《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་མོའི་ནང་ཐུན་མོང་དུ་གསར་རྩོམ་བྱས་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཆེས་རིང་མོ་ཞིག་ཡིན་པ་དང་། གཞུད་གང་དེར་སྒྲུང་སྣ་མང་ལ་དར་ཁྱབ་ཆེ་ཞིང་གསོན་པོར་གནས་པའི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན་པས། སྒྲུང་གི་ནང་དོན་མང་པོ་ཞིག་ད་ལྟའང་དམངས་ཁྲོད་སྒྲུང་པའི་དྲན་པའི་ཀློང་དུ་བཞུགས་ཡོད། འོན་ཀྱང་སྒྲུང་པ་འདས་གྲོང་སྲིད་པའི་འཇིག་རྟེན་ཆོས་ཉིད་ལས་གླིང་སྒྲུང་འཆད་གྱེར་གྱི་སྲོལ་རྒྱུན་དང་སྒྲུང་གཏམ་གྱི་རྩ་ཆེའི་སྒྱུ་རྩལ་དག་དུས་མཉམ་དུ་ཉམས་ཉེས་འགྲོ་བའི་སྐྱོ་གར་རང་བཞིན་གྱི་གནས་ཚུལ་ལྡོག་མེད་དུ་གནས་མུས་རེད།་ དེར་བརྟེན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་དམངས་ཁྲོད་སྒྲུང་པས་འཆད་གྱེར་གནང་བའི་སྒྲུང་གཏམ་མྱུར་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་འགོ་བརྩམས་ཡོད། མིག་སྔར་དམངས་ཁྲོད་སྒྲུང་པ20ལྷག་ཙམ་གྱིས་འཆད་གྱེར་གནང་བའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》མི་འདྲ་བ་130ལྷག་ཙམ་སྒྲ་འཇུག་བྱས་ཟིན་པ་དང་། དེའི་ཁྲོད་དུ་ད་བར་སྒྲ་འཇུག་བྱས་པའི་སྒྲུང་སྣ་མང་ཤོས་དང་དུས་ཚོད་རིང་ཤོས་ཀྱི་དམངས་ཁྲོད་སྒྲུང་པ་ནི་སྒྲུང་མཁན་བསམ་གྲུབ་ཞུ་བ་ཁོང་ཉིད་ལགས། སྤྱི་ལོ2000ལོར་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེ་སྒྲ་འཇུག་ལེགས་སྒྲིག་དང་རྩོམ་སྒྲིག་དཔར་སྐྲུན་གྱི་ལས་གྲྭ་འགོ་བརྩམས་པ་དང་། འཆར་གཞི་ལྟར་ན་སྒྲུང་སྣ45་དང་དེབ་གྲངས48་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུ་ཡིན་པ་ལས་ད་བར་དེབ་གྲངས་50དཔར་སྐྲུན་བྱས་ཟིན་པས་བྱུང་བརྗོད་སྙན་ངག་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཆེན་པོ་གཉིས་ཕུལ་ཡོད།
དང་པོ། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཉར་འཛིན་དང་དར་ཁྱབ་འགྲོ་ཚུལ།
《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དེ་ཉིད་ནི་ཡིག་ཐོག་དང་ངག་ཐོག་སྟེ་རྣམ་པ་གཉིས་ཀྱི་ཐོག་ནས་ཉར་འཛིན་བྱེད་པ་དང་དར་འཕེལ་འགྲོ་བཞིན་ཡོད།དེ་གཉིས་བསྡུར་ན་ངག་རྒྱུན་གྱི་བྱུང་བརྗོད་སྙན་ངག་དེ་དག་དར་དུས་སྔ་ལ་དར་ཁྱབ་ཆེ་བ་ཡོད་པ་མ་ཟད། ཡིག་ཐོག་འཁོད་པའི་བྱུང་བརྗོད་སྙན་ངག་ནི་ངག་རྒྱུན་བྱུང་བརྗོད་སྙན་ངག་གི་རྨང་གཞིའི་ཐོག་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། ད་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནའང་ཕལ་ཆེར་《གླིང་སྒྲུང་》གི་ནང་དོན་གྱི་བརྒྱ་ཆ80ཡས་མས་ཤིག་དམངས་ཁྲོད་སྒྲུང་པའི་དྲན་ཤེས་ནང་ཉར་འཛིན་བྱས་ནས་ཡོད། དཔེར་ན། དུས་རཱབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བོད་རང་སྐྱོང་ལྗོངས་ཁུལ་ནས་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》གི་དམངས་ཁྲོད་སྒྲུང་པ40ཙམ་བཙལ་བརྙེད་ཐུབ་པ་དང་། ཁོང་ཚོའི་ནང་ནས་ཕལ་ཆེ་བས་སྒྲུང་སྣ་མི་འདྲ་བ་བཅུ་ཡན་འཆད་གྱེར་ཐུབ་ཀྱི་ཡོད། དུས་རབས་གསར་པའི་ནང་སླར་ཡང་ལོ་ན་གཞོན་པའི་སྒྲུང་པ་མི་ཉུང་བ་ཞིག་ཐོན་བཞིན་ཡོད་ལ། ཁོང་ཚོ་ད་ལྟ་བྱང་ཐང་ནག་ཆུ་དང་ཤར་གྱི་ཆབ་མདོ་ཁུལ་དུ་གླིང་སྒྲུང་འཆད་གྱེར་གནང་མུས་ཡིན། ནག་ཆུ་ས་གནས་མང་ཚོགས་སྒྱུ་རྩལ་ཁང་ནས་ཐོ་བཀོད་བྱས་པར་གཞིགས་ན། ནག་ཆུ་ས་གནས་ཁོ་ནར་《གླིང་སྒྲུང་》གི་དམངས་ཁྲོད་སྒྲུང་པ65ཡོད་པ་དང་། ཁོང་ཚོ་མང་ཆེ་བས་སྒྲུང་སྣ་མི་འདྲ་བ་བཅུ་ཕྲག་འགའ་འཆད་གྱེར་ཐུབ་པར་བཤད། ནག་ཆུ་ས་གནས་རིག་གནས་ཚན་པས་ཆེད་ལས་མཁས་པ་སྒྲིག་འཛུགས་ཀྱིས་དཔྱད་ཞིབ་ཚད་སྡུར་བྱས་མཐར་འོས་ཚད་ལོན་པའི་ཕུལ་བྱུང་སྒྲུང་པ་12བདམས་ཐོན་བྱུང་ཡོད། དེ་དག་གིས་ཐོ་འགོད་སྙན་འབུལ་བྱས་པ་ལྟར་ན། སྒྲུང་པ་བདུན་གྱིས་སྒྲུང་སྣ་མི་འདྲ་བ་100ཡན་འཆད་གྱེར་ཐུབ་པ་དང་། སྒྲུང་པ་ལྔ་ཡིས་སྒྲུང་སྣ་མི་འདྲ་བ་50ཡན་འཆད་གྱེར་ཐུབ་ཀྱི་ཡོད། དེའི་ཁྲོད་རྒྱལ་ཁབ་རིམ་པའི་དངོས་རྫས་མིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་མཚོན་རྒྱུད་འཛིན་པ་ཚེ་རིང་དགྲ་འདུལ་གྱིས་སྒྲུང་སྣ་མི་འདྲ་བ250འཆད་གྱེར་ཐུབ་པ་དང་། རང་སྐྱོང་ལྗོངས་རིམ་པའི་དངོས་རྫས་མིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་མཚོན་རྒྱུད་འཛིན་པ་ད་ལོ་དགུང་ལོ42ལ་ཕེབས་པའི་དཔའ་དགའ་དང་དགུང་ལོ41ལ་ཕེབས་པའི་ངག་དབང་དཔལ་ལྡན། དགུང་ལོ་32ལ་ཕེབས་པའི་མར་དེའུ་བཅས་སོ་སོས་སྒྲུང་སྣ་མི་འདྲ་བ་170དང་180དང172བཅས་འཆད་གྱེར་ཐུབ་ཀྱི་ཡོད། ཁོང་ཚོས་ཐོ་འགོད་གནང་བའི་འཆད་གྱེར་ཐུབ་པའི་སྒྲུང་གི་དཀར་ཆག་ནང་དེ་སྔོན་མཐོང་ཐོས་མ་མྱོང་བའི་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་སྒྲུང་སྣ་76ཡོད། དེ་དག་དང་བསྡུར་ན། དུས་རབས་གོང་མའི་ནང་རྒྱལ་ཡོངས་ཁྱོན་དུ་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་《གླིང་སྒྲུང་》ལག་བྲིས་དང་དཔར་མ་བསྡོམས300ཙམ་ལས་བསྡུ་རུབ་ཐུབ་མེད་པ་དང་། བོད་ལྗོངས་ཁུལ་ནས་བསྡུ་རུབ་ཐུབ་པའི་《གླིང་སྒྲུང་》ལག་བྲིས་མ་དང་དཔར་མ་བསྡོམས་པོད74ལས་མེད། དེར་བརྟེན་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དེ་ཉིད་ད་དུང་ཡང་གཙོ་བོ་དམངས་ཁྲོད་སྒྲུང་པའི་དྲན་ཤེས་དབང་པོས་ཉར་འཛིན་བྱས་ཡོད་པ་དང་། ངག་ཐོག་སྙན་བརྒྱུད་ཚུལ་གྱེས་དར་ཁྱབ་འགྲོ་བཞིན་ཡོད་ལ། དར་ཁྱབ་འགྲོ་བའི་བརྒྱུད་རིམ་ནང་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ད་གཟོད་མཚན་སྙན་འཛམ་གླིང་ཡོངས་སུ་གྲགས་པའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》གི་འཕྲེང་བ་འདི་ཉིད་གྲུབ་པ་ཡིན།
གཉིས་པ། སྒྲུང་མཁན་བསམ་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས་དང་སྐུ་ཉིད་ཀྱིས་འཆད་གྱེར་གནང་ཐུབ་པའི་སྒྲུང་གི་དཀར་ཆག
གཅིག སྒྲུང་མཁན་བསམ་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
སྒྲུང་མཁན་བསམ་གྲུབ་མཆོག་གི་ངོ་སྤྲོད་སྐོར་གྱི་དཔར་གཞི་མི་འདྲ་བ་མང་པོ་ཞིག་ཡོད་ལ། བཤད་ཚུལ་ཡང་དེ་ཙམ་གཅིག་མཐུན་མེད། ཁོ་བོས་སྤྱི་ལོ་1997ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་《གླིང་སྒྲུང་》ཞིབ་འཇུག་ལྟེ་གནས་ཀྱི་གཙོ་འགན་འཁུར་བ་དང་།《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེ་སྒྲ་འཇུག་ལེགས་སྒྲིག་དང་རྩོམ་སྒྲིག་དཔར་སྐྲུན་བྱེད་འགོ་བརྩམས་རྗེས་དཔར་སྐྲུན་རྣམ་གྲངས་དེའི་སྐབས་དང་པོའི་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་འགོ་འཛིན་གཞོན་པ་དང་སྐབས་གཉིས་པའི་ཀྲུའུ་རིན་གཞོན་པ་དང་གཙོ་འགན་རྩོམ་སྒྲིག་པའི་འགན་ཁུར་བ་དང་ཆབས་ཅིག ། སྒྲུང་མཁན་གྱི་འཚོ་བའི་ཐད་ཀྱི་ལྟ་སྐྱོང་ལས་ཀ་ཆུང་རྩག་ཁག་ཀྱང་ཞོར་འགྲུབ་བྱས་པ་ཡིན། ལས་དོན་གང་དེའི་ཕྱིར་སྒྲུང་མཁན་གང་ཉིད་དང་ཡུན་རིང་མཉམ་གཤིབ་བྱེད་རྒྱུ་བྱུང་ལ། སྒྲུང་མཁན་སྐུ་ཉིད་ལ་འབྲེལ་ཡོད་གནད་དོན་མང་པོ་ཞིག་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ་པས། གང་དེའི་མི་ཚེའི་བརྒྱུད་རིམ་ལ་རྒྱུས་མངའ་ཞིབ་ཙམ་ཐུབ་བྱུང་། སྤྱི་ལོ2006ལོར་ལས་ཁུངས་ནས་རང་ཉིད་སྐབས་འཕྲལ་པེ་ཅིན་དུ་ལོ་ཕྱེད་རིང་ལས་ཀར་མངགས་བྱུང་། པེ་ཅིན་ཕྱོགས་ལ་ཐོན་ཁར་ ( ཟླ་བ4པའི་ཚེས24ཉིན་)ཁོ་བོས་སྒྲུང་མཁན་བསམ་གྲུབ་མཆོག་གི་མི་ཚེའི་བརྒྱུད་རིམ་སྐོར་གྱི་དོགས་འདྲི་མང་པོ་ཞིག་འཁྱེར་ནས་མལ་གྲོ་གོང་དཀར་རྫོང་དུ་སྒྲུང་མཁན་ཁོང་ལ་བཅར་འདྲི་ཞུ་བར་ཕྱིན་པ་ཡིན། ཁོང་གིས་སེམས་ནད་ལྗིད་པོའི་ངང་ནས་“ད་རེས་ཁྱེད་པེ་ཅིན་ལ་དུས་ཡུན་ལོ་ཕྱེད་ཙམ་ཕེབས་ན། ཚུར་ལོག་ཕེབས་སྐབས་ཕལ་ཆེར་ང་གཉིས་ཐུག་རྒྱུ་ཁག་པོ་རེད། དེ་རིང་ངས་ཁྱེད་ལ་ངའི་ལོ་རྒྱུས་ཞིབ་ཕྲ་ཞུ་ཡི་ཡིན་ཁྱེད་ཀྱིས་གསན་རོགས་གནང་། དེ་སྔོན་ངས་མི་གཞན་ལ་ངའི་ལོ་རྒྱུས་བཤད་མྱོང་ཡོད། ཡིན་ནའི་གནས་ཚུལ་འགའ་ཤས་བཤད་མྱོང་མེད། མིས་ཟེར་བར་དེབ་ནང་བྲིས་པའི་ངའི་ལོ་རྒྱུས་མང་པོ་ཞིག་ཏག་ཏག་བསྡད་ཀྱི་མིན་འདུག་ཟེར་གྱིས། དེ་རིང་ངས་ངའི་ལོ་རྒྱུས་དྲང་པོ་དྲང་བཞག་སྦས་སྐུང་སྤུ་ཙམ་མེད་པར་རྒན་ལགས་ཁྱེད་རང་ལ་བཤད་ཀྱི་ཡིན། ཕལ་ཆེར་ཁྱེད་རྣམ་པ་ཚོར་དགོས་ཀྱི་རེད།”ཅེས་གསུངས་ནས་དེ་མུར་དེ་སྔོན་གོ་ཐོས་མ་བྱུང་བའི་འཚོ་བའི་གབ་དོན་མང་པོ་ཞིག་གསུངས་བྱུང་། གཤམ་དུ་ སྐབས་དེའི་བཅར་འདྲི་ཞུས་པའི་ནང་དོན་གཞིར་བཟུང་གང་གི་ལོ་རྒྱུས་མདོར་བསྡུས་འགོད་རྒྱུ་ཡིན། ནང་དོན་མང་པོ་ཞིག་དེ་སྔོན་གཞན་གྱིས་ངོ་སྤྲོད་གནང་བ་དང་གཅིག་མཐུན་ཡོང་ཐབས་མེད་པས་བསམ་ཤེས་དང་འབྲེལ་དཔྱད་སྡུར་ཡོད་པ་ཞུ།
སྒྲུང་མཁན་བསམ་གྲུབ་ནི་སྤྱི་ལོ་1922ལོར་སྐུ་འཁྲུངས་པ་དང་སྤྱི་ལོ2011ལོར་སྐུ་བཤེགས། དགུང་ལོ90བཞུགས། ཁོང་ནི་བོད་ལྗོངས་སྟེང་ཆེན་རྫོང་ཁྱུང་པོ་ཁུལ་གྱི་འབྲོག་པ་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་པ་དང་། ཡབ་ཀྱི་མཚན་ལ་བུ་ཆེན་དང་ཡུམ་ལ་ཨ་སྲི་ལྷ་མོ་ཟེར། ཡབ་ཡུམ་གཉིས་ལ་སྔ་ཕྱིར་ཕྲུ་གུ་དྲུག་སྐྱེས་པ་ལས་ཁོང་ནི་ལྔ་པ་དེ་ཡིན། ཁོང་དགུང་ལོ་ཆུང་དུས་ནས་མེས་པོ་བློ་བཟང་དགེ་ལེགས་ཀྱི་བག་ཆགས་འོག་《གླིང་སྒྲུང་》ལ་ཧ་ཅང་དགའ་པོ་ཡོད། ཁོང་གིས་ངོ་སྤྲོད་གནང་བར་“ང་ལོ་བཅུ་གཅིག་གི་དུས་སུ་རོང་བུའི་ཉ་ལུག་རྟ་དབང་ཟེར་བའི་ཕྱུག་བདག་ཅིག་གི་ར་རྫིར་འགྲོ་དགོས་བྱུང་། ལོ་དེའི་དབྱར་ཁའི་ཉིན་ཞིག་ཆར་པ་སིམ་སིམ་བབ་པས་ཤུག་སྡོང་ཞིག་གི་འོག་ཏུ་ཆར་གཡོལ་བྱས་ནས་བསྡད་སྐབས། ཤུག་སྡོང་དེའི་རྩེ་ནས་ཁུ་བྱུག་ཅིག་གིས་སྐད་སྙན་རྒྱག་བཞིན་ཡོད་པ་དང་། དེ་འདྲའི་ངང་ལ་ང་གཉིད་ལ་ཤོར་བ་དང་རྨི་ལམ་ཡ་མཚན་ཅན་ཞིག་བཏང་བྱུང་། རྨི་ལམ་ནང་དུ་ཟ་རྒྱུ་མེད་དུས་རྒྱུ་བུ་ལོན་འདེད་པའི་བཟོ་ལྟ་འདྲ། ཡང་གོས་གཡོག་མི། འབྲུ་ཟ་རྒྱུ་ཡོད་ལེ། འབལ་འབོལ་ལྷུག་ལྷུག་ཅིག་ཡོད་པ་རྨིས་བྱུང་། གཉིད་ལས་བསད་དུས་མི་ཐར་ས་མེད་པའི་བྲག་རི་གཡང་གཟར་ཅན་ཞིག་གི་འདེབས་སུ་ཡོད་པའི་བྲག་ཕུག་ཅིག་ཏུ་སླེབས་འདུག དེ་ནས་ཕ་མས་ཐབས་ཀྱིས་ནང་དུ་བསུས་རྗེས་ནམ་རྒྱུན་དང་མི་འདྲ་བར་ངའི་སེམས་འཆལ་འཆོལ་དུ་གྱུར་བ་ཕ་མས་བོན་གྱི་བླ་མ་ལེགས་བསྟན་རིན་པོ་ཆེའི་སྐུ་གམ་དུ་འཁྲིད་ནས་འཁྲུས་གསོལ་གནང་བ་མ་ཟད། རྩ་སྒོའང་ཕྱེ་གནང་། བླ་མའི་གམ་དུ་ཟླ་བ་རེ་གཉིས་ཉར་ནས་ང་ལ་སྨན་བཅོས་གནང་། ཟླ་བ་གཅིག་ལྷག་ཙམ་ནས་དྲག་སྐྱེད་བྱུང་ལ། དེར་བསྡད་རིང་གེ་སར་གྱི་སྒྲུང་བཤད་འདོད་ཀྱི་སྣང་བ་ཤར་བ་བླ་མས་མཁྱེན་ཏེ་ང་ལ་སྒྲུང་ཤོད་དང་གསུངས་བྱུང་བས། དེ་མུར་《ལྷ་གླིང་གབ་རྩེ་དགུ་སྐོར་ 》བཤད་ཐུབ་བྱུང་། ལོ་བཅུ་གསུམ་ནས་ཕ་ཡུལ་གྱི་ཡུལ་མི་ཚོར་《གླིང་སྒྲུང་》བཤད་པ་ཡིན། ཁོང་ཚོ་ངའི་སྒྲུང་ཉན་རྒྱུར་དགའ་པོ་ཡོད།”ཅེས་གསུངས་བྱུང་། ཁོང་དགུང་ལོ་བཅོ་བརྒྱད་ཀྱི་སྐབས་རང་ཁྱིམ་ནས་ཐོན་ཏེ་བྱང་ལམ་བརྒྱུད་ནས་འཁྱམ་ཉུལ་གྱི་འཚོ་བའི་འགོ་བརྩམས།《གླིང་སྒྲུང་》དར་ཁྱབ་ཤིན་ཏུ་ཆེ་བའི་བྱང་ཐང་ནག་ཆུ་བརྒྱུད་ནས་ཆོས་མཇལ་བ་འགའ་དང་མཉམ་དུ་སྟོད་ཀྱི་གངས་རིན་པོ་ཆེའི་ཕྱོགས་སུ་《གླིང་སྒྲུང་》འཆད་ཀྱིན་ཆོས་མཇལ་ལ་ཕྱིན། ལམ་དེ་རང་བརྒྱུད་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཨ་མདོ་སྟོད་མ་ཁུལ་གྱི་འབྲོག་མོ་ཞིག་དང་བརྩེ་དུང་ལས་ཀྱི་མདུད་པ་ཐེབས། ལོ་ངོ་གསུམ་རིང་ཁུལ་དེར་དེའི་ཚང་གི་རྫི་བོ་བྱས་ཤིང་འབྲོག་མོ་དེ་དང་ཁྱོ་ཤུག་བསྒྲིགས་པས་རིགས་སྲས་ཤིག་ཀྱང་འཁྲུངས། དེ་ནས་ལས་ཀྱི་མདུད་པ་ཆད་པས་ཕ་ཡུལ་དུ་ལོག ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཞན་པས། དགུང་ལོ་ཉེར་གཉིས་སྐབས་ཕ་མ་བསྐྱུར་ནས་འཁྱམས་ཤིང་ཉུལ་བའི་སྒྲུང་པ་ཞིག་ཏུ་གྱུར་བ་དང་། དུས་དེ་ནས་བཟུང་《གླིང་སྒྲུང་》འཆད་གྱེར་མཛད་ནས་ལྟོ་ཚེ་ཕྱིད་ཐབས་བྱེད་དགོས་བྱུང་འདུག ཕྱོགས་བཞིར་བྱོལ་བའི་རིང་བོད་ལྗོངས་ཀྱི་ཡུལ་གྲུ་ཁག་དང་གནས་དང་གནས་རི་མང་པོར་ཕེབས། ཐོག་མར་ཕ་ཡུལ་སྟེང་ཆེན་ནས་ཐོན་ཏེ་ལྷོ་བརྒྱུད་ལམ་དུ་བསྐྱོད་འགོ་ཚུགས། ལྷོ་ཡི་མོན་ཡུལ་བརྒྱུད་ནས་ལྷོ་ཁའི་ཨེ་ལྷ་རྒྱ་རི་ལ་སླེབས། ལྷ་རྒྱ་རི་ཁྲི་ཆེན་དེ་ཉིད་བསམ་གྲུབ་ཀྱིས་འཆད་གྱེར་གནང་བའི་སྒྲུང་གཏམ་གསན་རྒྱུར་ཧ་ཅང་མཉེས་པས། ཁོང་གི་ཕོ་བྲང་ནང་དུས་ཡུན་ལོ་ངོ་ལྔ་ཙམ་ཉར་ནས་སྒྲུང་འཆད་གྱེར་བྱེད་དུ་བཅུག དེའི་དུས་བསམ་གྲུབ་ཁོང་ལངས་ཚོ་དར་ལ་བབ་པ་དང་། བྱད་གཟུགས་བཟང་ཤིང་དཔའ་ཉམས་ལྡན་པ། ཤེས་ཡོན་ལ་ཐོགས་པ་མེད་པ་ཞིག་ལགས་པས། ཁྲི་ཆེན་དང་དེའི་ནང་མི། དེ་བཞིན་དཔོན་གཡོག་རྣམས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ཕོ་བྲང་ནང་གི་གཡོག་མོ་ཚོའི་ཡིད་དབང་འཕྲོག་པར་བྱེད། འོན་ཀྱང་སྟབས་མ་ལེགས་པར་ཕོ་བྲང་ནང་གི་གཉེར་པའི་བཟའ་ཟླ་དང་འགབ་མཐུན་བྱུང་ཞིང་མཐར་ལྷ་སར་མཉམ་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། མི་རིང་བར་བུ་མོའི་བློ་ཁ་གཞན་ལ་ཤོར་ནས་ཡང་སྐྱར་སོ་སོར་ཁ་གྱེས། ཕོ་ལོ་ཉེར་བརྒྱད་ལ་སོན་སྐབས་མལ་གྲོའི་ཁུལ་དུ་སྒྲུང་བཤོད་བཞིན་འཁྱམས་ཉུལ་དུ་སོང་། དེ་དུས་ལྷ་ལུང་ཟུར་རྒྱ་རུ་ཆུ་འཁོར་གྱི་ཕྱེ་གཉེར་བ་བགྲེས་སོང་ཡོན་ཏན་ཅན་མཚན་ལ་ཆོས་མཛད་ལགས་ཟེར་བ་ཞིག་དང་ངོ་ཤེས་ནས་དེའི་གམ་དུ་ལོ་གཉིས་ཙམ་ཆུ་འཁོར་གྱི་ལས་ཀ་རྩག་རྩིག་བསྒྲུབས་ནས་བསྡད། དེའི་རིང་ཁོང་གཉིས་རྟག་ཏུ་ཕན་ཚུན་ཆོས་དང་《གླིང་སྒྲུང་》གི་ཤེས་བྱ་སྤེལ་རེས་དང་སློབ་སྦྱོང་བྱེད་རེས་མཛད་པས། བགྲེས་སོང་དེའི་དྲུང་ནས་བསམ་གྲུབ་ཀྱིས་ཆོས་ལུགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་ཙམ་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཡོད། སྟབས་མ་ལེགས་པ་ཞིག་ལ་ལོ་གཉིས་ནས་བགྲེས་སོང་དེ་སྐུ་གཤེགས་པས་བསམ་གྲུབ་ཀྱི་མི་ཚེའི་ནང་དགེ་རྒན་ཡག་ཤོས་དང་གྲོགས་པོ་བཟང་ཤོས་དེ་མེད་པར་གྱུར་བ་དང་། འཚོ་བའི་རྟེན་ས་མེད་པར་གྱུར་བས་སླར་ཡང་ལྷ་སའི་ཉེ་འདབས་སུ་སྒྲུང་གཏམ་འཆད་གྱེར་གནང་ནས་ལྟོ་ཚེ་ཕྱིད་ཐབས་བྱས། དགུང་ལོ་སོ་བཞི་ལ་ཕེབས་པའི་ལོ་དེར་ལྷ་ས་ཁུལ་དུ་མཚན་ལ་འཇམ་དབྱངས་སྒྲོལ་མ་ཟེར་བའི་བུད་མེད་ཅིག་དང་ངོ་ཤེས་ནས་ཁྱོ་ཤུག་བསྒྲིགས། མི་རིང་བར་བུ་མོ་ཞིག་འཁྲུངས། ཁྱིམ་ཚང་འཛིན་སྐྱོང་གི་ཆེད་དུ་ཁྱོ་ཤུག་གཉིས་ཀྱིས་བུ་མོ་ཆུང་ཆུང་དེ་འཁྲིད་ནས་གཙང་ཁུལ་སོགས་སུ་འཁྱམས་ཉུལ་གྱི་འཚོ་བ་སྐྱེལ་དགོས་བྱུང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་སྐབས་ཁོང་ཚོ་ཏག་ཏག་ལྷ་སའི་མལ་གྲོ་གོང་དཀར་ཁུལ་དུ་སླེབས་ཡོད་པས། སྲིད་གཞུང་ནས་རྨོད་གཡག་དོར་གཅིག་དང་ས་ཞིང་རྨུའུ་ཁ་ཤས་གནང་། དུས་དེ་ནས་བཟུང་གཞིས་ཆགས་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་། དེ་རྗེས་ཁོང་གི་བཟའ་ཟླར་བསྟུད་མར་བུ་བཞི་དང་བུ་མོ་གཉིས་སྐྱེས་པ་དང་། འཚོ་བའི་ལྟོ་གོས་ད་དུང་ཡང་འབལ་འབོལ་མེད་པས་སྣམ་བུ་དང་སྣུམ་གྱི་ཚོང་རྒྱག་པ་དང་རྟ་ཡི་གསོ་དཔྱད་ཀྱང་གནང་མྱོང་ལ་མཚན་མོ་ཡུལ་མི་ཚོར་སྒྲུང་གཏམ་ཡང་བཤོད་ཀྱི་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་རྡུང་རྡེག་གཏོང་ཡུལ་དུ་གྱུར་བས་སྒྲུང་འཆད་གྱེར་མི་ཕོད་པར་གྱུར། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་གསུམ་པ་འཚོགས་རྗེས་སྒྲུང་མཁན་བསམ་གྲུབ་ཉིད་ལྗོངས་ཕྱི་ནང་གི་སྒྲུང་པའི་ནང་ཆེད་ཕུལ་དུ་བྱུང་བའི་སྒྲུང་པ་ཞིག་ལ་བརྩིས་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གདན་ཞུ་བྱས་པ་མ་ཟད། ཁོང་གིས་འཆད་གྱེར་གནང་བའི་《གླིང་སྒྲུང་》སྒྲ་ཕབ་བྱེད་པའི་ལས་འགོའང་བརྩམས། མ་གཞི་འཚོ་བའི་ཐད་དཀའ་ངལ་ཆེནའང་ཁོང་གིས་《གླིང་སྒྲུང་》ལ་བཅངས་པའི་དགའ་ཞེན་ལ་ཉམས་པ་མེད་པར་སྒྲ་ཕབ་ཀྱི་ལས་ལ་སྔ་ཕྱི་བར་གསུམ་དུ་འབད་བརྩོན་གནང་བས། 《གླིང་སྒྲུང་》མྱུར་སྐྱོབ་དང་སྲུང་སྐྱོང་། རྒྱུན་འཛིན་བཅས་བྱ་རྒྱུའི་བྱ་བཞག་ལ་རླབས་ཆེའི་ལེགས་སྐྱེས་ཕུལ་ཡོད། དེར་བརྟེན་ཁོང་སྔ་ཕྱིར་མལ་གྲོ་གོང་དཀར་རྫོང་དང་ལྷ་ས་གྲོང་ཁྱེར་ཏེ་རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། སྤྱི་ལོ1991ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་རིག་གནས་པུའུ། ཀྲུང་གོ་རིག་རྩལ་ལྷན་ཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཅས་ཚན་པ་བཞིས་མཉམ་འབྲེལ་ཐོག་《གླིང་སྒྲུང་》འཆད་གྱེར་མཁས་ཅན་ཞེས་པའི་མཚན་སྙན་གནང་བ་དང་། དེ་རྗེས2009ལོར་རྒྱལ་ཁབ་རིམ་པའི་དངོས་རྫས་མིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་མཚོན་རྒྱུད་འཛིན་པར་བདམས་ཐོན་བྱུང་ཡོད།
སྒྲུང་མཁན་བསམ་གྲུབ་ཀྱིས་མི་ཚེ་ཕྱེད་ཙམ་རིང་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་ཁ་བའི་ལྗོངས་ཀྱི་བྱང་གི་འབྲོག་ཁུལ་དང་དབུས་ཀྱི་ཞིང་ཁུལ། རྡོ་བཞིན་མཐའ་མཚམས་ཀྱི་ལྷོ་ཡུལ་སོགས་ཡུལ་གྲུ་གང་སར་བསྐྱོད་ནས་ཕྱོགས་བཞིའི་རྩ་ཆེའི་གནས་དང་བླ་མ་གང་མང་མཇལ་བ་དང་། གཞི་རིམ་གྱི་བོད་འབྲོག་མང་ཚོགས་དང་མཐོ་རིམ་གྱི་སྐུ་དྲག་གམ་གྲགས་ཅན་མི་སྣ་མང་པོ་དང་འབྲེལ་གཏུགས་ཟབ་པ། ཕྱུགས་ཀྱི་རྫི་བོ་དང་། ས་ཞིང་གི་རྨོ་འདེབས། རྟ་ཡི་གསོ་དཔྱད། སྣུམ་དང་སྣམ་ཆས་སོགས་ཀྱི་ཉོ་ཚོང་སོགས་ལས་རིགས་སྣ་ཚོགས་གནང་མྱོང་ཡོད་པ་མ་ཟད། མི་ཚེ་ཧྲིལ་པོའི་ནང་ས་ཁུལ་མི་འདྲ་བ་གསུམ་གྱི་བུད་མེད་གསུམ་དང་མཛའ་གཅུགས་ཀྱི་འཚོ་བར་ཡང་རོལ་མྱོང་ཡོད། ཡུན་རིང་དཀའ་ཐུབ་སྤྱད་ནས་གང་སར་འཁྱམས་ཤིང་མྱུལ་ནས་《གླིང་སྒྲུང་》་འཆད་གྱེར་གནང་བའི་བརྒྱུད་རིམ་ནང་ཡུལ་གྲུ་མི་འདྲ་བའི་འཚོ་བའི་གོམས་གཤིས་ལ་རྒྱུས་མངའ་དང་དམངས་ཁྲོད་རྩོམ་རིག་གི་ལྡུམ་རའི་ནང་ནས་མེ་ཏོག་གི་སྙིང་བཅུད་ལ་རོལ་སྐལ་བྱུང་བ་དང་། འཚོ་བའི་ལམ་བུ་ཀྱག་ཀྱོག་མང་པོ་འགྲིམས་པའི་ཁྲོད་སྒྲུང་གཏམ་འཆད་གྱེར་བྱེད་སྐབས་ཀྱི་ཚིག་སྦྱོར་ཇེ་སྙན་ཇེ་འཇེབས་སུ་སོང་བ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་བ། སྒྲུང་གི་བམ་གྲངས་ཉིན་རེ་བཞིན་མང་དུ་ཕྱིན་པ་མ་ཟད། སྒྲུང་འཆད་གྱེར་བྱེད་པའི་བློ་རྩལ་ཡང་རིམ་བཞིན་བྱང་ཆུབ་པར་གྱུར་ཏེ་རིག་གཞུང་ཁྱབ་ཁོངས་ནང་དུ་ཁོང་ལ་སྨྲ་བའི་དབང་ཕྱུག་གམ་རྒྱལ་ཁབ་ཀྱི་ནོར་བུ་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད།
གཉིས། སྒྲུང་མཁན་བསམ་གྲུབ་ཀྱིས་འཆད་གྱེར་ཐུབ་པའི་སྒྲུང་གི་དཀར་ཆག
སྒྲུང་མཁན་བསམ་གྲུབ་ཀྱིས་སྔ་ཕྱིར་《གླིང་སྒྲུང་》ཞིབ་འཇུག་མཁན་མང་པོ་ཞིག་ལ་ཁོང་གིས་འཆད་གྱེར་ཐུབ་པའི་སྒྲུང་སྣ་དང་དཀར་ཆག་ངོ་སྤྲོད་གནང་མྱོང་ཡོད། ཁོ་བོས་ཀྱང་གནད་དོན་དེའི་ཐད་སྔ་ཕྱིར་བཅར་འདྲི་ཐེངས་གསུམ་ཞུ་མྱོང་ཡོད། འོན་ཀྱང་སྔ་ཕྱིར་ངོ་སྤྲོད་གནང་བའི་སྒྲུང་སྣ་གཅིག་མཚུངས་རང་མི་འདུག གལ་སྲིད་དམངས་ཁྲོད་སྒྲུང་པ་དང་འབྲེལ་ཚེ་ཙམ་ཡོད་པའམ་ཡང་ན་སྒྲུང་པར་རྒྱུས་མངའ་ཡོད་པ་ཞིག་ཡིན་ཚེ། གནས་ཚུལ་དེ་ལ་ཡ་མཚན་གང་ཡང་སྐྱེ་མི་སྲིད། སྤྱི་ལོ་2000ལོའི་ཟླ་བ་དང་པོར《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་སྒྲ་འཇུག་ལེགས་སྒྲིག་དང་རྩོམ་སྒྲིག་དཔར་སྐྲུན་གྱི་ལས་གྲྭ་འགོ་རྩོམ་པའི་ཆེད་དུ་ཁོ་བོས་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་ཁོང་མི་གཞན་རྣམས་དང་མཉམ་དུ་སྔར་ཡོད་རྒྱུས་མངའ་བྱུང་བ་དག་གི་རྨང་གཞིའི་ཐོག་སྒྲུང་མཁན་ལ་སླར་ཡང་བཅར་འདྲི་ཞུས་པ་དང་གང་དེས་འཆད་གྱེར་ཐུབ་པའི་སྒྲུང་སྣ་དང་དཀར་ཆག་རྣམས་ལན་མང་ཞིབ་བསྡུར་བྱས་མཐར་གཤམ་གྱི་སྒྲུང་སྣ་67འདི་རིམ་པ་བཞིན་བསྒྲིགས་ཡོད།
གསུམ་པ། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ལེགས་སྒྲིག་ལས་ཀའི་བརྒྱུད་རིམ།
སྤྱི་ལོ་1984ལོར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བསམ་གྲུབ་ཀྱི་འཆད་གྱེར་བྱས་པའི་སྒྲུང་སྒྲ་ཕབ་བྱེད་པའི་ལས་དོན་འགོ་བརྩམས་པ་རེད། དེ་ཡང་སྤྱི་ལོ་1984ལོའི་དབྱར་དུས་སུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་རྒྱལ་ཡོངས་ཀྱི་ལྗོངས་དང་ཞིང་ཆེན་བདུན་གྱི་སྒྲུང་པ་གདན་འདྲེན་ཞུས་ནས་ལྷ་སར་《གླིང་སྒྲུང་》འཆད་གྱེར་གྱི་ཚོགས་ཆེན་སྐོང་འཚོགས་བྱས་པ་དང་དེ་དུས་སྒྲུང་མཁན་བསམ་གྲུབ་ཀྱང་གདན་འདྲེན་ཞུས་ཡོད། སྐབས་དེ་དུས་རྒྱལ་ཡོངས་ཀྱི་ལྗོངས་དང་ཞིང་ཆེན་བདུན་ནས་དམངས་ཁྲོད་ཀྱི་ཕུལ་བྱུང་སྒྲུང་པ་34ལྷ་སར་མཉམ་འཛོམས་ཐོག་སྒྱུ་རྩལ་འགྲན་སྡུར་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད། སྒྲུང་མཁན་བསམ་གྲུབ་ཀྱི་སྐད་གསང་མཐོན་པོའི་འཆད་གྱེར་དང། ཁྱད་དུ་འཕགས་པའི་ཤེས་ཡོན། ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ཚོགས་ཞུགས་མཁས་དབང་རྣམས་དང་ཆེད་ལས་པའི་ཡིད་དབང་ཡོངས་སུ་འཕྲོག དུས་དེ་ནས་བཟུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྒྲུང་མཁན་བསམ་གྲུབ་དང་ཆོས་གྲགས། གཡུ་སྨན། ཨ་དར། ཚེ་དབང་འགྱུར་མེད་སོགས་ཀྱིས་འཆད་གྱེར་གནང་བའི་སྒྲུང་མྱུར་སྐྱོབ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་སྒྲ་ཕབ་དང་ཟིན་བྲིས་བྱེད་འགོ་བརྩམས། ཡུན་རིང་ལོ་ཟླའི་ནང་བསམ་གྲུབ་ཀྱིས་རང་གིས་འཆད་གྱེར་བྱས་པའི་སྒྲུང་ཞིག་ཡིག་ཐོག་ནས་དཔར་སྐྲུན་ཐུབ་རྒྱུར་རེ་བ་བཅངས་ཤིང་དཀའ་ངལ་མང་པོ་སྤྱད་ཡོད་ནའང་འགྲོ་གྲོན་སོགས་ཕྱི་རོལ་གྱི་བཀག་རྒྱ་དང་ལེགས་སྒྲིག་རྩོམ་སྒྲིག་ལས་ཀའི་དཀའ་གནད་ཀྱི་རྐྱེན་པས་སྒྲུང་དེབ་གཅིག་ཀྱང་དཔར་སྐྲུན་བྱེད་མ་ཐུབ། སྤྱི་ལོ1997ལོར་ཆུ་རྒྱུན་ཆད་ལ་ཉེ་བའི་བོད་ལྗོངས་ཀྱི་《གླིང་སྒྲུང་》མྱུར་སྐྱོབ་ཀྱི་ལས་དོན་དེ་སླར་གསོ་བྱུང་བ་དང་། སྐབས་དེ་ཤེད་ཀྱི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་སྐལ་བཟང་རྒྱལ་མཚན་མཆོག་ནས་《གླིང་སྒྲུང་》གི་ལས་དོན་འཐུས་ཚང་ཡོང་ཆེད་འབྲེལ་ཡོད་ཚན་པའི་འགོ་ཁྲིད་དང་ཆེད་ལས་པ་སྐོང་བསྡུ་བྱས་ནས་《གླིང་སྒྲུང་》མྱུར་སྐྱོབ་བྱེད་ཕྱོགས་སྐོར་གྱི་བསམ་འཆར་བསྡུ་ལེན་གྱི་ཞུགས་མོལ་ཚོགས་འདུ་ཐེངས་གཅིག་འཚོགས་ཤིང་། ཚོགས་ཞུགས་པ་རྣམས་ཀྱིས་འདས་ཟིན་པའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ཏེ།《གླིང་སྒྲུང་》མྱུར་སྐྱོབ་བྱ་གཞག་གི་ལས་ཀའི་གཙོ་གནད་ནི་སྒྲུང་པས་འཆད་གྱེར་བྱས་པའི་ངག་སྒྲུང་རྣམས་དཀར་འཇམ་ཤོག་བུའི་སྟེང་དུ་ནག་ཆུང་གཟུགས་རིས་སུ་བཀོད་ནས་ནམ་ནམ་ཞར་ཞར་མི་རབས་རྗེས་མ་རྣམས་ལ་འཇོག་རྒྱུ་དེ་ཡིན་པས། ངེས་པར་དུ་ངག་སྒྲུང་ལེགས་སྒྲིག་དཔར་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད་ཅེས་ངོས་འཛིན་གཅིག་གྱུར་བྱུང་། འོན་ཀྱང་སྐབས་དེ་དུས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ལ་འགྲོ་གྲོན་མེད་པས་སེམས་བཟང་པོས་བྱང་ཐང་ལ་རྟ་རྒྱུག་འདོད་ཀྱང་། རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས་ཞེས་པའི་གནའ་བོའི་བོད་ཀྱི་གཏམ་དཔེ་ལྟར་དུ་གྱུར། དུས་དེར་ལྕང་ཅན་ཚེ་དབང་འགྱུར་མེད་མཆོག་སྤྱི་ཚོགས་ཚན་རིག་ཁང་དུ་ལས་འགྱུར་གནང་ནས་ཕེབས་པ་དང་། འགྲོ་གྲོན་ཐད་ལྗོངས་ཕྱིའི་མ་དངུལ་གྱི་རོགས་རམ་ལ་བརྟེན་ནས་མཉམ་ལས་ཚུལ་གྱིས་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུའི་ཐོག་མའི་གྲོས་འགོ་བཏོན་པ་མ་ཟད་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུག་ཀྱང་གནང་། 2000ལོ་ཤར་མ་ཐག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཚན་པའི་ཞིབ་འཇུག་པ་ཆེན་མོ། 《གླིང་སྒྲུང་》རིག་པ་མཁས་ཅན་ཡང་ཨེན་ཧུང་མཆོག་དང་ཁོ་བོ་ཐོག་མར་འབྲེལ་གཏུག་བྱུང་ཞིང་། ཕྱོགས་གཉིས་ཀྱི་བསམ་ཚུལ་སྤེལ་རེས་བྱས། སྐབས་དེར་ང་ཚོ་ལ་ལེགས་སྒྲིག་དཔར་སྐྲུན་གྱི་འདེམས་སྒྲུག་རྣམ་གྲངས་གསུམ་ཡོད་དེ། སྒྲུང་པ་མི་འདྲ་བས་འཆད་གྱེར་གནང་བའི་ངག་སྒྲུང་ཁག་བཅུ་ཙམ་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུ་དང་གཅིག སྒྲུང་མཁན་བསམ་གྲུབ་ཀྱིས་འཆད་གྱེར་གནང་བའི་སྒྲུང་ཁག་བཅུ་ཙམ་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུ་དང་གཉིས། སྒྲུང་མཁན་བསམ་གྲུབ་ཀྱིས་འཆད་གྱེར་གནང་བའི་སྒྲུང་རྣམས་ཐོག་མའི་ལེགས་སྒྲིག་བྱས་ཐོག་དངོས་སུ་དཔར་སྐྲུན་མ་བྱས་པར་དཔྱད་གཞིའི་དཔེ་དེབ་བཟོ་རྒྱུ་དང་གསུམ་བཅས་ཡིན། སྤྱི་ལོ་2000ལོའི་ཟླ4པར་ཡང་ཨེན་ཧུང་མཆོག་སྐུ་དངོས་ལྷ་སར་ཕེབས་པ་དང་། 《གླིང་སྒྲུང་》ལེགས་སྒྲིག་དཔར་སྐྲུན་གྱི་རྣམ་གྲངས་དེའི་ཞིབ་ཕྲའི་མཉམ་ལས་བྱ་ཚུལ་སྐོར་སྐབས་དེའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་ཚེ་དབང་འགྱུར་མེད་མཆོག་གིས་གཙོས་མི་རིགས་ཞིབ་འཇུག་མཚན་པའི་དབུ་འཛིན་བགྲེས་གཞོན་པ་ཚབ་པ་སངས་དབང་འདུས་དང་ཁོ་བོ་བཅས་དང་གྲོས་མོལ་གང་རྒྱས་བྱས། ཐེངས་དེའི་གྲོས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཚན་པ་ནས་དཔར་སྐྲུན་བྱ་གཞག་ལ་མཁོ་བའི་འགྲོ་གྲོན་གཏོང་རྒྱུ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་མི་ནུས་སྒྲིག་འཛུགས་ཐོག་སྒྲ་འཇུག་ལེགས་སྒྲིག་གི་འགྲོ་གྲོན་དང་སྒྲུང་པའི་སྒྲ་འཇུག་གི་ཕོག་ཐོབ་དང་འཚོ་བའི་རོགས་དངུལ། སྨན་རིན་སོགས་འགན་འཁུར་བྱེད་རྒྱུ་གཏན་འཁེལ་གནང་། འབྲེལ་ཡོད་དབུ་ཁྲིད་ལས་གྲུབ་པའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དང་། ཆེད་ལས་མི་སྣ་ལས་གྲུབ་པའི་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་ཁོངས་མི་གཏན་འཁེལ་བྱས། དེ་མུར་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་ཁོངས་མི་རྣམས་ཀྱིས་གྲོས་བསྡུར་ཐེངས་མང་བྱས་རྗེས་ལོ་ལྔ་ནས་བརྒྱད་ཀྱི་བར་སྒྲུང་སྣ་མི་འདྲ་བ45ལས་གྲུབ་པའི་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུའི་གྲོས་འཆམ་བྱུང་བ་མ་ཟད། ཕྱོགས་གཉིས་མཉམ་ལས་བྱ་རྒྱུའི་གྲོས་དོན་ཆིངས་ཡིག་བཞག་པ་རེད། སྤྱི་ལོ2001ལོའི་ཟླ་7པའི་ཚེས6ཉིན་《ལྷ་གླིང་》ལ་སོགས་པའི་སྒྲུང་མཁན་བསམ་གྲུབ་ཀྱིས་འཆད་གྱེར་གནང་བ་བཞིན་ལེགས་སྒྲིག་བྱས་པའི་ཐོག་མའི་སྒྲུང་པོད6དངོས་སུ་དཔར་སྐྲུན་ཐུབ་པ་དང་ལྷ་སར་ཐོག་མའི་འགྲེམས་སྤེལ་མཛད་སྒོ་རྒྱས་པོ་ཞིག་སྤེལ། སྐབས་དེ་ཤེད་ཀྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུ་ཅི་ཀོའོ་ཅིན་ལུང་སྐུ་ངོ་མ་མཛད་སྒོར་ཕེབས་པ་མ་ཟད་སྒྲུང་མཁན་ཁོང་དང་ལེགས་སྒྲིག་ལས་བྱ་བར་བཀྲ་ཤིས་རྟེན་འབྲེལ་ཡང་ཞུས་ཡོད། མཛད་སྒོའི་ཐོག་བསམ་གྲུབ་ཀྱིས་“དེ་རིང་ང་དགའ་པོ་བྱུང་ལ། ང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། རྒྱུ་མཚན་ནི་ངས་མི་ཚེ《གླིང་སྒྲུང་》བཤད་པ་ཡིན། ཡིན་ནའི་ཤོག་བུའི་སྟེང་འཁོད་པ་སྦར་མཐིལ་ཙམ་ཡང་མེད། དེ་རིང་ངས་རང་གིས་བཤད་པའི་སྒྲུང་དེབ་མཐོང་བྱུང་”ཞེས་དགྱེས་ཚོར་ཆེན་པོས་གསུངས་པ་དང་། དེ་རྗེས་བསམ་གྲུབ་ཀྱིས་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུའི་ལས་དོན་དེར་ཡིད་ཆེས་ཆེན་པོ་ཐོབ་ཅིང་སྒྲ་འཇུག་གནང་རྒྱུར་སྔར་བས་རང་འགུལ་དང་ཧུར་བརྩོན་ཆེ་རུ་ཕྱིན། ལས་གྲྭ་དེ་འགོ་རྩོམ་པའི་དུས་བགྲེས་སོང་ཁོང་དགུང་ལོ་78ལ་སོན་པ་དང་། སྒྲུང་སྣ45ཡི་འཆར་གཞི་ལྟར་ན་ད་དུང་སྒྲུང་སྣ་18ཚང་མེད་པས། སྒྲ་འཇུག་གི་ལས་འགན་ཧ་ཅང་ལྗིད་པོ་ཡོད། ང་ཚོས་ལོ་ལྟར་འཆར་གཞི་ལྟར་སྒྲུང་རྣམས་རེ་རེ་བཞིན་སྒྲ་འཇུག་གནང་དུ་འཇུག་སྐབས་གང་ཉིད་སྐུ་གཟུགས་ནད་མང་གིས་མནར་ནའང་འགན་སེམས་ཆེན་པོས་བགྲང་བྱ་བདུན་ནང་སྒྲུང་སྣ་མི་འདྲ་བ་《ཧོར་གླིང་གཡུལ་འགྱེད་》དང་《འཇང་གླིང་གཡུལ་འགྱེད་》སོགས་བསྡོམས་སྒྲ་ཐག་སྤྱིན་ཤོག་འཁོར་གྲངས་859ལས་གྲུབ་པའི་སྒྲུང་སྣ་18སྒྲ་ཕབ་གནང་ཡོད། དེ་དང་དུས་མཚུངས་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་ཁོངས་མི་ཚོས་དུས་ཡུན་ལོ་དྲུག་ཙམ་དཀའ་སྤྱད་འབད་པ་ལྷོད་མེད་ཀྱིས་ལོ་ལྟར་སྒྲུང་སྣ་ལྔ་རེ་ལེགས་སྒྲིག་བྱས་སྟབས་སྒྲུང་པོད་28ཙམ་བདེ་བླག་ངང་དཔར་དུ་བསྐྲུན་ཐུབ། སྤྱི་ལོ2006ལོར་ཕྱོགས་གཉིས་པོའི་མི་དོན་ལ་འགྱུར་བ་ཆེན་པོ་བྱུང་ཞིང་ལྕང་ལོ་ཅན་ཚེ་དབང་འགྱུར་མེད་མཆོག་དང་ཡང་ཨེན་ཧུང་རྣམ་གཉིས་ཀྱིས་གཙོས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཕལ་ཆེར་ལས་འཁྱུར་གནང་བས་ལས་དོན་དེ་ལ་རྒྱབ་སྐྱོར་གནང་མཁན་མེད་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནང་ཕྱིས་འབྱུང་ལས་དོན་དེ་གང་དགའ་གང་འགབ་ཀྱི་བཀའ་སྐོར་ཞུ་རྒྱུར་ཇི་ལྟར་ཁ་དང་ཞལ་གྱི་དཔེ་ལྟ་བུའི་དཀའ་ངལ་མང་པོ་འཕྲད་པ་མ་ཟད། ཁྱད་པར་དཔར་སྐྲུན་གྱི་འགྲོ་གྲོན་ཡོང་ཁུངས་གར་སོང་ཆ་མེད་དུ་གྱུར་བས་འབྲས་བུ་སྨིན་བཞིན་པའི་ལོ་ཏོག་སད་ཀྱིས་འཇིག་ལ་ཉེ་བའི་གནས་གྱར། དེ་ལྟར་ལགས་ཀྱང་ངོས་ནས་ལེགས་སྒྲིག་དཔར་སྐྲུན་ལས་ཀའི་འགན་ཡོངས་སུ་འཁུར་ཐོག་རྩོམ་སྒྲིག་ལག་བསྟར་ཚོ་ཆུང་གི་ཁོངས་མི་རྣམས་དང་གཞན་ལྗོངས་ནང་ཁུལ་གྱི་མཁས་དབང་འགའ་དང་དཔུང་པ་མཉམ་གཤིབ་ཀྱིས་ཐབས་བརྒྱ་ཇུས་སྟོང་སྤྱད་ནས་ལོ་ལྟར་སྒྲུང་པོད་གཉིས་རེ་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུར་བརྩོན་ལེན་བྱས། སྤྱི་ལོ2011ལོའི་ལོ་འགོར་སྒྲུང་མཁན་གང་ཉིད་ལྔ་ལམ་དུ་ཕེབས། དེ་དུས་ད་དུང་ཡང་སྒྲུང་སྣ་མི་འདྲ་བ་12ཙམ་ལེགས་སྒྲིག་དཔར་སྐྲུན་བྱ་རྒྱུར་ལུས་ཡོད། སྐབས་དེར་སྤྱི་ཚོགས་ཚན་རིག་ཁང་ཏང་སྲིད་དབུ་ཁྲིད་ལྷན་འཛོམས་ཐོག་ངོས་ནས་ཕུལ་བའི་གང་དེའི་རྗེས་འཇུག་སྐོར་དང་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》མྱུར་སྐྱོབ་ལས་གྲྭའི་ནང་ལྷག་པའི་གནད་དོན་དང་དཀའ་ངལ་གང་མཆིས་སྐོར་གྱི་སྙན་ཞུ་གསན་ཞིང་དེར་གྲོས་སྡུར་གནང་ཐོག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བཅོས་སྒྲིག་དང་འཐུས་ཚང་དུ་བཏང་བ་མ་ཟད། རྣམ་གྲངས་དེ་ཉིད་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གལ་ཆེའི་ཚན་ཞིབ་རྣམ་གྲངས་ཤིག་ཏུ་བརྩིས་ནས་འགྲོ་གྲོན་རེ་ཞུ་དམིགས་སུ་འབུལ་རྒྱུའི་གྲོས་ཐག་བཅད། གསར་དུ་བདམས་ཐོན་བྱུང་བའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ནས་ཡོང་བས་ཡོང་བ་དང་ཟོར་བས་བཙས་མའི་དཔེ་ལྟར་དཀའ་ངལ་ཁྱད་བསད་ཀྱིས་རང་ནུས་གང་ཡོད་འདོན་སྤེལ་ཐོག་དོན་གྱི་སྙིང་པོས་ཕྱུག་པའི་རླབས་ཆེན་ལས་གྲྭ་དེ་རྒྱལ་ཁའི་ངང་ལེགས་གྲུབ་བྱ་རྒྱུར་ཆོད་སེམས་དང་སྙིང་སྟོབས་ཡོད་ལ་འབད་བརྩོན་གྱི་ཆུ་རྒྱུན་འདྲེན་མུས་ལགས།
《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དཔེ་སྒྲིག་དཔར་སྐྲུན་བྱེད་པའི་བརྒྱུད་རིམ་ནང་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་མཁན་གྱི་ལེགས་སྒྲིག་པ་དང་རྩོམ་ཞུས་པ་རྣམས་ལ་ངོས་ནས་བཀུར་བསྟི་ཡི་རང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྒྲུང་པས་ངག་ཐོག་ནས་འཆད་གྱེར་གནང་བའི་སྒྲུང་དག་ཚད་དང་ལྡན་པའི་སྒྲུང་དེབ་ཏུ་འགྱུར་དགོས་ན། ངེས་པར་དུ་གཞུང་དེར་རྒྱུས་མངའ་ཆེ་བའི་མཁས་དབང་རྣམས་ཀྱི་དཀའ་ཐུབ་ཀྱི་ལེགས་སྒྲིག་དང་རྩོམ་སྒྲིག ཞུས་དག་བཅས་ཀྱི་ལས་རིམ་བརྒྱུད་དགོས། ལྷག་པར་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ལྟ་བུའི་སྒྲུང་སྣ45ལས་གྲུབ་པའི་ངག་སྒྲུང་རྣམས་ཀྱི་ལེགས་སྒྲིག་དང་རྩོམ་སྒྲིག ཞུས་དག་བཅས་ཀྱི་ལས་འགན་ནི་དེ་བས་དཀའ་གནད་དུ་མ་ཅན་གྱི་ལས་འགན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་དང་། དེའི་ཁར་ལས་གྲྭ་འགོ་བརྩམས་པའི་རྗེས་སུ་ལས་ཁུངས་ཀྱི་འགོ་ཁྲིད་ལ་འགྱུར་བ་ཆེ་བས་ལས་གྲྭ་དེར་འཛིན་པའི་མཐོང་ཆེ་ཆུང་དང་བཏང་བའི་འགྲོ་གྲོན་མང་ཉུང་ཐད་དྲོ་གྲང་དཔྱིད་ཀྱི་ཉི་མ་དང་སྐྱིད་སྡུག་ཁོལ་མོའི་དབུགས་གྲངས་ལྟ་བུའི་འགྱུར་བ་བྱུང་བས་དཀའ་ཚེགས་གཅིག་ཐོག་ཉིས་བརྩེགས་ཐུག དེ་འདྲའི་ཁོར་ཡུག་ཁྲོད་དུ་ལེགས་སྒྲིག་པ་དང་རྩོམ་ཞུས་པ་བཅུ་གྲངས་ཀྱིས་རིག་གནས་ཀྱི་རང་རྟོགས་རང་བཞིན་དང་རང་ཡིད་རང་ཆེས་ཆེན་པོས་དཀའ་ཐུབ་དུ་མ་སྤྱད་དེ་ལས་ཀའི་རྒྱུན་བསྐྱངས་པར་ཚང་མའི་གུས་བཀུར་ཐོབ་ངེས་ལགས། །
བཞི་པ། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པས་བྱུང་བརྗོད་སྙན་ངག་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་གཉིས།
གཅིག 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེས་ད་བར་རྒྱལ་ཕྱི་རྒྱལ་ནང་ཁྱོན་དུ་སྒྲུང་པ་གཅིག་གིས་འཆད་གྱེར་བྱས་པའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཅུང་ཁོ་ལག་རྫོགས་པ་ཞིག་གང་ནའང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁ་སྐོང་ཐུབ་ཡོད། ཚང་མས་མཁྱེན་གསལ་ལྟར་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དཔར་མ་མི་ཉུང་བ་དང་བྲིས་མ་མང་པོ་ཞིག་མཇལ་རྒྱུ་ཡོད། འོན་ཀྱང་ཕྱི་ནང་རྒྱུ་རྐྱེན་དུ་མའི་དབང་གིས་སྒྲུང་པ་གཅིག་གིས་འཆད་གྱེར་གནང་བ་གཞིར་བཟུང་ནས་ལེགས་སྒྲིག་བྱས་པའི་འགོ་མཇུག་བར་གསུམ་གྱི་ནང་དོན་གཙོ་བོ་རྣམས་ཡོངས་སུ་ཚང་བའི《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞིག་མཇལ་རྒྱུ་མེད། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེ་ཉིད་སྒྲུང་གི་བྱུང་རིམ་གཞིར་བཟུང་རིམ་པ་བསྟར་ཆགས་ཀྱིས་བསྒྲིགས་པ་དང་། དེ་ནི་ཐོག་མའི་ལེ་ཚན་དང་བར་གྱི་དམག་འཐབ། མཇུག་གི་ལེ་ཚན་བཅས་ལས་གྲུབ་ཡོད། དེ་ཡང་ཐོག་མའི་ལེ་ཚན་ནང་དུ་《ལྷ་གླིང་》དང《ཆགས་གླིང་》《འགོག་གླིང་》《འཁྲུངས་གླིང་》《འདན་མ་ནས་རྫོང་》《རྟ་རྒྱུག་》སོགས་གེ་སར་རྒྱལ་པོ་གླིང་གི་ཁྲི་ལ་མ་འཁོད་གོང་གི་སྒྲུང་ཚན་བདུན་ལས་གྲུབ་པ་དང་། དཔེ་ཚོགས་ཀྱི་གཙོ་དོན་ནི་《བྱང་བདུད་ཀླུ་བཙན་》དང་《ཧོར་གླིང་གཡུལ་འགྱེད་》《འཇང་གླིང་གཡུལ་འགྱེད་》《མོན་གླིང་གཡུལ་འགྱེད་》སོགས་གེ་སར་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་གླིང་གི་ཁྲི་ལ་འཁོད་རྗེས་ལྷོ་འདུལ་བྱང་འཐབ་བྱས་པའི་དཔའ་བོའི་མཛད་རྗེས་བརྗོད་པའི་སྒྲུང་ཚན་སུམ་ཅུ་ལྷག་ལས་གྲུབ་པ་མ་ཟད། དེའི་ཁྲོད་ད་དུང་སྒྲུང་མཁན་གང་དེས་མ་གཏོགས་གཞན་གྱིས་འཆད་གྱེར་མི་ཐུབ་པའི་《ཀོང་བདུད་ཨ་ཆུང་མུ་ཏྲ་》དང་《ལྷ་ཐན་སྲི་རྒྱལ་པོའི་བ་གཡང་》སོགས་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་སྒྲུང་ཚན་ཡང་ཡོད་པ། མཐའ་མར་《དམྱལ་གླིང་ཐར་པ་ཆེན་པོ་》དང་《ཁམས་གསུམ་བདེ་བཀོད་》གཉིས་ཀྱིས་སྒྲུང་མཇུག་ལེགས་པར་བསྡུས་ཡོད། དཔེ་ཚོགས་དེས་བོད་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྙན་ངག་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པ་དེའི་སྤྱི་ཁོག་རགས་དབྱིབས་ཤིག་བསྟནཡོད་པས་གླིང་སྒྲུང་ཧྲིལ་པོའི་ནང་དོན་གཙོ་བོ་རྣམས་སྤྱིའི་ཆ་ནས་ཚུད་ཡོད་པས། དེ་ནི་མིག་སྔར་འཛམ་གླིང་ཐོག་སྒྲུང་པ་གཅིག་གིས་འཆད་གྱེར་བྱས་པའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》གི་བརྒྱུད་རིམ་མ་ལག་ཆ་ཚང་ཤོས་དེ་ཡིན་ཞེས་བརྗོད་ཆོག །
གཉིས། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེས་འཛམ་གླིང་ཐོག་སྒྲུང་པ་སྒེར་གྱིས་འཆད་གྱེར་བྱས་པའི་བྱུང་བརྗོད་སྙན་ངག་རིང་ཤོས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་དུ་གཏོད་ཡོད། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ནི་མིག་སྔར་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་བྱུང་བརྗོད་སྙན་ངག་ཡིན་པ་བསྙོན་མེད་ཡིན། དེ་འདྲའི་གཅིག་གྱུར་གྱི་ལྟ་ཚུལ་དེ་ཆགས་པར་ཡང་མི་སྣ་མང་པོའི་དཀའ་སྤྱད་དང་དུས་རིམ་ངེས་ཅན་ཞིག་བརྒྱུད་ཡོད་ལ། དུས་རབས་སོ་སོའི་ནང་མི་ཚོས་《གླིང་སྒྲུང་》གི་བམ་གྲངས་ལ་ཚོད་དཔག་དང་ཞིབ་འཇུག་བྱས་པའི་འབྲས་བུ་དང་འབྲེལ་བ་ཆེན་པོ་ཡོད། དེ་ཡང་དེ་སྔོན་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དར་ཁྱབ་ཆེ་བའི་བོད་ཀྱི་ས་ཁུལ་ཁག་ཏུ་དེའི་བམ་གྲངས་ཧ་ཅང་མང་པོ་ཡིན་པའི་བཤད་ཚུལ་སྣ་ཚོགས་ཡོད། གཅིག་ནི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ལ་སྒྲུང་རབས་ཆེན་མོ་ཞེས་བརྗོད་པ་དང་། གཉིས་ནི་གླིང་མི་རེའི་ཁ་ན་སྒྲུང་རེ་ཡོད་ཅེས་པ། གསུམ་ནི་དེ་ལ་སྒྲུང་སྣ་རྟ་མོག་གི་སྤུ་འདྲ་ཡོད་ཟེར་བ། བཞི་ནི་དེ་ལ་རྫོང་ཆེན་བཅོ་བརྒྱད་དང་རྗོང་ཆུང་རྩི་རྩི་གྲངས་མེད་ཡོད་ཟེར་བ། དེ་དང་དེ་ལྟ་བུའི་བཤད་ཚུལ་དེ་ལས་དེ་ལ་བམ་གྲངས་ཧ་ཅང་མང་པོ་ཡོད་པ་དེ་བསྟན་གྱི་ཡོད། འོན་ཀྱང་ཡང་སྙིང་དེ་ལ་ཞིབ་ཕྲའི་སྒྲུང་སྣ་ག་ཚད་ཡོད་མེད་ཐད་གསལ་ཆ་ཆེ་བའི་ངེས་པ་བྱུང་མེད། དུས་རབས་གོང་མའི་ནང་དུ་ཧྥ་རན་སིའི་ཆེད་ལས་པ་Aཏའེ་ཝེ་ཉི་དང་ཧྲེ་ཐད་ཨན། རྒྱའི་ཞིབ་འཇུག་པ་རན་ནའེ་ཆང་དང་ལྦང་ཡེ་ནོན། ཞུད་ཀོའོ་ཆུང་། རང་རིགས་ཀྱི་ཆེད་ལས་པ་འཇམ་དཔལ་རྒྱ་མཚོ་དང་བརྩོན་འགྲུས་རྣམ་རྒྱལ། རིག་འཛིན། བརྩོན་འགྲུས་རྒྱ་མཚོ། གཅོད་པ་དོན་གྲུབ་སོགས་ཀྱིས་སྔ་ཕྱིར་《གླིང་སྒྲུང་》གི་བམ་གྲངས་དང་ཚིག་གི་གྲངས་ཚད་སྐོར་ལ་ཞིབ་འཇུག་རྒྱ་ཆེ་གཏིང་ཟབ་གནང་ཡོད། འོན་ཀྱང་དུས་རབས་མི་འདྲ་བའི་ནང་དུ་《གླིང་སྒྲུང་》འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་ཀའི་ཟབ་ཚད་མི་འདྲ་བས་གོང་གི་ཆེད་ལས་པ་ཚོའི་གསུང་ཚུལ་ཡང་འདྲ་མིན་སྣ་ཚོགས་བྱུང་ཡོད། ཡིན་ནའི་ཁོང་ཚོའི་གཅིག་གྱུར་གྱི་ལྟ་ཚུལ་ནི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དེ་ཉིད་འཛམ་གླིང་ཐོག་གི་བྱུང་བརྗོད་སྙན་ངག་རིང་ཤོས་དེ་རེད་ཅེས་པ་དེ་རེད། འདིར་བརྗོད་པའི་བྱུང་བརྗོད་སྙན་ངག་རིང་ཤོས་ཟེར་བ་ནི་དཔར་མ་དང་བྲིས་མ་མི་འདྲ་བ་དང་། སྒྲུང་པ་མི་འདྲ་བས་འཆད་གྱེར་བྱས་པའི་སྒྲུང་ཡོངས་ཀྱི་བསྡོམས་འབོར་ལ་ཟེར་བ་ཡིན། སྒྲུང་མཁན་བསམ་གྲུབ་མི་སྒེར་གྱིས་འཆད་གྱེར་གནང་བ་བཞིན་ལེགས་སྒྲིག་བྱས་པའི་དཔེ་ཚོགས་དེར་སྒྲུང་སྣ45དང་སྒྲུང་དེབ48ཡོད་ལ། སྒྲ་ཕབ་སྤྱིན་ཤོག་འཁོར་ཐག2114ཡོད་པ་དང་། སྒྲུང་སྣ་རེ་རེ་འཆད་གྱེར་བྱས་པའི་ཆ་སྙོམས་དུས་ཚོད་ནི་ཆུ་ཚོད47ཙམ་ཟིན་གྱི་ཡོད། ད་བར་ལེགས་སྒྲིག་བྱས་ཟིན་པའི་སྒྲུང་དེབ43ནང་གི་མི་སྣ་ཕན་ཚུན་གླུ་ལེན་རེས་བྱས་པའི་ཚིགས་བཅད་ཁོ་ནར་ཡང་ཁྱོན་བསྡོམས་ཚིག་རྐང481548ཡོད། ད་དུང་སྒྲུང་གི་བྱུང་རིམ་དང་མི་སྣ་ངོ་སྤྲོད། དམག་འཁྲུག་གི་བྱུང་འཕེལ་སོགས་ཀྱི་སྐོར་དང་ལེགས་སྒྲིག་བྱ་རྒྱུར་ལུས་པའི་སྒྲུང་དེབ་ལྔའི་ཚིག་རྐང་རྣམས་བརྩིས་པ་ན་དཔེ་ཚོགས་དེའི་རིང་ཚད་ནི་དེ་སྔོན་འཛམ་བུའི་གླིང་གི་བྱུང་བརྗོད་སྙན་ངག་ཆེན་པོ་ལྔ་ཞེས་གྲགས་པའི་རྒྱ་གར་གྱི་བྱུང་བརྗོད་སྙན་ངག་《མ་ཧ་བྷ་ར་ཏ་》དང་《ར་མ་ཎའི་རྟོགས་བརྗོད་》 ཤི་ལའི་ཧའོ་མ་ཡི་བྱུང་བརྗོད་སྙན་ངག་《དབྱི་ལི་ཡ་ཐ་》དང་《ཨའོ་ཏའེ་ཤིའུ་ཅི་》 དེ་བཞིན་པ་པེ་ལུན་གྱི་བྱུང་བརྗོད་སྙན་ངག་《ཅི་ཨར་ཅ་མེ་ཧྲེ་》བཅས་ཀྱི་ཚིག་རྐང་རྣམས་བསྡོམས་པའི་གྲངས278800ལས་ད་དུང་ལྡབ་གཉིས་ཀྱིས་མང་བ་ཡོད། ཞིབ་ཕྲའི་སྒྲུང་གི་དཀར་ཆག་དང་སྒྲུང་སྣ་རེ་རེའི་ཚིག་རྐང་ཞིབ་རྩིས་བརྒྱབ་པའི་གྲངས་འབོར་གཤམ་གསལ་ལྟར་རོ། །




མདོར་ན། ཡི་གེ་ཀ་ངོ་མི་ཤེས་པའི་བགྲེས་སོང་ཞིག་གིས་ངག་ཐོག་ནས་འཆད་གྱེར་བྱས་པ་གཞིར་བཟུང་ལེགས་སྒྲིག་བྱས་པའི་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་དེས་ད་བར་རྒྱལ་ཕྱི་རྒྱལ་ནང་ཁྱོན་དུ་སྒྲུང་པ་གཅིག་གིས་འཆད་གྱེར་བྱས་པའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཅུང་ཁོ་ལག་རྫོགས་པ་ཞིག་གང་ནའང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁ་སྐོང་བྱས་པ་དང་། འཛམ་གླིང་ཐོག་སྒྲུང་པ་སྒེར་གྱིས་འཆད་གྱེར་བྱས་པའི་བྱུང་བརྗོད་སྙན་ངག་རིང་ཤོས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གཏོད་ཡོད། ཁོ་བོས་སྙིང་ཁོངས་རུས་པའི་གཏིང་ནས་སྒྲུང་མཁན་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ངོས་ནས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་ལས་གྲྭ་རླབས་པོ་ཆེ་དེར་ཞུགས་རྒྱུ་བྱུང་བར་སྤྲོ་བ་དང་སྤོབས་པ་མཉམ་སྐྱེས་བྱུང་ཞེས་ཞུ་རྒྱུ་དང་བཅས་རེ་ཞིག་སོར་མོའི་བགྲོད་མཚམས་འཇོག་པར་བྱའོ། ། ། །
དཔྱད་གཞའ་ཡིག་ཆ།
1.བོད་ལྗོངས་བོད་ཡིག་དཔེ་རྙེང་དཔེ་སྐྲུན་ཁང་ནས་སྤྱི་ལོ2001ལོ་ནས2013ལོའི་བར་དཔར་དུ་བསྐྲུན་པའི་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》ཞེས་པའི་དཔེ་ཚོགས་ལས་《ལྷ་གླིང་》སོགས་སྒྲུང་དེབ43
2.སྤྱི་ལོ2006ལོའི་ཟླ་བ4པའི་ཚེས24ཉིན་སྒྲུང་མཁན་བསམ་གྲུབ་པ་འཅར་འདྲི་ཞུས་པའི་སྒྲ་ཕབ་སྤྱིན་ཤོག
3.སྒྲུང་མཁན་བསམ་གྲུབ་ནས་སྤྱི་ལོ་1984ལོ་ནས2006ལོའི་བར་སྒྲ་འཇུག་བྱས་པའི་སྒྲུང་སྣ་45ཡི་སྦྱིན་ཤོག