[ནང་དོན་གནད་བསྡུས།]རྩོམ་འདིར་སྤོ་བོའི་ཡུལ་དུ་ཁྱབ་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་དང་འབྲེལ་བའི་ཤོད་རྒྱུན་ཤ་ཁྲི་དང་བྱ་ཁྲི་ཁོང་གཉིས་ཀྱིས་སྤོ་བོའི་ཡུལ་དུ་ཞབས་བཅགས་ཡོད་མིན་དང་། ཁོང་ཚོ་དང་འབྲེལ་བའི་གནའ་ཤུལ་དུ་གྲགས་པའི་མཐོང་ཆོས་འགའ། དེ་མིན་དམངས་ཁྲོད་དུ་ཁྱབ་པའི་ཡུལ་དེའི་ས་མིང་ཉུང་ཤས་ལ་བཤད་ཚུལ་འདྲ་མིན་བྱུང་བ་སོགས་ལ་ངོ་སྤྲོད་དང་ཆབས་ཅིག་འབྲེལ་ཡོད་ཀྱི་གནད་དོན་ཁག་གཅིག་ལའང་དབྱེ་ཞིབ་མདོར་བསྡུས་ཞུས་ཡོད།
[བརྡ་ཆད་གཙོ་བོ།] སྤོ་བོ། བོད་ཀྱི་གནའ་རབས་ལོ་རྒྱུས། བཤད་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874 [ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-964Х(2008)01-010-05
ཉེ་བའི་ལོ་ཤས་ནང་སྨྱུག་འཛིན་པས་བོད་ལྗོངས་ཉིང་ཁྲི་ས་གནས་ཁོངས་ས་ཁུལ་འགའ་ཤས་སུ་གནའ་དཔྱོད་རྟོག་ཞིབ་ཀྱི་ལས་ཀར་ཞུགས་ཏེ་ཡུལ་གནས་དངོས་སུ་བསྐྱོད་ཐུབ་པ་དང་། བོད་ཀྱི་ཡ་ཐོག་ལོ་རྒྱུས་དང་འབྲེལ་བའི་གནའ་ཤུལ་གནའ་རྫས་ལ་ལག་ལེན་དངོས་ཀྱི་བརྟག་དཔྱད་བྱ་བའི་གོ་སྐབས་བཟང་པོ་ཞིག་ཐོབ། དེའི་བརྒྱུད་རིམ་ནང་རང་ཉིད་ཀྱིས་མཐོང་ཐོས་སུ་གྱུར་པའམ་དོ་སྣང་དང་། མནོ་བསམ་གཏོང་དགོས་པའི་གནད་དོན་ཞིག་སྟེ་ཡུལ་འདིའི་མངའ་ཁོངས་སུ་གཏོགས་པའི་སྤོ་བོ་རྫོང་གི་ལུང་པ་ཁ་ཤས་སུ་ཁྱབ་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་དང་འབྲེལ་བའི་ས་མིང་དང་། ལོ་རྒྱུས་མི་སྣའི་གར་སྟེགས་སུ་གྱུར་པའི་གནའ་ཤུལ་སོགས་ལ་ཡུལ་དེ་གའི་བཤད་ཚུལ་མི་འདྲ་བ་འགའ་ཤས་ཡོད་པ་འདི་བཞིན་ནི་ཆོས་འབྱུང་དེབ་ཐེར་ཁག་ཏུ་འཁོད་པའི་ཡ་ཐོག་བོད་ཀྱི་ལོ་རྒྱུས་གནད་དོན་ཁ་ཅིག་གི་རྣམ་པ་དང་འདྲ་མཉམ་དུ་སྣང་བའོ། ། དེས་ངེད་ཅག་ལ་སྤུ་རྒྱལ་བཙན་པོའི་ཐོག་མའམ་སྔ་རབས་རྒྱལ་རྒྱུད་ཀྱི་དོན་གནད་ཁག་ལ་མུ་མཐུད་ཉམས་ཞིབ་བྱ་རྒྱུའི་དཔྱད་གཞི་མཁོ་འདོན་དང་འབྲེལ་ཡོད་ཀྱི་དོན་འགར་དག་ཐེར་ཡོ་བསྲང་གི་ཕན་འབྲས་ཐོན་པར་མངོན་སྲིད་ན། ཁོ་བོས་འདིར་རྩོམ་ཐུང་འདི་སྤེལ་ཏེ་ངོ་སྤྲོད་རགས་ཙམ་ཞུ་འདོད་པས་རྒྱ་ཆེའི་མཁྱེན་ལྡན་པ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་འདུན་ཞུ།
སྤུ་རྒྱལ་བཙན་པོའི་ཐོག་མའི་རྒྱལ་རྒྱུད་དམ་བོད་རྗེ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སྐོར་ལ་སྔོན་བྱོན་མཁས་པའི་བཞེད་ཚུལ་མང་དག་ལྡན་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཛེམས་ཏེ་སྤྲོ་བར་མི་བྱ། དེ་དག་ཁྲོད་སྤྱི་འགྲོས་བདེན་མཐུན་དུ་གྱུར་བ་ནི་བོད་རྗེ་གཉའ་ཁྲི་བཙན་པོ་འདི་ཉིད་བོད་རང་གི་མི་ཞིག་ཡིན་པ་མ་ཟད། ཁོང་གི་འཁྲུངས་ཡུལ་ཡང་དེང་གི་ཉིང་ཁྲི་ས་གནས་ཁོངས་སྤོ་བོ་རྫོང་ཁུལ་དུ་ཡིན་པར་གསུངས་པ་དེ་ཡིན།
བོད་རྗེ་གཉའ་ཁྲི་བཙན་པོ་འདི་ཉིད་སྤོ་བོའི་ཡུལ་ནས་ཡིན་པར་འདོད་པའི་ཆོས་འབྱུང་དེབ་ཐེར་གྱི་གྲས་ཏེ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་བརྩམས་པའི་《ལྡེའུ་ཆོས་འབྱུང་རྒྱས་པ་》རུ་འཁོད་པ་ལྟར་ན་“ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ་”①ཁོང་བོད་ཀྱི་རྗེ་བོར་བཅོལ་བ་དང་། ལྕགས་གླང་པ་རོལ་པའི་རྡོ་རྗེས་མཛད་པའི་ཡུམ་བུ་བླ་སྒང་གི་དཀར་ཆག་ནང་“སྔར་སྤུ་བོའི་ཡུལ་ན། བྱ་མོ་བཙུན་བྱ་བའི་མངལ་ནས་ཐེའུ་བྲང་བུ་སྤུན་དགུ་སྐྱེས་པའི་ཆུང་མཐའ་ཨུ་བེ་ར་བྱ་བ་”ཁོང་ཉིད་བོད་ཀྱི་རྗེ་བོ་འཚོལ་མཁན་ཚོས་“གཉའ་བར་བཏེགས་ནས་རྗེ་རུ་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོར་ཐོགས་”②ཞེས་འཁོད་པ་ལྟར་ན་གཉའ་ཁྲི་འདི་ཉིད་བོད་མི་ཡིན་པ་མ་ཟད། འཁྲུངས་ཡུལ་ནི་སྤོ་བོའི་ཁོངས་སུ་ཡིན་པར་འདོད་མོད། སྤོ་བོའི་ཁོངས་ཀྱི་ཞིབ་ཆའི་ཡུལ་གང་ཞིག་ཏུ་ཡིན་མིན་ལ་གསལ་བརྗོད་གང་ཡང་གནང་མེད། སྨྱུག་འཛིན་པས་ས་ཆ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དེང་གི་སྤོ་བོ་རྫོང་ཁོངས་སྤོ་སྟོད་གཙང་པོའི་ཆུ་རྒྱུད་ཀྱི་ངོགས་སུ་གནས་པའི་ཆུ་མདོ་གྲོང་རྡལ་གྱི་བྱང་ཤར་ན་སྤ་ཐོག་ཁ་ཞེས་པའི་གྲོང་ཚོའི་ནང་དུ་བྱ་མོ་ཁ་རུ་གྲགས་པའི་གནས་ཤིག་ཡོད་པ་འདིར་གཉའ་ཁྲི་བཙན་པོའི་འཁྲུངས་གནས་རེད་ཅེས་དམངས་ཁྲོད་དུ་གྲགས། དེ་ལྟའི་ཤོད་རྒྱུན་ནང་“བྱ་མོ་ཁ་”ཞེས་པའི་གནས་ཀྱི་མིང་དང་ལོ་རྒྱུས་ཡིག་ཆར་འཁོད་པའི་གཉའ་ཁྲིའི་ཡུམ་“བྱ་མོ་བཙུན་”གྱི་མཚན་དབར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་བརྗོད་མེད་དུ་སྣང་མོད། འོན་ཏེ་ཤོད་རྒྱུན་འདི་བཞིན་དུས་ནམ་ཞིག་ཏུ་བྱུང་བ་དང་དེས་དོན་དངོས་ཀྱི་ལོ་རྒྱུས་གནད་དོན་གྱི་རང་བཞིན་ལ་ཚད་དང་ལྡན་པའི་སྒྲུབ་བྱེད་གང་འདྲ་ཞིག་སྦྱིན་ཐུབ་མིན་ཐད་མཁྱེན་ལྡན་པ་རྣམས་ཀྱིས་བློ་སྒོ་རྒྱ་ཆེར་ཕྱེ་ནས་མ་འོངས་པའི་དུས་ཟླའི་ནང་མུ་མཐུད་བརྩོན་དགོས་པའི་ཞིབ་འཇུག་གི་དོགས་གཞི་ཞིག་རེད། སྤྱིར་ཞིབ་འཇུག་པ་མང་པོས་དམངས་ཁྲོད་ངག་རྒྱུན་དུ་བྱུང་བའི་ཤོད་སྲོལ་དག་ལ་སོམ་ཉིའི་ལྟ་བ་ཞིག་འཛིན་ཡང་། གོང་སྨོས་ཀྱི་ཤོད་རྒྱུན་འདི་ལྟ་བུ་ནི་དམངས་ཁྲོད་དུ་ཁྱབ་གདལ་སོང་བ་མ་ཟད་ཚད་ལྡན་གྱི་ཆོས་འབྱུང་དེབ་ཐེར་འགའི་ནང་དུའང་བཀོད་ཡོད་པར་བརྟེན་དེའི་དྲང་བདེན་རང་བཞིན་གྱི་ཚད་གཞི་ནི་ཧ་ཅང་གི་མཐོ་པོ་ཡིན་པར་སེམས།
དཔེ་རིས་དང་པོ།
གཞན་ཡང་སྤུ་རྒྱལ་བཙན་པོའི་སྔ་རབས་རྒྱལ་རྒྱུད་དང་འབྲེལ་བའི་ཤོད་རྒྱུན་ཁ་ཤས་ཡུལ་ལུང་འདི་གའི་ཁོངས་སུ་ཁྱབ་ཡོད་པ་སྟེ། བྱ་མོ་ཁ་ཞེས་པའི་གནས་ཡུལ་གྱི་བྱང་ཤར་མཚམས་སུ་འཛོམས་རྟ་གཙང་པོའམ་ནམ་རྒྱུན་འབོད་ཁྱབ་ཆེ་བའི་མིང་གཞན་ཡར་ལུང་གཙང་པོར་གྲགས་པའི་ཆུ་རྒྱུད་གྱེན་ལམ་ལ་ཕྱོགས་ཏེ་སྤྱི་ལེ5ཙམ་གྱི་སར་སླེབས་དུས་ཆུ་བོ་འདིར་བྱང་ནུབ་ནས་འདྲེས་ཡོང་བའི་གསང་ནང་ཆུའི་གཞོགས་ནུབ་ཀྱི་ལམ་བརྒྱུད་དེ་ས་ཆ་དེ་གའི་གནས་རིར་འབོད་པའི་གཡུ་རི་དགེ་བསྙེན་ཕྱོགས་སུ་སྤྱི་ལེ་3ཙམ་གྱི་མཚམས་སུ་སླེབས་ཙ་ན་ཤ་ཁྲིའི་དུར་སར་གྲགས་པའི་ས་སྤུངས་ཤིག་མཇལ་རྒྱུ་ཡོད། ས་སྤུངས་དེའི་ཤར་ནས་ནུབ་བར་གྱི་ཞེང་ཚད་ལ་རྨིད་4.5་དང་། བྱང་ནས་ལྷོའི་ཞེང་ཚད་ལ་རྨིད་8.3དང་། མཐོ་ཚད་ལ་རྨིད་1.5ཙམ་ཡོད། ས་སྤུངས་འདི་ཡང་ད་ཆ་ནུབ་པོ་ཆེར་གྲགས་པའི་ས་ཞིང་ཞིག་གི་དཀྱིལ་ཙམ་དུ་ཆགས་ཡོད་པ་དང་གསང་ནང་གྲོང་ཚོའི་མང་ཚོགས་ཚོས་ཀྱང་འདིར་རང་གི་ཡབ་མེས་ཀྱི་གནས་ཁྱད་འཕགས་ཅན་ཞིག་ལ་ངོས་བཟུང་སྟེ་བརྩི་འཇོག་གི་འདུ་ཤེས་ཟོལ་མེད་ཀྱིས་ས་བརྐོ་བ་སོགས་ཀྱི་ལས་ངན་བྱ་སྤྱོད་སྤེལ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་རང་ནུས་ཅི་ཡོད་ངང་ས་སྤུངས་འདིར་མུ་མཐུད་སྲུང་སྐྱོང་བྱེད་བཞིན་འདུག།
གོང་སྨོས་ཀྱི་གནས་ཚུལ་ནང་ང་ཚོས་དམིགས་བསལ་གསལ་འདོན་བྱ་དགོས་པའི་དོན་འགའ་སྟེ།
གཅིག “ཡར་ལུང་”དང་“ཨར་ཀླུང་”ས་མིང་སྐོར་གྱི་དོགས་གཞི།
འཛོམས་རྟ་གཙང་པོའམ་མིང་གཞན་ལ་ཡར་ལུང་གཙང་པོར་གྲགས་པའི་ཆུ་བོའི་མིང་“ཡར་ལུང་”ཞེས་པ་འདི་དང་། སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་ཀྱི་འབྱུང་གནས་“ཡར་ཀླུང་”ཞེས་པའི་ས་མིང་གཉིས་ཀྱི་འབྲེལ་བའི་ཐད་དོགས་གཞིའི་གནད་དོན་འགའ་ཞིག་ད་བར་ལྐོག་གྱུར་གྱི་གནས་སུ་ལྷུང་སྟབས། དེ་ནི་རྩྭ་ངན་ལྟ་བུའི་གནས་བབས་སུ་ལུས་ཏེ་དུད་འགྲོས་ཀྱང་ཟ་མི་འདོད་པའི་དཔེ་དོན་འདི་ལྟ་དོན་ངོ་མ་དང་མཐུན་པའི་དབང་དུ་སོང་ན། “ཡར་ལུང་”དང་“ཡར་ཀླུང་”དབར་གྱི་ས་མིང་འབྲེལ་བ་ཡང་སྒྲ་འདོན་ཙམ་ལས་དོན་འགྲེལ་གྱི་དབྱེ་འབྱེད་ནུས་པ་དེ་ཙམ་ཞིག་ཨེ་ཡོད་སེམས། གང་ལགས་ཤེ་ན། མི་རིགས་མང་པོ་ཞིག་གི་གནའ་བོའི་ལོ་རྒྱུས་སུ་བྱུང་མྱོང་ཡོད་པའི་དཔེ་མཚོན་ཏེ། རིགས་རྒྱུད་ཅིག་ས་ཆ་ག་གེ་མོ་ཞིག་ཏུ་བྱུང་བའི་གནས་དེ་ཕྱི་རབས་པ་ཚོས་རང་གི་ཡབ་མེས་འབྱུང་འཕེལ་གྱི་རྩ་བའི་གནས་ལ་བཀུར་ཏེ་ཕ་ཡུལ་ཞེས་མིང་དུ་ཐོགས་པ་དང་། རིགས་རུས་དེའི་རྒྱུད་འཛིན་པ་རྣམས་ཡུལ་གཞན་དུ་གནས་སྤོ་བྱ་བའི་སྐབས། རང་གི་ཡབ་མེས་ལ་རྗེས་དྲན་གང་ཐུབ་བྱེད་ཆེད་ཡུལ་གནས་གསར་པའི་ས་མིང་དུ་ཕ་ཡུལ་གྱི་ས་མིང་འགའ་ཞིག་མུ་མཐུད་དེ་འདོགས་པའི་ལུགས་སྲོལ་ཡོད་པའི་ཕྱིར། དེ་ཡང་ལ་ལས་“ ཡར་ལུང་” དང་“ ཡར་ཀླུང་”གཉིས་དབར་ཡི་གེའི་དག་ཆའི་ཐོག་ནས་དབྱེ་བ་ཁ་གསལ་འབྱེད་ཐུབ་པས་འདིར་བཤད་པའི་སྒྲུབ་བྱེད་དག་དགོས་མེད་འཆོལ་ལབ་ཏུ་འདོད་སྲིད་ཀྱང་། ད་བར་ང་ཚོའི་མིག་ལམ་དུ་སྣང་བའི་སྤོ་བོའི་ཡུལ་ཁོངས་ཀྱི་“ཡར་ལུང་གཙང་པོ་” འམ་“ཡར་ལུང་ལུང་པ་”ཞེས་པའི་ས་མིང་གི་འབྲི་ཚུལ་ཐད་ཉེ་རབས་སུ་བརྩམས་པའི་《སྤོ་བོའི་ལོ་རྒྱུས་》དང་། གཞན་ཡང་སྤོ་བོའི་ཁུལ་དུ་གནའ་དུས་ནས་བཟུང་མི་རབས་སྔ་ཕྱི་བརྒྱུད་དེ་བརྩམས་གནང་བའི་ཡིག་ཆ་《སྤོ་བོ་ཆོས་འབྱུང་》སོགས་སུའང་“ ཡར་ལུང་” ཞེས་བཀོད་འདུག་ལ། ③《རྒྱལ་རབས་གསལ་བའི་མེ་ལོང་》ལ་སོགས་པའི་སྔོན་གྱི་ཆོས་འབྱུང་དེབ་ཐེར་ཁག་ནང་དུའང་ལྷོ་ཁའི་“ཡར་ཀླུང་”ཞེས་པར་“ཡར་ལུངས་”སམ་“ཡར་ལུང་” དུ་འབྲི་ཚུལ་ཡོད་པར་བརྟེན་ན། “ཡར་ལུང་”དང་“ཡར་ཀླུང་” གཉིས་ཀྱི་འབྲི་ཚུལ་ཡང་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་འཕོ་འགྱུར་དང་འཁྲུལ་ནོར་བྱུང་བར་བརྟེན་ནས་ཡི་གེའི་གཟུགས་སུ་རྣམ་པ་གཉིས་སུ་མངོན་མི་སྲིད་པ་མེད་མོད། དེ་ལྟར་ན་“ ཡར་ལུང་” ས་མིང་འདི་སྤོ་བོའི་ཡུལ་ཁོངས་སུ་སྔོན་ལ་ཐོགས་པ་དང་། དེ་ནས་གཉའ་ཁྲི་བོད་ཀྱི་རྒྱལ་པོར་འཁོད་རྗེས་རང་ཡུལ་གྱི་ས་མིང་དེ་ལྷོ་ཁའི་“ཡར་ཀླུང་”དུ་མུ་མཐུད་སྤྱད་པ་དང་དེའི་འབྲི་ཚུལ་མི་འདྲ་བ་ནི་ལོ་རྒྱུས་ཀྱི་སྐྱེན་ཞིག་ལས་འགྱུར་བ་བྱུང་བ་ཡིན་ནམ་སྙམ།
གཉིས། ཤ་ཁྲིའི་དུར་སར་གྲགས་པའི་ས་སྤུངས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སྐོར།
ཏུན་ཧོང་གི་ཡིག་རྙིང་ལྟར་ན་གྲི་གུམ་བཙན་པོར་སྲས་མཆེད་གཉིས་བྱུང་བ་སྟེ་“སྲས་མཆེད་གཉིས་ཎྀ་ཤ་ཁྱི་དང་ཉ་ཁྱྀར་བཏག་སྟེ། རྐོང་ཡུལ་དུ་སྤྱུག་སྟེ་བཀྱེ་འོ།”ཞེས་པ་དང་། ཡང་དེའི་ནང་དུ་སྤུས་ཀྱི་བུ་རུ་ལས་སྐྱེས་སམ་ངར་ལ་སྐྱེས་“ ཀོང་ཡུལ་བྲེ་སྣར་དུ་སྲས་ཤ་ཁྱྀ་ཉ་ཁྱི་དང་ཡང་མཇལ་ལོ་”④ཞེས་འཁོད་པ་ལྟར་ན། ཤ་ཁྱིའམ་ཤ་ཁྲི་ནི་ཀོང་ཡུལ་དུ་སླེབས་པ་ལས་སྤོ་བོའི་ཡུལ་དུ་སླེབས་ཡོད་མེད་སྐོར་ཁ་གསལ་གསུངས་མེད། གཞན་ཡང་གྲགས་ཆེའི་ཆོས་འབྱུང་དེབ་ཐེར་ཁ་ཅིག་དང་། ཏུན་ཧོང་ཡིག་རྙིང་དང་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་གཙིགས་ཡིག་ཏུ་སྲས་མཆེད་འདི་གཉིས་ཀྱི་ནང་ནས་ཡང་སྙིང་སུས་“ ཀོང་གི་རྗེ་བོ་” མཛད་མིན་ཐད་ལ་བཞེད་ཚུལ་མི་འདྲ་བ་ཡོད་དེ། དཔེར་ན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《རྒྱལ་རབས་གསལ་བའི་མེ་ལོང་》སོགས་སུ་གྲི་གུམ་བཙན་པོར་སྲས་གསུམ་བྱུང་བར་འདོད་པ་དང་། ཆེ་བ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། འབྲིང་པོ་བྱ་ཁྲིས་སྤོ་བོའི་མངའ་དབང་མཛད། ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་རུ་མཛད་པའི་ལྟ་བ་⑤འདི་དང་ལྡོག་པར་ཏུན་ཧོང་ཡིག་རྙིང་ནང་གཅུང་ཉ་ཁྱི་ནི་རྐོང་དཀར་པོ་རྗེ་མཛད་པ་དང་། གཅེན་ཤ་ཁྱི་ནི་རྗེར་གཤེགས་ནས་མཚན་སྤུ་དེ་གུང་རྒྱལ་དུ་གསོལ་བ་ལགས། ⑥རྡོ་བརྐོས་གཙིགས་ཡིག་ཏུའང་“དྲི་གུམ་བཙན་པོའི་སྲས། གཅེན་ཉ་ཁྱྀ་དང་། གཅུང་ཤ་ཁྱྀ་གཉིས་ལ། [ས] གཅུང་ཤ་ཁྱི་ནི། ལྷ་བཙན་པོ། གཅེན་ཉ་ཁྱྀ་ནི་རྐོང་དཀར་པོའི་རྗེ།” ⑦ཞེས་སུ་འཁོད་པའི་གོང་གི་ནང་དོན་ཁག་ཏུ་མཐུན་མིན་གྱི་དོན་འགའ་ཡོད་རུང་། འདིར་མཁོ་བའི་ལུང་འདྲེན་གྱི་བརྗོད་བྱར་གྱུར་བ་ནི་ཤ་ཁྲི་སྤོ་བོའི་ཡུལ་དུ་སླེབས་མྱོང་ཡོད་པའི་ཡིག་འབྲུ་ཙམ་ཡང་བཏོན་མེད་པ་དེ་ཡིན། གལ་སྲིད་ང་ཚོས་ཏུན་ཧོང་དང་རྡོ་བརྐོས་ཡིག་ཆར་འཁོད་པའི་ནང་དོན་འདི་ཚད་དང་མཐུན་པའི་དབང་དུ་བཏང་ན། ཤ་ཁྲི་སྤོ་བོའི་ཡུལ་དུ་སླེབས་མྱོང་མེད་པ་ནི་མངོན་གསལ་གྱི་དོན་ཞིག་ཏུ་སྣང་བ་གོར་མི་ཆག དེའི་རྒྱུ་རྐྱེན་ནི་ཏུན་ཧོང་ཡིག་རྙིང་དུ་འཁོད་ཡོད་པ་སྟེ་ཤ་ཁྱིའམ་སྤུ་དེ་གུང་རྒྱལ་ཕྱིང་བ་སྟག་རྩེར་ཕེབས་རྗེས་སྐུ་མྱ་ངན་ལས་འདས་པ་དང་། ཁོང་གི་བང་སོ་“ གྲང་མོ་གནམ་བསེའ་”རུ་གྲགས་པ་དེ་ཡང་ཕྱིང་ཡུལ་ལམ་དེང་གི་འཕྱོངས་རྒྱས་ཁུལ་དུ་ཆགས་དགོས་ངེས་ལས་སྤོ་པོའི་ཡུལ་དུ་ཆགས་སྲིད་པའི་གཏན་ཚིགས་ང་ཚོའི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ལོ་རྒྱུས་དེབ་ཐེར་གང་ཞིག་གི་ནང་དུའང་འཁོད་མེད་པས་དེ་དག་ལས་སྒྲུབ་ནུས་སེམས་ཀྱང་མུ་མཐུད་དཔྱད་དགོས།
གལ་སྲིད་འདིར་དྲངས་པའི་ཆོས་འབྱུང་དེབ་ཐེར་ནང་དུ་འཁོད་པའི་ཤ་ཁྲིས་ཀོང་དཀར་པོ་རྗེ་མཛད་པ་དང་། བྱ་ཁྲིས་སྤོ་བོའི་མངའ་དབང་མཛད་པ། ཉ་ཁྲིས་ཉང་པོའི་རྗེ་རུ་མཛད་པ་ཞེས་པ་འདི་ལོ་རྒྱུས་ཀྱི་དོན་དངོས་དང་མཚུངས་ཡོད་ན། ཤ་ཁྲི་ནི་སྤོ་བོའི་ཡུལ་དུ་ཞབས་བཅགས་མ་མྱོང་བ་དེ་བས་ཀྱང་ར་འཕྲོད་བྱུང་བར་སྣང་། འོན་ཏེ་འདིར་ང་ཚོས་དོགས་གཞི་ཞིག་འདོན་དགོས་པ་སྟེ། གོང་གི་ཆོས་འབྱུང་དེབ་ཐེར་ཁག་ལྟར་ན་བྱ་ཁྲིས་སྤོ་བོའི་ཡུལ་དུ་མངའ་དབང་མཛད་པའི་དུས་ཡུན་ནི་མི་རིང་བ་ཞིག་ཡིན་པ་མ་ཟད། དེའི་རྗེས་ལྷ་བུ་རུ་ལས་སྐྱེས་ཀྱིས་བྱ་ཁྲི་སྤོ་བོའི་ཡུལ་ནས་གདན་དྲངས་ཏེ་བོད་ཀྱི་རྗེ་བོར་བཅོལ་གནང་བ་དང་། ཤ་ཁྲི་ནི་ཀོང་གི་རྗེ་དང་ཉ་ཁྲི་ནི་ཉང་གི་རྗེ་བོར་མུ་མཐུད་དེ་བཞུགས་གནང་བར་འདོད་ཡོད། དེ་ལྟར་ན་ད་ལམ་སྤོ་བོའི་ཡུལ་དུ་ངག་རྒྱུན་ལ་སྒྲོག་བཞིན་པའི་“ཤ་ཁྲིའི་དུར་ས་”ཟེར་བ་འདི་ལོ་རྒྱུས་ཀྱི་དོན་ངོ་མར་ཡང་སྙིང་ས་ཆ་འདི་གར་ཆགས་ཡོད་མིན་ནི་ཧ་ཅང་ལྐོག་གྱུར་གྱི་གནད་འགག་དཔྱད་དོན་ཞིག་དུ་སྣང་བའོ། །
དཔེ་རིས་གཉིས་པ།
གཞན་ཡང་འདིར་མཚམས་སྦྱོར་རགས་བསྡུས་ཞུ་དགོས་པའི་དོན་འགའ་སྟེ། ཤ་ཁྲིའི་དུར་སར་གྲགས་པའི་ས་སྤུངས་ཀྱི་གནས་ཡུལ་གསང་ནང་གྲོང་ཚོའི་བྱང་ཤར་དུ་“ཤ་ཁྲི་རོང་”ཞེས་པའི་རི་སྟེང་དུ་“ཤ་ཁྲི་ཕུག་པ་”རུ་འབོད་པའི་རི་ཕུག་ཞིག་ཡོད་པ་འདི་ནི་“ ཤ་ཁྲིའི་མཚམས་ཁང་”དུ་གྲགས་པ་དང་། གྲོང་འདིའི་བྱང་ནུབ་ངོས་ཀྱི་རི་“ར་མོ་ཆེར་”གྲགས་པའི་རི་སྐེད་དམ་ལ་ཁར་ཤ་ཁྲིའི་སྒྲུང་གཏམ་དང་འབྲེལ་བའི་“ཤ་ཁྲིའི་ལམ་”ཞེས་པའི་རི་ལམ་ཞིག་ཀྱང་ཡོད་པར་ཐོས། ཤོད་རྒྱུན་འདི་དག་ནི་ལོ་རྒྱུས་དེབ་ཐེར་ཁག་དང་རྡོ་བརྐོས་གཙིགས་ཡིག་སོགས་སུ་མཇལ་ནུས་པར་དཀའ་ཡང་དེས་ཡུལ་ལུང་འདི་དང་འབྲེལ་བའི་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་ཞིབ་འཇུག་གནད་དོན་འགའ་ལ་དཔྱད་གཞིའི་ཕན་ནུས་ཤིག་ཐོན་ངེས་ཡིན།
གསུམ། “གསང་ནང་” ལ་སོགས་པའི་ས་མིང་དང་འབྲེལ་བའི་སྤོ་བོའི་ལོ་རྒྱུས་སྐོར།
དེ་ཡང་གྲི་གུམ་བཙན་པོར་སྲས་མཆེད་གསུམ་དུ་འདོད་པའི་བཞེད་ཚུལ་འདི་སྤུ་རྒྱལ་བཙན་པོའི་སྔ་རབས་རྒྱལ་རྒྱུད་ཀྱི་ལོ་རྒྱུས་དོན་ངོ་མ་དང་ཡོངས་སུ་མཐུན་པའི་ངེས་ཚིག་ཅིག་ཏུ་གྱུར་པའི་དབང་དུ་བཏང་ན། གྲི་གུམ་བཙན་པོ་གཤེགས་རྗེས་བོད་ཀྱི་རྒྱལ་རྒྱུད་ཁྲི་འཛིན་ནི་ཤ་ཁྲི་མིན་པར་བྱ་ཁྲི་ཡིན་དགོས་པ་དང་། ཚང་མས་ཤེས་རྟོགས་བྱུང་བའི་ཛ་དྲག་གི་ལོ་རྒྱུས་དོན་རྐྱེན་ལ་བརྟེན་ནས་བྱ་ཁྲི་ལ་སོགས་པའི་སྲས་མཆེད་ཁོང་རྣམ་པ་ཡང་ཡུལ་གྱར་དུ་མི་འགྲོ་ཀ་མེད་ཐུག་པ་ལགས། ཁོང་རྣམ་པའང་གང་དུ་གྱར་བའི་ཞིབ་ཆའི་ཡུལ་ཕྱོགས་ཐད་ཆོས་འབྱུང་དེབ་ཐེར་དང་ཏུན་ཧོང་ཡིག་རྙིང་། རྡོ་བརྐོས་གཙིགས་ཡིག་ཁག་ཏུ་འགལ་བའི་ཆ་མང་དུ་མངོན་མོད། སྤོ་བོའི་ཡུལ་ཕྱོགས་སུ་བྱུང་བའི་ལོ་རྒྱུས་དང་དམངས་ཁྲོད་ངག་རྒྱུན་དུ་འཇགས་པའི་ཤོད་རྒྱུན་ཁྲོད་ལས་“གསང་ནང་” ཞེས་པ་ལ་སོགས་པའི་ས་མིང་གི་བྱུང་ཚུལ་ཐད་ལ་ཞིབ་དཔྱོད་བྱས་ཚེ། ལོ་རྒྱུས་དངོས་ཀྱི་དོན་དམ་འགར་དོགས་དཔྱོད་ཀྱི་ནུས་པ་ཇི་ཙམ་ཞིག་ཐོན་ནུས་སེམས། སྤོ་བོའི་ཡུལ་དུ་དེང་དུས་ཀྱང་ཁྱབ་མུས་སུ་མཆིས་པའི་བྱ་ཁྲི་གནས་འདིར་ཞབས་བཅག་མྱོང་ཡོད་པའི་ཤོད་རྒྱུན་ནམ་སྤོ་བོའི་ཡིག་རྙིང་དག་ཏུ་འཁོད་ཡོད་པའི་ནང་དོན་དག་གོང་དུ་ལུང་དྲངས་ཟིན་པའི་བརྩམས་དེབ་《སྤོ་བོའི་ལོ་རྒྱུས་》ཞེས་པའི་ནང་དུ་ཁ་གསལ་པོར་འགོད་གནང་མཛད་ཡོད་ལ། ཤོད་རྒྱུན་འདི་ལྟར་ན་བྱ་ཁྲི་སྤོ་བོའི་ཡུལ་དུ་ལོ་ངོ་བཅུ་ལྷག་ཙམ་བཞུགས་གནང་བ་དང་། དེའི་བརྒྱུད་རིམ་ནང་ཁོང་གི་གདུང་རྒྱུད་དུ་དབྲ་འབྲུ་གདོང་(ལྡོང་?)གསུམ་བྱུང་བའི་དབྲ་རྒྱུད་ལས་ཕྱིས་འབྱུང་སྤོ་བོའི་ལོ་རྒྱུས་ནང་ཡོངས་གྲགས་སུ་ཕྱིན་པའི་སྤོ་བོ་ཀ་གནམ་སྡེ་པའམ་ཀ་གནམ་རྒྱལ་པོ་ཞེས་པ་དེ་བྱུང་ཡོད་པར་བཞེད་ཡོད། “གསང་ནང་”ཞེས་པའི་ས་མིང་གི་བྱུང་ཚུལ་ཐད་ལ་ཡང་མི་མང་པོ་ཞིག་གིས་བྱ་ཁྲི་གནས་འདིར་ཕེབས་དུས་གནས་སྐབས་རིང་གསང་བ་མཛད་དེ་དེང་གི་ཆུ་མདོའི་ཁོངས་གསང་ནང་གྲོང་ཚོར་བཞུགས་པས་ཡུལ་མིང་ལ་“གསང་ནང་”དུ་འབོད་པ་དང་། དེ་ནས་གཞན་གྱིས་ཚོར་ཏེ་སྤོ་བོའི་ཡུལ་ཁོངས་གྱི་གནས་གཞན་ཏེ་དེང་གི་ཆོས་རྫོང་དུ་ཕེབས་ཤིང་འདིར་གུས་པར་སྣང་ཞེས་གསུངས་ཏེ་བཞུགས་པས་“གུས་སྣང་” ཞེས་གྲགས་པ་འདི་སྒྲ་ཉམས་པར་བརྟེན་ད་ལྟ་“གུ་མདོང་”དུ་འབོད་དོ་ཟེར། ⑧
འོན་ཀྱང་སྤོ་བོའི་ཁུལ་གྱི་ཡིག་ཐོག་དང་ངག་རྒྱུན་འགར་བྱ་ཁྲི་མ་ཡིན་པར་ཤ་ཁྲིས་གནས་འདིར་ཞབས་བཅགས་མྱོང་ཡོད་པར་འདོད་པ་ཙམ་མ་ཟད་ཁོང་དང་འབྲེལ་བའི་གནའ་ཤུལ་འདྲ་བ་མང་པོ་ཞིག་དེང་གི་དུས་སུའང་མཇལ་རྒྱུ་ཡོད་པ་གོང་དུ་སྨྲོས་པ་ལྟར་རོ། །
གལ་སྲིད་ཤ་ཁྲི་སྤོ་བོའི་ཡུལ་དུ་ཕེབས་མྱོང་བ་འདི་ལོ་རྒྱུས་ཀྱི་རྐྱེན་གང་ཞིག་ལ་བརྟེན་ནས་ཏུན་ཧོང་ཡིག་རྙིང་དང་རྡོ་བརྐོས་གཙིགས་ཡིག་ནང་འཁོད་ཐུབ་མེད་པ་དང་། 《རྒྱལ་རབས་གསལ་བའི་མེ་ལོང་》ལ་སོགས་པའི་ཆོས་འབྱུང་དེབ་ཐེར་ཁག་ནང་དུ་བཀོད་པ་བཞིན་སྲས་བྱ་ཁྲི་ཉིད་ནི་དོན་དངོས་སུ་ཤ་ཁྲི་ཁོང་རང་ཡིན་པ་ལས་གྲི་གུམ་བཙན་པོར་སྲས་གསུམ་བྱུང་བར་འདོད་པ་འདི་ཕྱི་རབས་པ་ཚོའི་ལྟ་བ་ཙམ་ཞིག་ཡིན་པར་ངོས་བཟུང་ན། བྱ་ཁྲི་དང་ཤ་ཁྲི་གཉིས་ཡུལ་སྐད་ཀྱི་སྒྲའི་འདོན་སྟངས་སུ་འདྲ་མཉམ་དུ་མངོན་པ་སྟེ། སྤོ་སྟོད་དང་ཁམས་ཀྱི་སྐད་ནང་“བྱ་”འདི་“ཞ་”འམ་“ཤ་”སྒྲ་རུ་འདོན་གྱིས། ཕྱིས་འབྱུང་གི་དེབ་ཐེར་ནང་སྒྲ་འདོན་གྱི་འཁྲུལ་པ་དང་རྩོམ་འབྲི་བྱེད་པའི་ཚེ། སྐབས་དེའི་དཔྱད་ཡིག་མ་ཟད་ངག་རྒྱུན་སོགས་ལ་བརྟེན་ནས་ཇི་ལྟར་བྲིས་པའི་ལོ་རྒྱུས་དེའང་རྗེས་འབྲངས་ཀྱི་མཁས་པ་ཚོས་བཞེད་ཚུལ་དེ་དག་མུ་མཐུད་དེ་མཁོ་སྤྱོད་མཛད་ནས་རྩོམ་འབྲི་གནང་བ་ཞིག་མིན་ནམ་སྙམ་པས་དཔྱད་པར་འཚལ།
མདོར་ན་སྤོ་བོའི་ཡུལ་ཁོངས་སུ་ཁྱབ་ཡོད་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་དང་འབྲེལ་བའི་བཤད་རྒྱུན་དག་དང་དེ་འབྲེལ་གྱི་གནའ་ཤུལ་དུ་གྲགས་པའི་མཐོང་ཆོས་ནང་། ལ་ལ་ནི་ལོ་རྒྱུས་དོན་དངོས་དང་མཚུངས་ཡོད་པ་དང་། ལ་ལ་ནི་དེ་ཙམ་གྱི་ངེས་པ་མེད་པ་ཞིག་ཏུ་སྣང་ཡོད་མོད། འོན་ཀྱང་འདི་ལྟའི་ལོ་རྒྱུས་ཞིབ་འཇུག་གི་དོགས་གཞི་འདིས་ང་ཚོའི་དོགས་དཔྱོད་ཀྱི་བསམ་གཞིག་ནུས་པ་ཇེ་མཐོར་འགྲོ་བ་དང་། འབྲེལ་ཡོད་གནད་དོན་གྱི་ཞིབ་འཇུག་ཀྱང་དེ་བས་གཏིང་ཟབ་ཏུ་འགྲོ་རྒྱུར་ནུས་པ་ངེས་ཅན་ཞིག་ཐོན་སྲིད་དོ། །
མཆན་འགྲེལ།
① མཁས་པ་ལྡེའུ་ཡིས་མཛད་པའི་《ལྡེའུ་ཆོས་འབྱུང་རྒྱས་པ། 》བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་བསྐྲུན། ཤོག་གྲངས་226
② ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་སྒྲིག་པའི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། 》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་1989ལོར་བསྐྲུན། ཤོག་གྲངས་41
③⑧ སྤོ་བོ་རྫོང་ལོ་རྒྱུས་དཔྱད་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས་པའི་《སྤོ་བོའི་ལོ་རྒྱུས། 》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1988ལོར་བསྐྲུན། ཤོག་གྲངས་3 ཤོག་གྲངས་10 - 11
④⑥《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། 》མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་བསྒྲུན། ཤོག་གྲངས་36དང་ཤོག་གྲངས་37-38
⑤ དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན། 》མི་རིགས་དཔེ་སྐྲུན་ཁང་གིས་2006ལོར་བསྐྲུན་པའི་ཤོག་གྲངས88དང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང་། 》མི་རིགས་དཔེ་སྐྲུན་ཁང་གིས་2002ལོར་བསྐྲུན། ཤོག་གྲངས་56-57
⑦ གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། 》ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་1995ལོར་བསྐྲུན། ཤོག་གྲངས་189