་སྤེལ་བའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་བྱས་པ་ཡིན་ཏེ། ཁོང་གཅེན་གཅུང་གཉིས་མི་འདྲ་སའི་ཁྱད་པར་ནི་ཁྲི་རལ་བ་ཅན་གྱིས་མཐའ་གཅིག་ཏུ་དད་གུས་ཀྱི་ཆོས་སྒྲུབ་བྱ་བ་གཙོ་བོར་བཟུང་བ་དང་། བཙན་པོ་དར་མས་ཆོས་སྲིད་འབྱོར་བ་རྣམ་གསུམ་མཉམ་སྤེལ་བྱས་པ་དེ་རེད། ཁྲི་རལ་བ་ཅན་གྱིས་སྲིད་འབྱོར་མ་བཟུང་བར་ཆོས་སྒྲུབ་གཙོ་བོར་བཟུང་སྟབས་སྲིད་བློན་དག་མ་རངས་པར་ངན་གསོད་བྱས་པ་དང་། བཙན་པོ་དར་མས་དེ་བསླབ་བྱར་བཟུང་ནས་ཆོས་སྲིད་འབྱོར་གསུམ་མཉམ་སྤེལ་བྱེད་རྒྱུའི་ལམ་ལུགས་བཙུགས་ཤིང་ལག་བསྟར་བྱས་ཀྱང་། ལམ་ལུགས་དེ་བརྟན་ཆགས་སུ་གཏོང་ལོང་མ་བྱུང་བར་ཆོས་བློན་གྱིས་ངན་ཇུས་བྱས་པས་བཙན་པོ་དར་མ་ལྔ་བའི་ལམ་དུ་བརྫངས་པ་རེད། གལ་ཏེ། བཙན་པོ་དར་མས་སངས་རྒྱས་ཆོས་ལུགས་མེད་པར་བཏང་བ་ཡིན་ན། ཡབ་མེས་ཀྱིས་ཆེས་ཆེར་སྤེལ་བའི་སངས་རྒྱས་ཆོས་དེ་བོད་ཀྱི་ཡི་གེ་ལ་བརྟེན་ནས་སྤེལ་བ་ཡིན་པས། བོད་ཡིག་ཀྱང་མེད་པར་བཏང་བ་ལོས་ཡིན། ཡིན་ནའང་བོད་ཡིག་མེད་པར་བཏང་མེད་པར་མ་ཟད་ཁྱབ་གདལ་དུ་བཏང་ཡོད་པ་རེད། ལྷ་ལུང་དཔལ་རྡོར་གྱིས་ལྐོག་མདའ་འཕངས་ནས་བཙན་པོ་བགྲོང་སྐབས། བཙན་པོ་དར་མས་རྡོ་རིང་གི་ངོས་ལ་བཀོད་པའི་ཡི་གེ་ཀློག་བཞིན་ཡོད་ཟེར་བ་དེའི་ཐོག་ནས་བཙན་པོ་དར་མས་སངས་རྒྱས་ཆོས་བསྣུབས་པ་མ་ཡིན་པ་གསལ་བོར་ཤེས་ཐུབ། གླང་དར་མས་བོད་ཡིག་བསྣུབས་སོང་ཟེར་བ་ཞིག་ཡིག་ཐོག་ཕར་ཞོག་ངག་རྒྱུན་ཙམ་ལའང་གྲགས་མ་མྱོང་བ་འདིའི་ཐོག་ནས། བཙན་པོ་དར་མ་ལ“གླང་དར་མས་ཆོས་བསྣུབས ”སོང་ཟེར་བ་དེ་གཏན་ནས་མི་ཐོབ་པ་རེད།
          འོན་ན། གླང་དར་མས་ཆོས་བསྣུབས་ཟེར་བའི་གཏམ་རྒྱུད་ཅིག་སྤེལ་བ་དེ་ཇི་ལྟར་བྱུང་བ་རེད་ཅེ་ན། 
          བཙན་པོ་དར་མ་བགྲོངས་པ་དང་བཙན་པོའི་རྒྱལ་སྲིད་ཐོར་ནས་ལོ་བརྒྱ་ཕྲག་ཕྱིན་པའི་རྗེས་སུ། བོད་ལ་ཆབ་སྲིད་ཐོག་གི་གཅིག་འགྱུར་ལམ་ལུགས་མེད་པ་དང་།  རྒྱལ་སྲིད་ཀྱི་ཁྲིམས་ལུགས་ལ་སྐྲགམི་དགོས་པའི་སྐབས་དང་བསྟུན་ནས་བསྒྲགས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་སངས་རྒྱས་ཆོས་ལུགས་པ་དེ་ཆབ་སྲིད་བསམ་བློའི་ཐོག་བརྟེན་ཤུགས་བཙན་པ་དང་། དཔལ་འབྱོར་ཡོང་སྒོ་ཐོག་ཁག་ཐག་ཡོང་བ་བྱེད་ཆེད་དུ་རེད།  ཆོས་པ་ངལ་རྩོལ་དུ་ཞུགས་ནས་ཐོན་སྐྱེད་སྤེལ་བའི་ལམ་ལུགས་ལ་ཁས་མི་ལེན་པར་བྱེད་དགོས་ན་ཐོག་མར་ལམ་ལུགས་དེ་སྤེལ་མཁན་གྱི་བཙན་པོ་དར་མ་ལ་རྩ་བའི་ཐོག་ནས་ཁས་མི་ལེན་པ་ཞིག་མ་བཟོས་ན་མི་འགྲིག་པས། ཐོག་མར་འདུ་ཤེས་འཛིན་སྟངས་ཐད་ནས་བཙན་པོ་དར་མ་ནི་གླང་བོ་ཞིག་གིས་ལོག་སྨོན་བྱས་པ་ལས་བྱུང་བ་ཡིན་པར་བཟོས་ནས“གླང་དར་མ” ཞེས་པ་དང་། བདུད་རྒྱལ་ཡིན་པ། ཕྲག་དོག་ཆེ་བ། གཤིས་རྒྱུད་རྩུབ་པ། སྡིག་སྤྱོད་ཅན་ཡིན་པ་སོགས་ཀྱི་ངན་སྒྲོགས་བྱས་པར་མ་ཟད། གླང་དར་མོའི་མགོ་ན་རྭ་ཅོ་ཡོད་ཅེས་པའི་ངན་སྒྲོགས་ཀྱང་བྱས་ཡོད་པ་དང་། གཏམ་རྒྱུད་དེ་དག་སྤེལ་མཁན་ནི་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་གྱི་ལམ་ལུགས་ལ་མི་་དགའ་ཞིང་མཐོ་གྲས་རིམ་ལྡན་གྱི་གོ་གནས་གཉེར་མཁན་དག་ཡིན་པ་ལས། མི་སེར་བྱིངས་རྣམས་མ་ཡིན་ནོ།།
          ཡང་གཅིག་བཤད་ན། རྒྱལ་ཁབ་ཀྱི་སྲིད་འབྱོར་འཕེལ་བའི་དགོས་མཁོའི་ཆེད་དུ་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་སྤེལ་བ་ཤིན་ཏུ་དགོས་གལ་ཆེ་བར་མ་ཟད། ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་ལ་མི་ཞུགས་མཁན་དེ་ཚོར་བཙན་པོའི་རྒྱལ་རབས་སྐབས་སུ་ཁྲིམས་གཅོད་ནན་མོས་གཅུན་པར་ལོས་བྱེད། དེང་སང་གི་དུས་འདིར་ཡང་མི་ཁག་ཅིག་གིས་སྡིག་སྤང་དགེ་སྒྲུབ་དང་གནོད་སེལ་བདེར་བཀོད་ཀྱི་ཆོས་བྱེད་པ་ལ་ཁ་གཡར་ནས་མང་ཚོགས་ལག་ནས་རྒྱུ་ནོར་ཧམ་གཉེར་བྱེད་མཁན་ཡོད་པ་འདི་ཚོ་ལྟ་བུ་ནི་བཙན་པོ་དར་མའི་སྐབས་སུ་ཧ་ཅང་ཚབས་ཆེན་ཡིན་ལོས་ཆེ་བས། རྒྱུ་ནོར་ཧམ་གཉེར་བྱེད་མཁན་གྱི་ཆོས་སྒྲུབ་མི་སྣ་དེ་ཚོ་གནའ་དེང་གང་གི་དུས་སུ་བྱུང་ཡང་། སངས་རྒྱས་ཀྱི་ཆོས་སྒོར་མི་མཐུན་ལ། རྒྱལ་ཁབ་ཀྱིཆབ་སྲིད་ལའང་མི་མཐུན་པའི་རྐྱེན་གྱིས། རྒྱལ་ཁབ་ཀྱི་སྲིད་དབང་དང་སྟོབས་འབྱོར་འཕེལ་རྒྱས་ལ་གནོད་པ་ཆེ་བའི་བྱ་སྤྱོད་ཐམས་ཅད་ཚར་གཅོད་གཏོང་དགོས་པ་དེ་ནི། རྒྱལ་ཁབ་ཀྱི་འགན་ནུས་མངོན་འགྱུར་བྱེད་སྒང་གི་ལས་འགན་གལ་ཆེན་ཞིག་ཡིན་པ་རེད། གལ་ཏེ་སྐབས་དེ་དུས་སུ་བཙན་པོ་བཞེས་མཁན་དར་མ་འུ་དུམ་བཙན་མིན་ཞིང་སྐྱེ་བོ་གཞན་ཞིག་གིས་རྒྱལ་སྲིད་བཞེས་པ་ཡིན་པའི་དབང་དུ་བཏང་ནའང་དེས་ཀྱང་རྒྱལ་སྲིད་ལ་གནོད་པའི་བྱ་འགུལ་གང་ཞིག་བྱུང་བ་ཐམས་ཅད་ཁྲིམས་ཀྱིས་བསྒྱུར་བཅོས་བྱེད་དགོས་པ་དེ་དུས་སྐབས་བབ་ཀྱི་ཆབ་སྲིད་ལས་འགན་ཡིན་པས། ཅིས་ཀྱང་ཆབ་སྲིད་དང་འབྲེལ་ནས་དག་ཐེར་འགྲོ་དགོས་ངེས་ཤིག་རེད། ཞིབ་ཏུ་བསམ་ཚེ། སངས་རྒྱས་ཆོས་དང་བོད་དུ་དར་བའི་ཆོས་ལུགས་ཀྱི་བྱེད་སྒོ་གཉིས་ཕན་ཚུན་འབྲེལ་བ་ཡོད་ལ་དབྱེ་བའང་ཡོད་པ་ཞིག་རེད་དེ། སངས་རྒྱས་ཀྱི་ཆོས་ནི་རྒྱལ་ཁབ་དང་ས་གནས་གང་ཞིག་ཏུ་ཡི་གེ་གང་གིས་སྤེལ་ཡང་ནང་དོན་གྱི་ངོ་བོ་ལ་བཅོས་མི་འདྲ་བ་ཞིག་ཡིན་པ་ནི་དེང་སང་བར་དུ་ཡ་གླིང་གཙོ་བྱས་པའི་འཛམ་བུ་གླིང་ཡོངས་ལ་ཁྱབ་བཞིན་ཡོད་པའི་ཚུལ་ལས་རྟོགས་ཐུབ་ཅིང་། ཆོས་ལུགས་ཀྱི་བྱེད་སྒོ་ནི་དེ་འདྲ་མ་ཡིན་ཏེ། རྒྱལ་ཁབ་དང་མི་རིགས། ས་གནས་དུས་རབས་བཅས་ཀྱི་རང་བཞིན་ཡོད་པ་དང་། གང་ལ་གང་འཚམ་གྱི་དགོས་མཁོ་དབང་གིས། ཆོས་གཅིག་ལ་སྒྲུབ་ལུགས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་ཡོད་པ་དཔེར་ན། རྒྱ་གར་དང་བལ་བོ། འབར་མ། རྒྱ་ནག བོད་སོགས་ཆོས་གཞུང་གཅིག་ཡིན་ཡང་སྒྲུབ་ལུགས་དང་དར་ལུགས་ཀྱི་བྱེད་སྒོའི་རྣམ་པ་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུ་རེད། དེར་བརྟེན། ཆོས་ལུགས་གང་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་རྒྱལ་བློན་གྱིས་གཙིགས་སུ་བཟུང་བ་ཡིན་ན། ཆོས་ལུགས་དེ་རྒྱལ་ཁབ་དེའི་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་སྲ་བརྟན་ཡོང་བར་རམ་འདེགས་ཡོང་བའི་དོན་དུ་སྤེལ་པ་ཡིན་སྟབས། ཆོས་ལུགས་དེས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ལ་ཞབས་འདེགས་སྒྲུབ་དགོས་པ་ལས། ཆབ་སྲིད་ཀྱི་སྟེང་མ་རྩོད་མི་ཆོག་པ་ཞིག་རེད། བོད་དུ་དར་བའི་ཆོས་ལུགས་དང་འབྲེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་དེ་རྒྱལ་ཁབ་དང་ཆབ་སྲིད་ཀྱི་ལམ་ལུགས་ལ་རམ་འདེགས་བྱེད་པའི་ནུས་པ་མེད་པའི་སྐབས་སུ་དེ་ལ་བསྒྱུར་བཅོས་བྱེད་ངེས་ཤིག་རེད། བཙན་པོ་དར་མས་བསྒྱུར་བཅོས་སམ་བསྣུབས་པར་བྱས་པ་ནི་རྒྱལ་སྲིད་ལ་རྔོ་མི་ཐོགས་པའི་ཆོས་ལུགས་བྱེད་སྒོ་ཡིན་པ་ལས་ཆོས་ལུགས་བསྣུབས་པ་མ་ཡིན་པར་འདོད།
          འོ་ན་གླང་དར་མ་བདུད་རྒྱལ་ཡིན་པ་དང་། གླང་དར་མས་ཆོས་བསྣུབས་ཟེར་བ་དེ་ཆ་རྐྱེན་ཇི་འདྲ་ཞིག་གི་འོག་ཏུ་བྱུང་བ་རེད་ཅེ་ན། གཅིག་ནས་བོད་དུ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐད་ལ་ཆབ་སྲིད་ཐོག་དག་ཐེར་བྱས་ཏེ་རྒྱལ་སྲིད་བརྟན་ཆགས་སུ་གཏོང་བའི་ལས་འགུལ་སྒྲུབ་རྒྱུ་མེད་པའི་ཆ་རྐྱེན་འོག་བྱུང་བ་དང་། གཉིས་ནས་བོད་དུ་ཆོས་ལུགས་སྒྲུབ་པ་ཙམ་ལས་ཆབ་སྲིད་ཀྱི་རྒྱབ་ནི་མི་རིགས་གཞན་ལ་བརྟེན་པའི་ཆ་རྐྱེན་འོག་བྱུང་བ་དང་། གསུམ་ནས་བོད་ལ་གཅིག་གྱུར་གྱི་སྲིད་དབང་མེད་པ་དང་ཆབ་སྲིད་ཐོག་ནས་འགལ་འགྲོ་བའི་སྣང་དོགས་མེད་པའི་ཆ་རྐྱེན་འོག་བྱུང་བ་ཞིག་རེད། དོན་དངོས་གཞན་ཞིག་གི་སྟེང་ནས་བཤད་ན། ཆོས་ལུགས་གང་ཞིག་སྤེལ་བ་སྲིད་དབང་ངེས་ཅན་ཞིག་ལ་བརྟེན་ན་མ་གཏོགས་རང་ག་བ་ནས་རྒྱ་ཆེར་དར་ཐུབ་པ་མ་ཡིན་པར། རྒྱལ་པོའམ་གོང་མ་གཙོ་བྱས་པས་སྤེལ་བའི་ཆོས་ལུགས་དེས་རྒྱལ་སྲིད་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བའི་དོན་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པ་ལས། ཆོས་ལུགས་དོན་དུ་ཆོས་ལུགས་སྤེལ་བ་མ་ཡིན་པར་འདོད་དེ་དཔེར་ན། སངས་རྒྱས་ཆོས་ལུགས་ཐོག་མར་བོད་ལ་སྤེལ་བ་དེ་ནི། སྲོང་བཙན་སྒམ་པོས་གསར་དུ་བཙུགས་པའི་བོད་ཆེན་པོའི་རྒྱལ་སྲིད་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་དམིགས་ནས་སྤེལ་བ་ཡིན་ཞིང་། བོད་ཀྱི་རྒྱལ་སྲིད་ཐོར་བ་ནས་སྲོང་བཙན་ཕ་ཚ་བུ་རྒྱུད་ཀྱི་སྤེལ་བའི་ཆོས་ལུགས་དེའང་ལོ་ངོ་སུམ་བརྒྱའི་ཡས་མས་ཀྱི་རིང་ལ་རང་སོར་ལུས་ནས་ཆབ་སྲིད་ཐོག་གི་བདག་པོ་མེད་པར་གྱུར་པ་ལྟ་བུའོ།། དེར་བརྟེན་ཆབ་སྲིད་ལམ་ལུགས་ཀྱིས་དར་སྤེལ་བཏང་བའི་ཆོས་ལུགས་དེས་སླར་ཡང་ཆབ་སྲིད་ལམ་ལུགས་སྲ་བརྟན་དུ་གཏོང་བར་རམ་འདེགས་བྱེད་དགོས་ཏེ། དེ་ལས་ལྡོག་ནས་ཆབ་སྲིད་སྲ་བརྟན་དུ་གཏོང་བར་རམ་འདེགས་མི་བྱེད་པར་མ་ཟད། དེ་བས་གནོད་བྱེད་དུ་གྱུར་པ་ཞིག་ཡིན་ཚེ། ཆབ་སྲིད་དབང་བསྒྱུར་མཁན་གྱིས་གནོད་བྱེད་དུ་གྱུར་པ་གང་དེ་དགག་རྒྱུའམ་གཏོར་རྒྱུ་ཡིན་པ་སྨོས་ཅི་དགོས། དེ་བཞིན་དུ་བཙན་པོ་དར་མས་རང་གི་རྒྱལ་སྲིད་ལ་མི་ཕན་པའི་ཆོས་ལུགས་བྱེད་སྒོ་བྱུང་ཡོད་ཚེ། དེ་གཏོར་བའམ་བསྒྱུར་བཅོས་བྱེད་དགོས་པ་ནི་རྒྱལ་སྲིད་ཀྱི་དགོས་བབ་ལ་ཐུག་ཡོད་སྟབས། ངེས་པར་དུ་བྱ་ཐབས་སྤྱད་ནས་ལག་བསྟར་བྱེད་ངེས་པ་ཞིག་རེད།
          ཡང་བཤད་ལུགས་ཤིག་ལ།“གླང་དར་མས་བན་ཆོས་བསྣུབས་ནས་བོན་ཆོས་སྤེལ་བ་རེད”ཅེས་ཟེར་བའང་ཡོད་དེ། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བྱས་ན། སྤེལ་བའི་བོན་ཆོས་དེ་བཙན་པོ་དར་མ་འདས་རུང་ད་དུང་དུས་ཡུན་རིང་བོ་ཞིག་ལ་ལྷ་སའི་གློང་ཁྱེར་ཕྱི་ནང་གང་དུ་གནས་ངེས་པ་ཞིག་ཡིན་དགོས་མོད། ཡིན་ནའང་ཕྱིས་སུ་དཔུང་སྡེ་གང་དང་སྟོབས་ཅན་སུ་ཡིས་བསྣུབས་པ་དེབ་ཐེར་གང་ལས་ཀྱང་གསུངས་པ་མེད་པ་དང་།སྤེལ་བའི་བོན་ཆོས་དེ་སྟོབས་ཆེན་སུ་ཡིས་མ་བསྣུབས་པ་ཡིན་ན། དབུས་གཙང་ཁག་དང་ཁྱད་པར་དུ་ལྷ་ལྡན་གྲོང་གི་ཡུལ་འཁོར་དུ་དུས་ཡུན་རིང་པོ་ཞིག་གི་ནང་ལ་བོན་ཆོས་རྫོང་ཐུག་པོ་ཞིག་ཆགས་ཤིང་གནས་དགོས་པ་ཞིག་རེད། འོན་ཀྱང་དེ་འདྲའི་གནས་ཚུལ་ཞིག་གསུང་མི་ཐུབ་པའི་རྒྱུ་མཚན་ནི། “གླང་དར་མས་བོན་ཆོས་སྤེལ་བ་རེད” ཟེར་བའི་ཚིག དེ་ཡང་དོན་ལ་མི་གནས་པ་དང་བདེན་པ་མ་གྲུབ་ངའི་རྟགས་ཡིན་པ་ལས། ད་རུང་ཤུགས་སུ་རྟོགས་ཐུབ་པ་གཉིས་ཏེ། གཅིག་ནི་དེ་སྒྲོག་མཁན་པ་ནི་ཆོས་ཕྱོགས་དང་འབྲེལ་བའི་དད་པའི་ཕྱོགས་ཞེན་ཆེ་བ་ཙམ་ལས་བཙན་པོའི་སྐབས་ཀྱི་ཆབ་སྲིད་གནས་ཚུལ་ལ་བསམ་བློ་མི་གཏོང་བ་ཞིག་ཡིན་པ་རྟོགས་ཐུབ་པ་དང་། གཉིས་ནས་བཙན་པོ་དར་མས་ཀྱང་ཡབ་མེས་བཞིན་དུ་སངས་རྒྱས་ཆོས་ལ་དད་གུས་བྱེད་པའི་རྨང་གཞིའི་ཐོག་ཆོས་་པ་རྣམས་ཀྱང་ཐོན་སྐྱེད་ངལ་རྩོལ་ལ་ཞུགས་ནས་ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱས་ཡོད་པ་མ་རྟོགས་པ་དེ་རེད།ཆོས་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་ལམ་ལུགས་མི་དགའ་བའི་རྒྱུ་མཚན་ཅི་རེད་ཅེ་ན།དེ་ནི་སྔར་སད་མི་མི་བདུན་དང་བཅས་པའི་རབ་བྱུང་བ་རྣམས་ལ་འཚོ་བ་བླ་ནས་སྦྱོར་བ་དང་། ཀུན་གྱིས་གཙུག་ཏུ་བཀུར་དགོས་པ། དམག་ལ་འགྲོ་མི་དགོས་པ། ཁྲལ་དང་འུ་ལག་འཇལ་མི་དགོས་པར་མི་ཚེ་གང་པོར་འཚོ་བ་དང་ཚེ་སྲོག་གཉིས་ཀར་ཁག་ཐག་ཡོད་པར་མ་ཟད། རྒྱུན་དུ་ཀུན་ལས་ཆེས་མཐོ་སར་འཛིན་པའི་མཐོ་གྲས་རིམ་ལྡན་ལམ་ལུགས་ཤིག་ཆགས་ཡོད་པ་དེ་བསྒྱུར་འདོད་མེད་པའི་སྟབས་ཀྱི་རེད། དེའི་རྩ་བ་ནི་བཤུ་གཞོག་གྲལ་རིམ་གྱི་ངོ་བོ་ཡིན་པ་ལ་རག་ལས་ཡོད་པས། “བཤུ་གཞོག་གྲལ་རིམ་དེ་རང་ཤུགས་སུ་ལོ་རྒྱུས་ཀྱི་གར་སྟེགས་ལས་འབུད་མི་སྲིད་པ་རེད”ཅེས་པའི་རྩ་བ་ལ་ཐུག་ཡོད། ཕྱིས་སུ་བོད་ཀྱི་སྤྱི་ཚོགས་འཕེལ་པའི་ལོ་རྒྱུས་ནང་དུ། ཆོས་དང་ཐོན་སྐྱེད་ཟུང་འབྲེལ་ལ་མི་དགའ་བ་ནི། དུས་རབས་དང་མི་སྣ་མི་གཅིག་ཀྱང་སེམས་ཀྱི་འདོད་བློ་གཅིག་ཡིན་པས། བཙན་པོ་དར་མ་ལ་ངན་སྨྲས་ཀྱི་ཕྲེང་བས་མི་རྣམས་ཀྱི་སེམས་གཏིང་ནས་ཤན་འབྱེད་དཀའ་བ་ཞིག་བཟོས་ཡོད་པ་རེད། བཙན་པོ་དར་མ་བགྲོངས་པ་དང་། ཆོས་ལུགས་པའི་གྲས་སུ་རིམ་བཞིན་མཐོ་གྲས་རིམ་ལྡན་ལམ་ལུགས་ཀྱི་ཕྱོགས་པ་ཤེད་ཆེ་བའི་དབང་དུ་སོང་བའི་མཐར། བོད་ཡུལ་དུ་མི་འདོད་བཞིན་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་བ་དང་། ཆོས་པ་ཡིན་མདོག་ཁ་བོ་རྣམས་སྲིད་ལ་དགའ་བའི་སྤྱོད་པ་འགོག་ཐབས་མེད་པར་ལྷང་ལ་བུད་པ་དེ་རེད།
གསུམ་པ། བོད་བཙན་པོའི་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་དངོས་ཀྱི་གནད་གཅོ་བོ་ཅི་ཡིན་སྐོར་བཤད་པ།
          1. བསམ་བློའི་ནང་རྒྱལ་ཁབ་ཀྱི་འགན་ནུས་གཙོ་ཕལ་ལ་གོ་ལྡོག་བྱུང་བ། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་དངོས་ཀྱི་ཆ་ནས་བལྟས་ན། རྒྱལ་ཁབ་ཅིག་བཙུགས་པའི་རྗེས་སུ། རྒྱལ་ཁབ་དེ་ནི་དབང་བསྒྱུར་གྲལ་རིམ་ལ་མཚོན་ན། དབང་བསྒྱུར་བྱེད་ཡས་ཀྱི་ཡོ་བྱད་ཆ་ཚང་ཞིག་བསྒྲིགས་པ་དང་མཚུངས་པར། དབང་བསྒྱུར་གྲལ་རིམ་གྱིས་ཡོ་བྱད་དེར་བརྟེན་ནས་དབང་བསྒྱུར་མྱོང་མཁན་གྱི་གྲལ་རིམ་ལ་སྲིད་དབང་སྒེར་འཛིན་བྱེད་རྒྱུ་དང་། རྒྱལ་ཁབ་རང་ངོས་ལ་མཚོན་ན་རང་གིས་ཁུར་དགོས་པའི་ལས་འགན་དང་སྐྱེད་དགོས་པའི་ནུབ་པ་གཉིས་ཡོད་ཅིང་། དེ་གཉིས་ནི་རྒྱལ་ཁབ་ཀྱི་བླ་སྲོག་དང་མཚུངས་པར། རྒྱལ་ཁབ་ཀྱི་དབང་བསྒྱུར་བྱ་བ་དང་སྤྱི་ཚོགས་ལས་རིགས་ཕྱོགས་ཆེན་པོ་གཉིས་སུ་ཁྱབ་ཡོད་པས། རྒྱལ་ཁབ་བརྟན་ཆགས་ཀྱི་ཆེད་དུ་དབང་བསྒྱུར་འགན་ནུས་གཙོ་བོར་འཛིན་དགོས་པ་དང་སྤྱི་ཚོགས་འགན་ནུས་ཕལ་བར་བཟུང་ནས། རིམ་བཞིན་འགན་ནུས་དེ་གཉིས་ཀས་ཕན་ཚུན་ལ་གཞོགས་འདེགས་ཀྱི་ངང་ནས་རྒྱལ་ཁབ་ཀྱི་ལམ་ལུགས་མངོན་འགྱུར་བྱེད་དགོས་པ་དེ་རེད། དེ་ནི་གསར་བཙུགས་ཀྱི་རྒྱལ་ཁབ་ཅིག་ལ་མཚོན་ན་ངེས་པར་དུ་བསྒྲུབ་དགོས་ངེས་ཤིག་ཡིན་པར་བརྟེན། བྲན་གཡོག་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཁབ་ཅིག་བཙུགས་པའི་བོད་བཙན་པོའི་རྒྱལ་ཁབ་ལ་མཚོན་ན་དེ་ལྟར་བྱེད་དགོས་ངེས་ཡིན་ཞིང་། དོན་དངོས་ཀྱི་ལག་ལེན་ཐོག་བོད་བཙན་པོའི་རྒྱལ་རབས་ཀྱི་གོ་རིམ་དང་པོའི་ནང་དབང་བསྒྱུར་འགན་ནུས་གཙོ་བོར་བཟུང་བའི་བྱ་བ་དོན་ཐོག་ཏུ་འཁྱོལ་བའི་དབང་གིས་རྒྱལ་ཁབ་ཀྱི་ངོ་བོའི་རང་བཞིན་ཤིན་ཏུ་གསལ་ཞིང་སྲིད་འབྱོར་རིག་གསུམ་སྒོ་ཀུན་ནས་འཕེལ་རྒྱས་སུ་ཕྱིན་ཡོད་པ་ཆ་གང་ནས་བལྟས་ཀྱང་ཤིན་ཏུ་གསལ་བ་ཞིག་རེད། འོན་ཀྱང་། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་གོ་རིམ་གཉིས་པའི་ནང་དུ། བཙན་པོ་སོ་སོའི་སྐུ་དངོས་ནས་དབང་བསྒྱུར་གྱི་འགན་ནུས་ལ་ངོས་འཛིན་མ་བྱས་པར།
          རང་གཞན་ཀུན་ལ་ཞི་མཐུན་གྱི་སྙིང་རྗེ་ཆེན་པོ་ཅན་ཞིག་བྱེད་འདོད་པའི་དབང་གིས། ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་རྒྱུ་གཙོ་བོར་བཟུང་བར་མ་ཟད། ལག་ལེན་ཐོག་ལམ་ལུགས་ཤིག་ཏུ་མངོན་འགྱུར་བྱས་ཡོད་པ་རེད། དཔེར་ན། མུ་ནེ་བཙན་པོས་དབུལ་ཕྱུག་ཐེངས་གསུམ་ནས་བཞི་བར་བསྙམས་པའི་ཚུལ་བསྟན་པ་དང་། བཙན་པོ་ཁྲི་རལ་བ་ཅན་གྱིས་དགེ་འདུན་པ་རྣམས་རང་ཉིད་ཀྱི་གཙུག་ཏུ་ཁུར་བའི་བྱེད་སྒོ་རྒྱ་ཆེར་སྤེལ་བའི་དོན་ཆེན་གཉིས་ལྟ་བུ་སྟེ། དོན་ཆེན་དེ་གཉིས་ཀྱི་ཐོག་ནས། གོ་རིམ་གཉིས་པའི་ནང་དབང་བསྒྱུར་འགན་ནུས་ཀྱི་ངོ་བོ་ངོས་འཛིན་མ་བྱས་པར། སེམས་གཏིང་ནས་དབང་བསྒྱུར་འགན་ནུས་ཤོར་ཡོད་པ་གསལ་བོར་མངོན་ཡོད་པ་རེད། ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ནི་རྒྱལ་ཁབ་ཀྱི་ལས་འགན་ཧྲིལ་བོ་ལ་མཚོན་ན། སྤྱི་ཚོགས་ལས་རིགས་སྣ་ཚོགས་ནང་གི་ཁག་ཅིག་ཡིན་སྟབས། རྒྱལ་ཁབ་ད་དུང་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས་པ་ཆེ་བའི་སྐབས་སུ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་ལས་རིགས་ནང་གི་ཆོས་ལུགས་བྱེད་སྒོ་ཙམ་ཞིག་གཙོ་བོར་བཟུང་བ་ལས། དབང་བསྒྱུར་གྱི་འགན་ནུས་ཕལ་བའི་རིགས་སུ་བསྒྱུར་བ་དེ་ནི་བསམ་བློའི་ནང་རྒྱལ་ཁབ་ཀྱི་བྱ་བའི་གཙོ་ཕལ་ལ་གོ་ལྡོག་བྱུང་བར་བརྟེན། དེ་ནི་བསམ་བློའི་ཆ་ནས་བོད་བཙན་པོའི་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པ་རེད།
          2.རིམ་བྱོན་བཙན་པོ་རྣམས་ཀྱིས་ཕྱི་གླིང་བ་གཙིགས་སུ་བཀུར་ཆེ་བ་དེས་བོད་ཀྱི་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་པ། རྒྱལ་ཁབ་ཅིག་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན། རྒྱལ་ནང་གི་རང་ནུས་སྟོབས་ཤུགས་འདོན་སྤེལ་བྱེད་པའི་མཚུངས་སུ། རྒྱལ་ཁབ་གཞན་དག་གི་སྔོན་ཐོན་རིག་གནས་དང་ལག་རྩལ་བསྡུ་ལེན་བྱས་ཏེ། རང་རྒྱལ་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་པ་ནི་ཧ་ཅང་དགོས་ངེས་ཤིག་རེད་མོད། ཡིན་ནའང་། དར་རྒྱས་གོང་འཕེལ་དེའང་། རྒྱལ་ཁབ་ཀྱི་སྲིད་དབང་གཅིག་གྱུར་དང་། གཅིག་གྱུར་ཅན་གྱི་སྲིད་དབང་སྲ་བརྟན་དུ་གྱུར་པའི་རྨང་གཞིའི་ཐོག་གི་བྱ་བ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་རྒྱུ་དེའང་། རིག་གནས་སློབ་གསོ་དང་ཆབ་སྲིད་རྩ་ཁྲིམས་སློབ་གསོ་གཉིས་གཅིག་གྱུར་ལས་མངོན་འགྱུར་བྱེད་དགོས་པ་ཞིག་རེད། དེར་བརྟེན་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་སྲ་བརྟན་དུ་གཏོང་བར་བྱེད་དགོས་ན། བསམ་བློའི་སློབ་གསོའི་དྲིལ་བསྒྲགས་སྐོར་མ་ལག་ཆ་ཚང་ཞིག་གི་རྩ་འཛུགས་སྒྲིག་གཞི་དགོས་པ་རེད། དེ་ནི་རྒྱལ་ཁབ་རང་གི་ཁྱད་ཆོས་དང་མཐུན་པའི་རྨང་གཞིའི་ཐོག་བཙུགས་པའི་རྒྱལ་སྲིད་ཀྱི་ལམ་ལུགས་བརྟན་ཆགས་ཡོང་བར་རྔོ་ཐོགས་པ་ཅན་ཞིག་ཡིན་དགོས་པ་རེད། དེ་ལྟར་ཡིན་དགོས་ན། བོད་བཙན་པོའི་རྒྱལ་རབས་སྐབསཀྱི་བསམ་བློའི་སློབ་གསོ་དེ་ཇི་འདྲ་རེད་ཅེ་ན། རིམ་བྱོན་བཙན་པོ་སྟེ་གོ་རིམ་གཉིས་པའི་སྐབས་སུ་བོད་རང་གི་སེམས་ཁམས་དང་དཔལ་འབྱོར་རྨང་གཞི་དང་མཐུན་པའི་བསམ་བློའི་སློབ་གསོའི་ལམ་ལུགས་དར་མ་ཐུབ་པའི་ངང་དུ་ཕྱི་གླིང་བའི་བསམ་བློ་དེས་བོད་ཀྱི་སེམས་ཁམས་ཀྱི་ཁ་ལོ་བསྒྱུར་བ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་མཁན་སློབ་ཆོས་གསུམ་མནའ་མཐུན་གཅིག་སྒྲིལ་མཛད་པ་དེ་ནི་བོད་ཀྱི་སྐབས་དེའི་ལོ་རྒྱུས་ལ་ཆ་མཚོན་ན། དུས་རབས་འབྱེད་པའི་ཚིགས་མཚམས་ཤིག་ཡིན་ཞིང་། ཚིགས་མཚམས་དེ་ནས་བཟུང་ཕྱི་གླིང་པའི་བསམ་བློའི་སྲོལ་རྒྱུན་བོད་ལ་ཁྱབ་འགོ་ཚུགས་ཡོད། དེ་ཡང “མཁན་སློབ་ཆོས་གསུམ” ཞེས་བོད་རང་གིས་གུས་བརྗོད་བྱས་པ་ཡིན་པ་ལས། དོན་དུ་ཁོང་རྣམ་པ་གསུམ་པོ་ནི་ཆོས་ལུགས་དད་པ་བྱེད་མཁན་ཞིག་ཡིན་པའི་ཁར་གཙོ་བོ་ཁོང་རྣམ་པ་གསུམ་པོ་རེ་རེ་ནས་རྒྱལ་ཁབ་རེ་རེའི་རྒྱལ་སྲས་རེ་ཡིན་པར་མ་ཟད་རྒྱལ་སྲིད་སྐྱོང་བཞིན་པའི་སྐབས་ཀྱི་རྒྱལ་བོ་ཆེན་པོ་རེ་ཡིན་པ་དེའི་ཐོག་ནས། ཁོང་གསུམ་པོ་བོད་དུ་དུས་ཡུན་ཅུང་རིང་བོའི་ནང་མནའ་མཐུན་གཅིག་སྒྲིལ་བྱས་པ་དེ་ལས་ཕྱི་གླིང་པའི་བསམ་བློ་ཁག་ཆེན་པོ་ཞིག་བོད་ཀྱི་བསམ་བློའི་ཁ་ལོ་བསྒྱུར་བའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད། མཁན་སློབ་རྣམ་པ་གཉིས་ཀ་ལ་མཚོན་ནའང་ཁོང་རྣམ་པ་གཉིས་ནི་རྒྱ་གར་ཡུལ་གྱི་རིམ་ལྡན་ལམ་ལུགས་ཀྱི་ཤན་ཐེབས་ཡོད་པ་དང་རང་ཉིད་རྒྱལ་རིགས་ཏེ་མཐོ་རིམ་མི་སྣའི་འཚོ་བ་རོལ་མྱོང་བ་ཅན་ཡིན་སྟབས། བོད་ལ་ཕེབས་ནས་ཀྱང་སྔར་གྱི་མཐོ་རིམ་མི་སྣའི་འཚོ་བ་རོལ་བར་མ་ཟད། རིམ་ལྡན་གྱི་སྲོལ་དེ་བོད་དུའང་ལམ་ལུགས་ཤིག་ཏུ་འགྱུར་བར་བྱེད་པའི་མཚོན་པ་ལ་རྒྱ་གར་གྱི་བྲམ་ཟེའི་རིགས་ཀྱི་དོད་དུ“སད་མི་བདུན”ལ་སོགས་གཙོ་བྱས་པའི་གྲྭ་བ་བྱུང་ཞིང་། གྲྭ་བ་བྱེད་མཁན་རྣམས་མི་གཞན་ལས་མཆོག་ཏུ་འཛིན་པའི་སྲོལ་བཙུགས་པ་དེ་མཚོན་རྟགས་གཙོ་བོ་ཞིག་རེད། གྲྭ་བ་ལ་གཞན་ལས་མཆོག་འཛིན་གྱི་སྲོལ་བཙུགས་ཡོད་པ་དེ་ད་ལྟའི་བར་དུ་བོད་ན་ཁྱབ་ཆེ་བ་འདི་རྒྱ་གར་ཡུལ་ལས་མཆེད་པའི་རིམ་ལྡན་ལམ་ལུགས་ཀྱི་སྲོལ་ཞིག་ཡིན་པ་མ་གཏོགས། སངས་རྒྱས་ཀྱི་ཆོས་གཞུང་ལ་མི་མཐུན་པ་ཡིན། །
          རྒྱ་གར་ཤར་ནུབ་ཕྱོགས་གཉིས་ཀྱི་རྒྱལ་སྲས་ཆེན་པོ་གཉིས་བོད་ལ་ཕེབས་ནས། བོད་ཀྱི་བཙན་པོ་དང་འབྲེལ་ནས་བོད་ཀྱི་ཆོས་སྲིད་དོན་ལ་མནའ་མཐུན་གཅིག་སྒྲིལ་བྱས་པ་དེ་ནས་བཟུང་། བོད་ཡུལ་དུ་སད་མི་མི་བདུན་དང་བཅས་བའི་ཐོན་སྐྱེད་ངལ་རྩོལ་དང་བྲལ་བའི་གྲྭ་བ་སུམ་བརྒྱ་ལྷག་བྱུང་བ་དང་། དེའི་རྗེས་བཙན་པོ་ཁྲི་རལ་བ་ཅན་གྱིས་རབ་བྱུང་གི་གྲྭ་བ་རྣམས་གཙུག་ཏུ་བཀུར་བའི་བྱེད་སྒོ་སྤེལ་བའི་རྣམ་པ་བྱུང་བ་དང་། གྲྭ་བ་རེར་ཁྱིམ་བདུན་རེས་གསོ་སྐྱོང་དང་ཡོན་བདག་བྱེད་དགོས་པའི་སྲོལ་བཙུགས། དེའི་བར་དུ་རྒྱ་གར་གྱི་མཁས་པ་མང་པོ་སྔ་གཞུག་ཏུ་བོད་ལ་ཕེབས་པ་དང་བསྟུན་ནས་ཁོ་ཚོས་ཁྱེར་ཡོང་བའི་རིམ་ལྡན་ལམ་ལུགས་ཀྱི་བསམ་བློ་རིམ་བཞིན་བོད་ཀྱི་རྒྱལ་བློན་མཁས་གསུམ་རྣམས་ཀྱི་ཁེ་ཕན་དང་འབྲེལ་བའི་བསམ་བློའི་འདོད་བློ་ལ་གཅིག་མཐུན་བྱུང་ཞིང་། བོད་ཀྱི་དབང་བསྒྱུར་གྲལ་རིམ་པ་ཚོས་ཀྱང་རང་རང་ཡང་རྒྱ་གར་ཡུལ་གྱི་ལུགས་སྲོལ་བཞིན་དུ་རིགས་རུས་ཆེས་མཐོན་པོའི་གོ་གནས་འཛིན་པའི་ཆེད་དུ་བོད་དུ་ཕེབས་ཡོང་མཁན་གྱི་རྒྱ་གར་པ་ཚོ་ཡོད་ཚད་ཆེས་མཐོ་ས་དང་ཆེས་མཆོག་ཏུ་བཟུང་བ་དང་། དང་ལེན་ལེགས་པོ་བྱས་ཤིང་། དེ་ཚོས་ཅི་གསུང་དེ་བསྒྲུབས་བྱས་པའི་དབང་གིས། རྒྱལ་ཁབ་ནི་བཙན་པོ་རང་གིས་བཙུགས་པའི་རྒྱལ་ཁབ་ཡིན་ཡང་། ཆབ་སྲིད་དང་འབྲེལ་བའི་བསམ་བློའི་སྙིང་བོ་ནི་རྒྱ་གར་བས་བཟུང་ཞིང་། ཕྱིས་སུ་དུས་རབས་ཀྱི་འགྱུར་ལྡོག་དབང་གིས་བོད་ལ་རྒྱ་གར་བ་མ་ཕེབས་ཀྱང་། རིམ་ལྡན་ལམ་ལུགས་ཀྱི་བསམ་བློ་དེ་སྔར་བཞིན་རྒྱུན་ཆགས་སུ་སོང་ཡོད་པར་མ་ཟད། རྣམ་པ་དང་ངོ་བོ་གང་གི་ཆ་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གྱུར་པ་ད་ལྟའི་བར་དུ་མཚམས་མ་ཆདཔ་རེད། ཡིན་ན་ཡང་། བོད་དུ་སྤེལ་པའི་རིམ་ལྡན་ལམ་ལུགས་དེ་བོད་ལ་དར་སྤེལ་གཏོང་རྒྱུར་མི་འཐད་པ་རྣམས་ལ་བཙན་པོས་ཆབ་སྲིད་ཐོག་དྲག་གནོན་བྱེད་དགོས་པའི་ཁྲིམས་བཅས་པ་དཔེར་ན། བཙན་པོ་ཁྲི་རལ་སྐབས་སུ་རབ་བྱུང་གི་སྡེ་ན་ཡོད་པའི་གྲྭ་བ་ཚོར་མིག་ལོག་བྱས་ན་མིག་འབྲུས་པ་དང་། མཛུབ་མོས་སྐྱོན་འཛུགས་བྱས་ན་མཛུབ་མོ་གཅོད་པ་དང་། ངན་བརྗོད་བྱེད་ན་ལྕེ་གཅོད་པའི་ཁྲིམས་བཙུགས་པ་ལ་སོགས་པ་ལྟ་བུའི་བྱེད་ཐབས་སྤྱད་པ་དེས་བོད་དུ་རིམ་ལྡན་ལམ་ལུགས་ཁྱབ་གདལ་འགྲོ་རུ་བཅུག་པའི་ཐད་ལ་ཁག་ཐག་ཐུབ་པར་བྱས་པ་རེད།
          རྒྱ་གར་ས་ཁུལ་དུ་རིམ་ལྡན་ལམ་ལུགས་དང་རིམ་ལྡན་ལམ་ལུགས་ཀྱི་བསམ་བློ་ཧ་ཅང་རྒྱ་ཆེ་སྟེ།  ཆོས་དང་རིག་གནས་གཉེར་མཁན་ནི་བྲམ་ཟེའི་རིགས་དང་། དམག་དོན་དང་ཆབ་སྲིད་དབང་ཆ་གཉེར་མཁན་ནི་རྒྱལ་རིགས། ཞིང་ལས་དང་བཟོ་ཚོང་གཉེར་མཁན་ནི་དམངས་རིགས་དང་། དབུལ་ཕོངས་ཅན་དང་གླ་རྔན་ཙམ་ལ་བརྟེན་ནས་མི་ཚེ་འཁྱོལ་ཐབས་བྱེད་མཁན་ནི་གདོལ་བའི་རིགས་བཅས་རིགས་བཞི་ཡི་རིམ་པ་ཡོད་པའི་ལམ་ལུགས་ཡོད་པ་དེ་རེད། རིམ་ལྡན་ལམ་ལུགས་དེ་ནི་རྒྱ་གར་ཡུལ་གྱི་ལོ་རྒྱུས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལག་བསྟར་བྱས་པའི་ལམ་ལུགས་རྒྱ་ཆེན་པོ་ཞིག་ཡིན་པ་རེད། དེའི་ཕྱིར། བྲམ་ཟེའི་རིགས་དང་རྒྱལ་བའི་རིགས་གཉིས་ཀྱི་མི་སུ་ཡིན་ཡང་། ས་ཆ་གནས་གང་དུ་ཕྱིན་ཀྱང་ཆེས་མཐོ་སར་དང་ཆེས་མཆོག་ཏུ་འཛིན་པའི་སྲོལ་ཡོད་སྟབས། བོད་དུ་ཕེབས་ཡོང་མཁན་གྱི་མི་ཡང་ཕལ་ཆེར་རྒྱལ་རིགས་དང་བྲམ་ཟེའི་རིགས་ཡིན་པར་བརྗོད་ལ། བོད་དུའང་བོད་ཀྱི་དབང་བསྒྱུར་གྲལ་རིམ་པ་རྣམས་དང་འབྲེལ་ནས་སྔར་བཞིན་དབང་བསྒྱུར་གྱི་གོ་གནས་རྒྱུན་འཛིན་བྱས་པར་མ་ཟད་དྲིལ་བསྒྲགས་ཀྱང་དེ་ལྟར་བྱས་པ་རེད།།
          གནའ་དེང་གཉིས་སུ་བོད་མིའི་གྲས་སུ་རིམ་ལྡན་ལམ་ལུགས་དེའང་སངས་རྒྱས་ཀྱི་ཆོས་གཞུང་ཡིན་པར་འདོད་མཁན་དེ་ཚོར་ཅུང་བརྡ་ཞིག་བསྒྲོག་པའི་དགོས་པ་ཡོད་དེ། སངས་རྒྱས་ཤཱཀྱ་མུ་ནེ་ཡིས་རྒྱ་གར་ཡུལ་དུ་ཚབས་ཆེན་པོར་གནས་ཡོད་པའི་རིམ་ལྡན་ལམ་ལུགས་ལ་ངོ་རྒོལ་བྱས་པར་བརྟེན་འགྲོ་བ་རྣམས་རིགས་དྲུག་ཏུ་ཕྱེ་ཞིང་།མི་ནི་རིགས་གཅིག་ཏུ་ཕྱེ་བ་ལས་རིགས་བཞིའམ་དུ་མར་བགོས་མེད་པ་འདི་རྒྱ་གར་རྒྱ་ནག་བོད་གང་གི་ནང་བསྟན་ཆོས་གཞུང་ལས་ར་སྤྲོད་བྱེད་ཐུབ་པ་ཞིག་རེད། རྒྱ་གར་ནས་བོད་ལ་ཕེབས་མཁན་ནི་རེ་གཉིས་ཙམ་ག་ལ་ཡིན། བོད་ཀྱི་བཙན་པོའི་རྒྱལ་རབས་ཐོར་བ་དེ་ནི་ཏག་ཏག་དུས་རབས་དགུ་བའི་ནང་ཡིན་ཞིང་། དུས་རབས་བརྒྱད་པ་ནས་དགུ་བའི་བར་ནི་ཡཱ་གླིང་ནུབ་མའི་ཡུལ་གྲུ་མང་བོར་ཟང་ཟིང་གི་དུས་གཟིར་བྱུང་བཞིན་པའི་སྐབས་ཡིན་ཞིང་། སྒོས་སུ་རྒྱ་གར་ནུབ་ཕྱོགས་སུ་དུས་རབས་བརྒྱད་པ་ནས་བཟུང་གྱེན་ལོག་ནང་འཁྲུག་བྱུང་བ་དང་། ཕྱི་ནས་ཨ་ལ་པོའི་མི་རྣམས་དྲག་ཆས་སྤྲས་ཏེ། རྒྱ་གར་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་དམག་འཐབ་བྱེད་པ་དང་མུ་མཐུད་དུ་གནས་ཉུལ་རྒྱ་སྐྱེད་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་པས། དུས་སྐབས་དེའི་ནང་དུ་རྒྱ་གར་གྱི་ཡུལ་་གྲུ་སོ་སོ་ནས་རྒྱུན་ཆད་མེད་པར་འཁྲུག་རྩོད་བྱུང་བར་བརྟེན། རྒྱ་གར་གྱི་མཐོ་རིམ་མི་སྣ་རྣམས་སྔ་གཞུག་ཏུ་དམག་འཁྲུག་ལ་གཡོལ་བའི་ཆེད་དུ་རྒྱལ་ཁམས་གཞན་དག་ལ་བྲོས་བྱོལ་དུ་སོང་བ་དང་། སྐོར་ཞིག་སྔ་གཞུག་ལྟར་བོད་གངས་ཅན་གྱི་ཡུལ་དུ་ཐོན་ཞིང་། ཁོ་ཚོ་བོད་ཡུལ་ལ་ཐོན་རྗེས། བོད་ཀྱི་བཙན་པོ་དང་བཅས་པའི་ཆོས་པ་དང་ལོ་ཙཱ་བ་རྣམས་དང་འབྲེལ་ནས། རིག་གནས་ཤེས་རྟོགས་ཀྱི་བྱང་ཚད་དམའ་བའི་བོད་ཡུལ་དུ་ཁོ་ཚོར་ཆབ་སྲིད་ཐོག་ཐར་ལམ་དང་འཚོ་བའི་ཁག་ཐག་གི་གནས་བབ་རྙེད་པར་མ་ཟད། སྔར་རྒྱ་གར་ཡུལ་དང་འདྲ་བའི་རིགས་མཐོན་པོ་དང་གཅིགས་ཆེན་པོར་བཀུར་བའི་གོ་གནས་ཀྱང་ཐོབ་སོང་བ་རེད། ཡིན་ནའང་། བོད་དུ་ཡོང་བའི་རྒྱ་གར་པ་དེ་དག་གི་ཁྲོད་ཀྱི་མི་ལ་ལས་བོད་ཀྱི་བཙན་པོའི་ཕོ་བྲང་ལ་འབྲེལ་ནས་ཆོས་དང་རིག་གནས་དྲིལ་བསྒྲགས་བྱས་པ་དང་། ལ་ལས་གསེར་ལ་སོགས་པའི་རྒྱུ་ནོར་འཚོལ་ཕྱིར་ཁྱིམ་པའི་གྲྭ་བའིརིགས་ལ་འབྲེལ་འདྲིས་བྱས་པ་བཅས་ཀྱི་ཐབས་ལ་བརྟེན་ནས་བོད་ལ་རྒྱ་གར་བ་མང་བོ་འདུས། བོད་ཀྱི་རིམ་ལྡན་ལམ་ལུགས་འདོད་མཁན་པ་ཚོས་འདོད་ཐོག་ལ་རྟ་རྒྱུགས་པ་ནང་བཞིན་དུ་བསམ་ནས་དེ་ཚོ་ལ་ལོ་ཙཱ་བའི་མཚན་གྱི་སྒོ་ནས་རྒྱུན་སྡོད་བྱེད་དུ་བཅུག་ཅིང་། སྐབས་དེར་རྒྱ་གར་བ་ཚོ་ལ་ལོ་ཙཱ་བའི་མཚན་གསོལ་ནས་བོད་དུ་རྒྱུན་སྡོད་བྱེད་མཁན་བརྒྱ་ཕྲག་དུ་མའི་གྲངས་ཀ་ལམ་མི་ཐོགས་པར་གནའ་བོའི་དཔེ་དེབ་ལས་རྩིས་ཐུབ་པར་ཡོད་པ་དེའི་ཐོག་ནས་ཀྱང་། བོད་དུ་སྡོད་མཁན་མི་ཉུང་ཉུང་ཙམ་ཞིག་མིན་པ་གསལ་བོར་ཤེས་ཐུབ་པ་རེད།
          སྐབས་དེར། བོད་ཀྱི་རིམ་བྱོན་བཙན་པོ་ཚོས་ཕྱི་གླིང་པ་དེ་ཚོར་དབྱེ་བ་མེད་པར་ཚང་མ་ཆེས་མཐོ་སར་བཀུར་བ་དང་ཡུན་རིང་བོར་བོད་དུ་གནས་སྡོད་བྱེད་དུ་བཅུག་པའི་དབང་གིས། བརྒྱུད་དང་མ་བརྒྱུད་གང་རུང་གི་ཆ་ནས། བོད་ཀྱི་ཆབ་སྲིད་བསམ་བློ་དང་རིག་གནས་སློབ་གསོ་ཐད་ལ་རྒྱ་གར་བའི་རིམ་ལྡན་ལམ་ལུགས་ཀྱི་བསམ་པའི་ཤུགས་རྐྱེན་ཐེབས་པ་དང་། ཤུགས་རྐྱེན་དེའི་མཇུག་འབྲས་སུ་རྒྱལ་བློན་བར་དང་། བློན་པོའི་བར། རྒྱལ་འབངས་བར་བཅས་ལ་ཚད་མི་འདྲ་བའི་འཁྲུག་རྩོད་མང་བོ་བྱུང་ལ། ཤུགས་རྐྱེན་དེའི་འོག་ཏུ། བོད་ཀྱི་སྤྱི་ཚོགས་ནང་དུའང་རྒྱ་གར་བའི་སྲོལ་བཞིན་གྱི་རིམ་ལྡན་ལམ་ལུགས་བྱུང་བ་ཧ་ཅང་ཁྱབ་གདལ་དུ་གྱུར་བའི་རྐྱེན་གྱིས། དེ་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པ་རེད།
          3.བོད་ལ་རིམ་ལྡན་ལམ་ལུགས་ཀྱི་ཤན་ཤུགས་ཐེབས་པའི་འོག་ཏུ་གྲྭ་བཙུན་ཇེ་མང་དང་། དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་འགལ་བའི་འཐབ་རྩོད་ཇེ་ཆེར་གྱུར། རྒྱ་གར་ཡུལ་དུ་དར་བའི་རྒྱལ་བའི་རིགས་དང་བྲམ་ཟེའི་རིགས་ནི་རིགས་རུས་ཀྱི་མ་ཚད་གོ་གནས་དང་ཐོབ་ཐང་བཅས་ཕྱོགས་གང་ཐད་ནས་ཆེས་མཐོན་པོ་དང་ཆེས་མཆོག་ཏུ་འཛིན་པའི་རིགས་རྒྱུད་སྲོལ་གྱི་ཤན་ཤུགས་བོད་ལ་ཐེབས་པའི་རྐྱེན་གྱིས། རིམ་བཞིན་དུ་བོད་ཀྱི་རྒྱལ་བློན་དང་བཙུན་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱང་བོད་མི་རྣམས་ཀྱི་ཁྲོད་དུ། རིགས་རྒྱུད་མཐོན་པོ་དང་མཆོག་ཏུ་གྱུར་པ་ཅན་གྱི་གོ་གནས་ཐོབ་པར་དམིགས་སུ་དགོངས་པ་དང་དོན་དུ་གཉེར་བའི་རྐྱེན་གྱིས། གཅིག་ནས་རྒྱལ་བློན་བར་དབང་བསྒྱུར་བའི་གོ་སའི་ཡང་རྩེ་རྩོད་པའི་འཐབ་རྩོད་བྱུང་བ་དང་། གཉིས་ནས་རབ་བྱུང་གི་བཙུན་པའི་སྡེ་ལ་ཞུགས་མཁན་ཡུལ་ཕྱོགས་སོ་སོ་ནས་ཇེ་མང་དུ་སོང་བ་རེད། རྒྱལ་བློན་བར་དབང་བསྒྱུར་གྱི་གོ་གནས་ཡང་རྩེ་བརྩད་པའི་འཐབ་རྩོད་བྱུང་བ་དཔེར་ན། མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དཔོན་ནི་བློན་པོས་བསད་པའི་འཐབ་རྩོད་དང་། ཁྲི་སྲོང་ལྡེ་བཙན་སྐབས་བློན་ཆེན་པོ་མ་ཞང་གྲོན་པ་སྐྱེ་གསོན་པོར་དོང་ནང་དུ་བཅུག་པའི་འཐབ་རྩོད། ཁྲི་རལ་བ་ཅན་གྱི་སྐབས་བཙུན་པ་ལ་ཁ་ལོག་མིག་ལོག་བྱས་མི་ཆོག་པའི་ཁྲིམས་བཟོས་བའི་འགུལ་སྐྱོད་ལས་བྱུང་བའི་འཐབ་རྩོད། ཁྲི་རལ་ཅན་བློན་པོས་བསད་པའི་འཐབ་རྩོད། ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་དར་མ་བསད་པའི་འཐབ་རྩོད་བཅས་བྱུང་བ་ལྟ་བུ་རེད། འཐབ་རྩོད་དེ་རྣམས་ཀྱི་དུས་དང་ནང་དོན་མི་འདྲ་ཡང་ཐུན་མོང་དུ་ལྡན་པའི་འཐབ་རྩོད་ཀྱི་ངོ་བོ་ནི་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་དབང་བསྒྱུར་གྱི་གོ་གནས་བརྩད་པའི་འཐབ་རྩོད་ཡིན། རིམ་ལྡན་ལམ་ལུགས་ཀྱི་ཤན་ཤུགས་ལ་བརྟེན་ནས་ཡུལ་ཕྱོགས་སོ་སོ་ནས་བཙུན་པའི་ཆོས་སྡེ་ལ་ཞུགས་མཁན་ཇེ་མང་དུ་སོང་བ་དཔེར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ནས་སད་མི་མི་བདུན་དང་བཅས་པའི་གྲྭ་བ་སུམ་བརྒྱ་ལྷག་བྱུང་བ་དང་། གྲྭ་བ་བྱེད་མཁན་རྣམས་དམག་ལ་ཞུགས་མི་དགོས་པ་དང་། ཁྲལ་དང་འུ་ལག་འཇལ་མི་དགོས་པ། འཚོ་བ་བླ་ནས་སྦྱོར་བ་བཅས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ་དང་། ཁྲི་རལ་བ་ཅན་གྱི་སྐབས་སུ། བཙུན་པ་ལ་མིག་ཟུར་གྱིས་བལྟས་ན། མིག་འབྲུས་པ་དང་། མཛུབ་མོས་སྐྱོན་འཛུགས་བྱས་ན་མཛུབ་མོ་གཅོད་པ་དང་། བཙུན་པའི་གྲྭ་བ་ལ་ངན་བཤད་བྱས་ན་ལྕེ་གཅོད་པ་ལ་སོགས་པའི་ཁྲིམས་བཟོས་པར་མ་ཟད། བཙན་པོ་ཁྲི་རལ་བ་ཅན་རང་དངོས་ཀྱིས་རང་གི་དབུ་རལ་གྱི་སྣེ་ལ་གོས་དར་བཏགས་ཤིང་། གོས་དར་སྟེང་གྲྭ་བཙུན་སྡོད་དུ་བཅུག་པའི་བཙུནབཀུར་གྱི་མཛད་སྒོ་འབྱེད་པ་བཅས་ཀྱི་བྱ་འགུལ་སྤེལ་པ་དེས། བོད་ཡུལ་དུའང་རྒྱ་གར་ཡུལ་དང་འདྲ་བར་བཙུན་པའི་གྲྭ་བ་རིགས་བླ་ལྷག་གིས་ཆེས་མཐོ་སར་བཀུར་དགོས་པའི་རིམ་ལྡན་ལམ་ལུགས་དར་དུ་བཅུག་པ་རེད། གྲྭ་བ་རྣམས་ཆེས་མཐོ་སར་བཀུར་དགོས་པའི་ལམ་ལུགས་བཙུགས་པ་ནས་བཟུང་། ། གྲྭ་བ་དང་དགོན་པའི་སྡེ་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བ་དཔེར་ན། “ཁྲི་རལ་བ་ཅན་གྱིས་ལོ་བཅུ་གཉིས་ལ་སྲིད་བཟུང་། མཁན་པོ་ཨ་ཙརྱཛིན་མི་ཏྲ་སོགས་པས་ཆོས་བསྒྱུར། རབ་ཏུ་བྱུང་བ་རེ་ལ་འབངས་མི་ཁྱིམ་བདུན་རེ་ཕུལ། དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་སོགས་བཞེངས། འདི་ཡན་གྱི་རྒྱལ་བློན་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས”ཞེས་དེབ་ཐེར་དུ་བཀོད་ཡོད་པའི་གྲངས་འདི་ཙམ་གྱིས་གསལ་བོར་རྟོགས་ཐུབ་པ་ལྟ་བུ་རེད།
          ཡིན་ནའང་། རིམ་ལྡན་ལམ་ལུགས་ཀྱི་ཤན་ཤུགས་བོད་ལ་ཐེབས་པའི་དུས་མཚུངས་སུ། དམག་དང་དགོན་སྡེའི་ཁག་ལ་བཀོལ་སྤྱོད་གཏོང་དགོས་པའི་འགྲོ་གྲོན་ཇེ་མང་དང་། ཁྲལ་རིགས་སྣ་ཚོགས་ཇེ་ལྗིད། ངལ་རྩོལ་མང་ཚོགས་རྣམས་ཀྱི་ཁག་ཇེ་ལྗིད་ལ་སོང་ཞིང་། དེས་ཀྱང་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་དཔལ་འབྱོར་ལ་སྒོ་ཀུན་ནས་ངན་ཆགས་ཐེབས་ཤིང་། ཐོན་སྐྱེད་དཔལ་འབྱོར་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཆེན་པོ་བཟོས་ཡོད་པ་རེད། དེ་ནས་བཟུང་། བོད་ཆེན་པོ་མདུན་སྐྱོད་ཀྱི་ལམ་ཆེན་སྟེང་དུ་རིམ་ལྡན་ལམ་ལུགས་ཀྱི་བསམ་བློ་རྨང་གཞིར་གྱུར་བའི་ལྷའི་སྟོབས་དང་འབྲེལ་བའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དངོས་སུ་བྱུང་བ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྟོབས་ཤུགས་ཇི་འདྲ་ཆེ་ན་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལམ་དེ་འདྲ་ཇེ་ཆུང་དུ་གྱུར་ཅིང་། གོ་རིམ་གཉིས་པའི་སྐབས་ཀྱི་བཙན་པོ་སུ་ཡིན་ཡང་འབངས་མིའི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་དཔལ་འབྱོར་ཇི་འདྲ་ཞན་ཡང་དེ་ག་སྣང་མེད་དུ་བཞག་པ་ལས། ཐོན་སྐྱེད་དཔལ་འབྱོར་སྤེལ་བའི་ཐབས་བཀོད་དང་ལམ་ལུགས་གཏན་ནས་མ་བཙུགས་པ་རེད། རྒྱལ་ཁབ་ཅིག་གི་ཆབ་སྲིད་རྨང་གཞི་ནི་དཔལ་འབྱོར་ཡིན་ཞིང་། དཔལ་འབྱོར་གྱི་རྨང་གཞིའི་ཐོག་ཆབ་སྲིད་བྱུང་བ་དང་། དཔལ་འབྱོར་གྱི་རྨང་གཞི་ཞན་པའི་ཆབ་སྲིད་ནི་རྨང་གཞི་ཞན་པའི་རྩིག་པ་དང་འདྲ་བར། རང་ཤུགས་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ཉམས་རྒུད་དུ་འགྲོ་ངེས་ཤིག་རེད། དེས་ན་ཆབ་སྲིད་ལམ་ལུགས་བརྟན་པོ་ཞིག་ཡོང་བར་བྱེད་དགོས་ན།| ངེས་པར་དུ་དཔལ་འབྱོར་གྱི་རྨང་གཞི་ཐུག་པོ་ཞིག་ཡོད་པའི་ཐོག་ཐོན་སྐྱེད་ཀྱི་སྟོབས་ཤུགས་ངེས་ཅན་ཞིག་ཡོད་དགོས་ངེས་རེད། དེ་ལྟར་ཡིན་གཤིས། བོད་བཙན་པོའི་རྒྱལ་རབས་ཀྱི་གོ་རིམ་གཉིས་པའི་སྐབས་སུ་བོད་ལ་རིམ་ལྡན་ལམ་ལུགས་ཀྱི་བསམ་པའི་ཤན་ཤུགས་ཐེབས་པ་དེས། བོད་བཙན་པོའི་རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་ཞན་དུ་གྱུར་དུ་བཅུག་པ་དང་། བོད་བཙན་པོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་རྨང་གཞི་བརྟན་པོ་བྱེད་མ་ཐུབ་པ། བཙན་པོའི་རྒྱལ་སྲིད་བརྟན་ཆགས་སུ་གཏོང་མ་ཐུབ་པ་བཅས་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་སོང་བ་རེད།
          ཟུར་ལྟའི་དཔྱད་གཞི།
          (1)《རྒྱལ་རབས་གསལ་བའི་མེ་ལོང་》། 
          (2) 《དེབ་ཐེར་མཁས་པའི་དགའ་སྟོན》
          (3)《བཙན་པོའི་འཛམ་གླིང་རྒྱས་བཤད》
          (4)《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》
          (5)《དེབ་ཐེར་དམར་པོ》
          (6)《ཐུའུ་བཀཱན་གྲུབ་མཐའ》
           (7) མཐོ་རིམ་སློབ་འབྲིང་གི་སློབ་དེབ《སྤྱི་ཚོགས་འཕེལ་པའི་ལོ་རྒྱུས》
          (8) 《ཀྲུང་གོའི་ལོ་རྒྱུས》
          (9) མཐོ་རིམ་སློབ་མས་འབྲིང་གི་སློབ་དེབ《ཆབ་སྲིད་རྒྱུན་ཤེས》
          (10)《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས》
          (11)《མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས》
          (12) 《བོད་ལྗོངས་ཞིབ་འཇུག》
          (13)《ཀྲུང་གོའི་བོད་ཀྱི་ཤེས་རིག》
          (14) 《མཚོ་སྔོན་སློབ་གསོ》བཅས་སོ།།