ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ལེགས་སྒྲིག་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-10-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཡོན་ཏན།
           དམངས་ཁྲོད་རྩོམ་རིག་ནི་རྩོམ་རིག་སྒྱུ་རྩལ་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན་ལ། དེ་ནི་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། ད་དུང་དེང་སྐབས་སྲུང་སྐྱོབ་བྱེད་མུས་ཀྱི་གཟུགས་འདས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན། དེས་མི་རིགས་སོ་སོའི་ཕྱི་རབས་རྩོམ་པ་པོའི་རྩོམ་རིག་གི་འཕེལ་རྒྱས་ཐད་ཤན་ཤུགས་ཟབ་པོ་བཞག་འདུག་སྟེ། དཔེར་ན་དོན་བརྗོད་ཀྱི་བྱེད་ཐབས་དང་ཕྱི་རོལ་གྱི་འཇིག་རྟེན་མཚོན་སྟངས། བདེན་རྫུན་གྱི་ལངས་ཕྱོགས་སོགས་མང་པོ་དམངས་ཁྲོད་རྩོམ་རིག་ལས་རྒྱུན་འཛིན་བྱས་ཡོད། རང་རེ་བོད་མི་རིགས་ལ་མཚོན་ན་དམངས་ཁྲོད་ཀྱི་རྩོམ་རིག་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། སྒྲུང་། གླུ། གཞས། ཤགས། གར་ལ་སོགས་པ་ཕུན་སུམ་ཚོགས་པ་ཡོད། གླིང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུ་ནི་འཛམ་གླིང་ཡོངས་སུ་སྙན་གྲགས་ཆེ་བས་བོད་པའི་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་འདུག་པ་ཚང་མས་ཤེས་གསལ་རེད། དེས་ན་དམངས་ཁྲོད་རྩོམ་རིག་ལ་སྤྲོ་བའི་མི་མང་པོ་ཞིག་གིས་བརྩམས་ཆོས་འཚོལ་སྡུད་དང་ཉར་ཚགས། པར་སྐྲུན་བཅས་ཀྱི་ཐད་ཧུར་འབད་བྱས་དང་བྱེད་མུས་ཡོད་ལ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་འདུག འོན་ཀྱང་རིག་གཞུང་ཐད་ནས་བལྟས་ཚེ། དམངས་ཁྲོད་རྩོམ་རིག་གི་སྡུད་ཉར་ཐད་སྐྱོན་དང་མི་འདང་ས་རེ་འགའ་ཡོད་དེ། གཙོ་བོ་འཚོལ་སྡུད་ཉར་ལེན་བྱ་མཁན་དེ་དག་ལ་ཆེད་ལས་ཀྱི་སྦྱོང་རྡར་མ་ཐོབ་པས་རེད་སྙམ། ཕྲན་གྱིས་གཤམ་དུ་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ཉར་ཚགས་བྱེད་པའི་རྩ་བའི་བྱེད་ཐབས་སྐོར་ཅུང་ཙམ་གླེང་བར་བྱའོ༎
           གཅིག དངོས་སྐྱོད་བརྟག་དཔྱད་བྱས་ནས་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པའི་དགོས་པ་དང་དོན་སྙིང་།
           དམངས་ཁྲོད་རྩོམ་རིག་ནི་གཙོ་བོ་ཁ་བཤད་ཁོག་འཛིན་གྱི་རྣམ་པར་གནས་པས། དེ་ནི་གསོན་རྣམ་དང་འགུལ་རྣམ་དུ་གནས་ཤིང་ཡི་གེར་ཕབ་དཀའ་བའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན། དམངས་ཁྲོད་རྩོམ་རིག་ལ་ཤེས་རྟོག་ལེན་པའི་སྔོན་འགྲོའི་ཆ་རྐྱེན་ནི་ལྟ་ཞིབ་དང་རྟོག་དཔྱོད། རྒྱུས་ལོན། ཡིག་ངོར་ཕབ་འབྲི་སྟེ། ས་ཆ་དངོས་སུ་སོང་ནས་དམངས་ཁྲོད་རྩོམ་རིག་གི་འཁྲབ་སྟོན་མཁན། གླུ་བ། སྒྲུང་བ་རྣམས་ཀྱི་ལོགས་སུ་བཅར་ནས་འཚོལ་སྡུད་དང་ཡིག་ངོར་ཕབ་འབྲི། སྒྲ་ཕབ་ལེན་བྱེད་པའི་ལས་རྣམ་འདི་ཡིན་ཞིང་། དེ་ལ་དངོས་སྐྱོད་བརྟག་དཔྱད་ཟེར་ཞིང་ལ་ལས་ཕྱི་ཡུལ་དུ་སོང་ནས་བརྟག་དཔྱད་བྱེད་པ་ཞེས་ཀྱང་ཟེར། འདི་ནི་སྤྱོད་འཐུས་པའི་ཚན་རིག་བརྟག་དཔྱད་ཞིབ་འཇུག་གི་ཐབས་ཤེས་ཤིག་ཡིན་ལ། བརྟག་དཔྱད་བྱ་ཡུལ་གྱི་ས་ཆ་དངོས་སུ་སོང་ནས་དཔྱད་གཞི་དངོས་མ་འཚོལ་སྡུད་བྱེད་པའི་བྱེད་ཐབས་ཤིག་དང་། ཐད་ཀར་རང་བྱུང་སྐྱེ་རྣམ་ཁོར་ཡུག་གམ་སྤྱི་ཚོགས་རིག་གནས་ཁོར་ཡུག་ནང་ཞུགས་ནས་ལྟ་ཞིབ་དང་རྒྱུས་ལོན། ཡིག་ངོར་ཕབ་འབྲི་དང་བརྟག་དཔྱད་བྱེད་པའི་ཐབས་ཤེས་ཤིག་ཀྱང་ཡིན།
           བརྟག་དཔྱད་བྱེད་ཐབས་འདི་ནི་དང་ཐོག་རིག་གནས་མིའི་རིགས་རིག་པའི་རིག་གཞུང་ཞིབ་འཇུག་ལས་བྱུང་ཞིང་། མིའི་རིགས་རིག་པའི་རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་རིག་གཞུང་གི་གོ་གནས་མཐོ་བའང་མིའི་རིགས་རིག་པའི་མཁས་པ་ཚོས་དངོས་སྐྱོད་ཁྲོད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་གང་མང་རྨང་གཞིར་བཟུང་སྟེ་ཞིབ་འཇུག་བྱས་པར་རག་ལས། དེ་བས། ཐབས་ཤེས་འདི་མིའི་རིགས་རིག་པ་ནས་བྱུང་ཞིང་ཆ་ཚང་དུ་གྱུར་རྗེས་སྔ་གཞུག་གནའ་རྫས་རྟོག་ཞིབ་རིག་པ། སྐད་བརྡ་རིག་པ། སྤྱི་ཚོགས་རིག་པ། སེམས་ཁམས་རིག་པ། དམངས་སྲོལ་རིག་པ་བཅས་ཀྱི་ཕྱོགས་སུ་རྒྱ་ཆེན་པོར་བཀོལ་སྤྱོད་བྱས་དང་བྱེད་མུས་རེད།
           དངོས་སྐྱོད་བརྟག་དཔྱད་བྱ་རྒྱུ་ནི་དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་གཞི་རྩའི་ཐབས་ཤེས་ཤིག་ཡིན་ཏེ། གལ་སྲིད་དེ་ལྟར་མ་བྱས་ན། དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་བྱ་མཁན་རྣམས་ལ་ཞིབ་འཇུག་བྱ་གཞི་རྙེད་དཀའ་ཞིང་། དམངས་ཁྲོད་རྩོམ་རིག་དེ་དངོས་ཡོད་འཚོ་བའི་ནང་རྒྱུན་འཛིན་བྱེད་པའི་རྣམ་པ་དང་དེའི་ཁྱད་པར་ཅན་གྱི་སྤྱི་ཚོགས་ཀྱི་བྱེད་ལས་ལ་གོ་བ་ལེན་དཀའ་བས། དངོས་སྐྱོད་བརྟག་དཔྱད་བྱས་པ་དེས་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་འཚོ་བ་དངོས་ཀྱི་ནང་དམངས་ཁྲོད་རྩོམ་རིག་ལ་ལྟ་ཞིབ་བྱས་ནས། དངོས་སུ་དམངས་ཁྲོད་རྩོམ་རིག་གི་འཁྲབ་སྟོན་བརྒྱུད་རིམ་དང་ཕན་ནུས་ལ་ཚོར་ཤེས་ལེན་ཐུབ་སྟབས། དེ་ནི་ཞིབ་འཇུག་བྱ་བར་ཤིན་ཏུ་འཕྲོད་ཅིང་ལེགས་པའི་ཐབས་ལམ་ཞིག་ཡིན། དམངས་ཁྲོད་རྩོམ་རིག་ལ་ཁ་བཤད་ཁོག་འཛིན་གྱི་ཁྱད་ཆོས་ལྡན་པས། ཞིབ་འཇུག་པ་ཚོས་ངེས་པར་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་འཁྲབ་སྟོན་དངོས་ལ་ལྟ་ཉན་དང་། ལྟད་མོ་བ་རྣམས་ཀྱི་རྣམ་འགྱུར། འཁྲབ་སྟོན་གྱི་ཁོར་ཡུག་དང་དུས་ཚོད་སོགས་ལ་ཞིབ་ལྟ་བྱ་རྒྱུ་ནི་དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར།
           དངོས་སྐྱོད་ཐབས་ལམ་དུ་དམངས་ཁྲོད་རྩོམ་རིག་ལ་བརྟག་དཔྱད་བྱས་པ་འདིས། དེར་ཞུགས་ཀྱི་མི་རྣམས་ལ་དམངས་ཁྲོད་རྩོམ་རིག་གི་གསོན་ཉམས་ལྡན་པའི་རྣམ་པར་ངོས་འཛིན་ཟབ་པོ་ཐོབ་ཐུབ་ཅིང་། གཏམ་རྒྱུད་གསུང་མཁན་དང་དམངས་ཁྲོད་གླུ་བ་གླུ་མ། སྒྲུང་བ་སོགས་དམངས་ཁྲོད་སྒྱུ་རྩལ་པ་རྣམས་དང་འཇལ་ཐུབ་པ། འབྲེལ་ཡོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་ཡུལ་སྲོལ་གོམས་འདྲིས། རང་བྱུང་ཁོར་ཡུག་ལ་རྒྱུས་ལོན་བྱ་ཐུབ་པར་མ་ཟད། ད་དུང་དམངས་ཁྲོད་ཀྱི་བསམ་བློ་དང་སྙིང་སྟོབས་མཚོན་པའི་རིག་གནས་ཀྱི་དངོས་རྫས་རྣམ་པ་སྣ་ཚོགས་ཀྱང་མཐོང་ཐུབ་པའི་སྟེང་། མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་འཕེལ་འགྱུར། དམངས་ཁྲོད་ཀྱི་བསམ་པའི་འཁྱེར་སོ། ཆོས་ལུགས་དད་མོས། སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་ཕྱོགས་ཀྱི་ཐབས་ལམ་ཕྱོགས་སུའང་ཤེས་རྟོག་ཟབ་མོ་ལེན་ཐུབ་པ་རེད།
           གཉིས། དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པའི་ཐབས་ལམ།
           དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་འཚོལ་སྡུད་དང་ལེགས་སྒྲིག་སྐོར་གྱི་བྱེད་ཕྱོགས་དང་གཞི་རྩའི་རྩ་དོན།
           བྱ་བ་འདིའི་བྱེད་ཕྱོགས་ལ་རང་རྒྱལ་དུ་ཡི་གེ་བཅུ་དྲུག་ཅན་གྱི་བྱེད་ཕྱོགས་ཟེར་ཞིང་། དེ་ནི1958ལོའི་ཟླ7པར་པེ་ཅིན་དུ་ཚོགས་པའི་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་བྱ་བའི་ཚོགས་ཆེན་སྟེང་གཏན་འཁེལ་བྱས་ཤིང་། རྒྱ་ཡིག་གི་ཡིག་འབྲུ་བཅུ་དྲུག་ཏུ་བྲིས་པའི“全面搜集、忠实记录、慎重整理、准确翻译。” ཞེས་པ་དེ་ཡིན་ཞིང་། བོད་སྐད་དུ་ཡོངས་སུ་འཚོལ་སྡུད་བྱེད་པ་དང་། ཇི་མ་ཇི་བཞིན་དུ་ཡིག་ངོར་ཕབ་པ། གཟབ་ནན་སྒོས་ལེགས་སྒྲིག་བྱེད་ཅིང་། ཡིག་སྒྱུར་ཡང་དག་བྱ་དགོས་ཞེས་པའི་དོན་ཡིན། འདི་དེ་རིང་བར་དུ་རང་རྒྱལ་གྱི་དམངས་ཁྲོད་རྩོམ་རིག་གི་ཆེད་ལས་མི་སྣ་རྣམས་ཀྱིས་བོར་མི་རུང་བའི་བྱེད་ཕྱོགས་ཞིག་ཏུ་བརྩི་བར་འདུག གཤམ་དུ་བྱེ་བྲག་ཏུ་བྱེད་ཕྱོགས་འདི་ཇི་ལྟར་ལག་ཏུ་བསྟར་བའི་ཐབས་ཤེས་གསལ་བོར་འཆད་དོ༎
           གཅིག ཡོངས་སུ་འཚོལ་སྡུད་བྱེད་པ།
           འདི་ལ་དང་པོ་རྩོམ་ལུགས་ཕྱོགས་ནས། བརྗོད་དོན་རྒྱ་ཆེ་ཞིང་རྣམ་པ་ཤིན་ཏུ་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་པོ་དང་བརྗོད་དོན་འབྲིང་ཙམ་དུ་སྣང་བའི་དམངས་ཁྲོད་གཏམ་རྒྱུད། ལྷ་སྒྲུང་དང་དམངས་ཁྲོད་ངག་རྒྱུན། ས་གནས་ཀྱི་ཟློས་གར་ཆུང་ཆུང་། ཡང་ན་རྣམ་པ་ཤིན་ཏུ་ཐུང་བའི་དམངས་ཁྲོད་གླུ་གཞས། གབ་ཚིག གཏམ་དཔེ་སོགས་གང་ཡིན་ཆེ་ཆུང་ལ་མ་ལྟོས་པར་དམངས་ཁྲོད་དུ་རྒྱུག་ཆེ་བའི་རྩོམ་ལུགས་རྣམ་པ་སྣ་ཚོགས་ཀྱི་བརྩམས་ཆོས་འཚོལ་སྡུད་བྱ་དགོས། གཉིས་པ་ནང་དོན་གྱི་ངོས་ནས། སྔོན་ཐོན་དང་རྗེས་ལུས་ཀྱི་བསམ་བློ་གང་འདུ་ཡང་འཚོལ་སྡུད་བྱ་དགོས་ཏེ་ཐ་ན་ལོག་ལྟའི་ངན་བཤད་ཡོད་ཀྱང་འཚོལ་སྡུད་སྐབས་གང་འདོད་དུ་དོར་མི་རུང་། འདི་ནི་ཐོག་མའི་འཚོལ་སྡུད་བྱ་སྐབས་སྙིང་བཅུད་དང་སྙིགས་མ་མ་བསལ་བར་སྡུད་ཉར་བྱ་དགོས་ཟེར་བ་དེ་ཡིན། གསུམ་པ་བརྩམས་ཆོས་གང་རུང་ཞིག་བརྗོད་བྱ་བརྗོད་དོན་དང་རྣམ་པ་གཅིག་ཀྱང་ཁྱབ་ཡུལ་མི་འདྲ་བ་དང་མི་རྣམས་ཀྱི་འཆད་ཚུལ་དང་ལེན་སྟངས་མི་འདྲ་བའི་བརྩམས་ཆོས་སོ་སོ་མ་ལུས་པར་འཚོལ་སྡུད་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེ། བཞི་པ་དུས་རབས་གང་རུང་གི་བརྩམས་ཆོས་ལ་ཁྱད་པར་ཕྱོགས་རིས་མེད་པར་འཚོལ་སྡུད་བྱ་དགོས། ལྔ་པ་ནི་ངག་ལམ་དུ་ཐོན་པའི་བརྩམས་ཆོས་འཚོལ་སྡུད་བྱེད་པ་མ་ཟད་ལག་བྲིས་མ་དང་ཤིང་དཔར་གྱི་མ་དཔེ་གང་ཡིན་ལག་ཏུ་རྙེད་པ་ཐམས་ཅད་སྡུད་ཉར་གང་ལེགས་བྱ་དགོས།
           གཉིས། ཇི་མ་ཇི་བཞིན་དུ་ཡིག་ངོར་ཕབ་པ།
           འདི་ཡང་དངོས་སྐྱོད་བརྟག་དཔྱད་ནང་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་བྱ་སྐབས་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་ཞིག་ཡིན་ཏེ། གཙོ་བོ་མ་རྩོམ་གྱི་བསམ་བློའི་ནང་དོན་ཇི་མ་ཇི་བཞིན་དུ་མཚོན་དགོས་པ་དང་། མ་རྩོམ་གྱི་སྒྱུ་རྩལ་རྣམ་པ་གང་འདོད་དུ་བཅོས་མི་ཆོག་པ་དེ་བསྟན། ནང་དོན་གྱི་ཆ་ནས། དམངས་ཁྲོད་རྩོམ་རིག་ནི་རྣ་གོ་ཁ་བཤད་ཀྱི་ལམ་དུ་ཐུན་མོང་གིས་བརྩམས་ཤིང་ཁྱབ་པ་ཞིག་ཡིན་པས།
           ཁྱབ་གདལས་སུ་སྒྲུང་དང་གཏམ་རྒྱུད་བཤད་མཁན་རྣམས་ཀྱི་ཡིད་འཛིན་གྱི་རྩལ་དང་བརྗོད་དོན་གྱི་དགའ་ཕྱོགས་སོགས་སུ་རང་རང་ལ་ཁྱད་ཆོས་ལྡན་པས་བརྩམས་ཆོས་ཆ་མི་ཚང་ས་དང་བརྗོད་བྱ་གཙོ་བོ་མི་གསལ་བའི་གནས་ཚུལ་སོགས་འབྱུང་ངེས་ལ། རྙོག་དྲའི་ནང་དོན་ཁ་ཤས་ཀྱང་ཡོང་སྲིད། འཚོལ་སྡུད་བྱེད་མཁན་རྣམས་ཀྱིས་མ་འདོད་པའི་ཚུལ་དུ་ཡིག་ངོར་མི་ཕབ་པའམ་ཡང་ན་ནང་དོན་ལ་སྣོན་འཕྲི་གང་ཡང་བྱ་མི་རུང་། ལྷུག་རྩོམ་ཡིན་ན་དེའི་ནང་དོན་གཙོ་བོ་དང་གསོན་ཉམས་དོད་པའི་བརྗོད་དོན་ཞིབ་ཕྲ་ཅན། ཁྱད་ཆོས་ལྡན་པའི་ཡུལ་སྐད་སོགས་ཡིག་ངོར་ཕབ་དགོས་ཐོག་བརྩམས་ཆོས་ཀྱི་བདག་པོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་ལུགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རགས་ཙམ་ཡང་ཟུར་དུ་འབྲི་དགོས། ཕྱིའི་རྣམ་པའི་ཐད་ཆེས་ལེགས་ཤོས་ནི་ཚིག་བཅད་དང་ལྷུག་རྩོམ་གང་ཡིན་རུང་ཡིག་འབྲུ་གཅིག་ཀྱང་མི་བཅོས་པར་ཡི་གེར་ཕབ་པའམ་སྒྲ་ཕབ་ལེན་བྱ་དགོས། ངག་གི་དབྱངས་རྟར་བཀོད་ནས་ལེན་དགོས་པའི་བརྩམས་ཆོས་ཤིག་ཡིན་ཚེ་དབྱངས་གཞུང་གི་ཐབས་སུ་གདངས་ཀྱང་ཤོག་ངོར་ཕབ་ན་ལེགས། ས་གནས་སོ་སོའི་ཁ་སྐད་མི་འདྲ་ལ་སོ་སོར་ཁྱད་ཆོས་ཡོད་པས་དེ་ནི་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་སྐབས་ཀྱི་དོ་སྣང་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར། འདི་ལ་དོ་སྣང་བྱ་དགོས་ས་དྲུག་ཡོད་དེ། གཅིག་ནི་ཡུལ་དེའི་འབངས་ཀྱི་ཆེས་གསོན་ཉམས་ལྡན་ཞིང་ཐུན་མོང་མ་ཡིན་པའི་སྐད་ཆའམ་ཡུལ་སྐད། ཡང་ན་ཁྱད་པར་ཅན་གྱི་ཚིག་དང་ཐ་སྙད་ཆེད་དུ་ཡིག་ངོར་ཕབ་དགོས། གཉིས་ནི་དམངས་ཁྲོད་རྩོམ་རིག་ལ་ཡོད་པའི་སྲོལ་རྒྱུན་གྱི་སྐད་ཆའི་འཆད་སྟངས་དང་ཚིག་རྒྱན་པའི་ཐབས་ཤེས་ཇི་བཞིན་དུ་ཡི་གེར་ཕབ་དགོས། གསུམ་ནི་གསོན་ཉམས་དོད་པོའི་གཏམ་དཔེ་དང་གབ་ཚིག ཐ་ན་མི་སྣའི་མཚང་སོགས་ཡི་གེར་ཕབ་དགོས། བཞི་པ་ནི་སྒྲུང་ངམ་གཏམ་རྒྱུད་བཤད་མཁན་མི་དེ་རང་ཉིད་ཐད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྐད་ཆ་དེ་མ་བཅོས་རང་སོར་འཇོག་དགོས། ལྔ་པ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཆ་སྟེ། དཔེར་ན་རྒྱ་ནག་རྒྱལ་པོ་ཐང་ཐེ་ཙུང་གི་དུས་སུ་ཞེས་པ་ལྟ་བུ་ནི་སྤྱི་ལོ་བཞིན་འབྲི་མི་འོས་ལ། གནའ་རབས་ཀྱི་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་སྐད་ཆ་ཡང་དེང་རབས་ཀྱི་སྐད་ཆར་བཅོ་མི་རུང་། དྲུག་པ་ནི་མི་རིགས་ཁ་ཤས་དང་ས་ཁུལ་ཁ་ཤས་ཀྱི་མི་རྣམས་ལ་གཏམ་རྒྱུད་ཀྱི་མཇུག་སྒྲིལ་སྐབས་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བརྗོད་པའི་ཚིག་བཅད་དམ་ལེགས་བཤད་ལྟ་བུ། ཡང་ན་དཔྱད་བརྗོད་སོགས་ཡོད་པའང་ཡིག་ངོར་ཕབ་དགོས་སོ༎
           སྤྱིར་ན་གསོན་ཉམས་ལྡན་ལ་གོ་བདེ་བ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཆ་རྣམས་ནི་གལ་ཤིན་ཏུ་ཆེ། ཆེས་མི་རུང་བ་ནི་གནད་བསྡུས་སྙིང་དོན་ཙམ་བྲིས་ཏེ་རྗེས་སུ་རང་གི་བསམ་འདོད་དུ་ཁ་སྣོན་བྱེད་པ་དེ་ཡིན། སློབ་གྲྭ་ཆེན་མོའི་དམངས་ཁྲོད་རྩོམ་རིག་སློབ་དེབ་ཁྲོད་དུ་བརྩམས་ཆོས་འཚོལ་སྡུད་བྱ་སྐབས་སློབ་མའི་སྐད་ཆ(“学生腔”)གཏན་ནས་བཀོལ་མི་ཆོག་ཟེར་སྲོལ་ཡོད་ཅིང་། དེ་ནི་ཡིག་སྐད་དང་ཚིག་རྒྱན་མང་དྲགས་པ་ལ་ཟེར། རྒྱུ་མཚན་ནི་དེ་བཞིན་དུ་ཡིག་ངོར་ཕབ་ན་དམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་གྱི་སྲོག་རྩ་ཤོར་འགྲོ་བས་རེད། གཞན་ཡང་བརྩམས་ཆོས་ཡིག་ངོར་ཕབ་དུས་ངེས་པར་དམངས་ཁྲོད་སྒྱུ་རྩལ་པ་ནི་ཡུལ་གང་ཞིག་གི་ཡིན་པ་དང་། དེའི་ལས་ཀ་དང་ལོ་ཚོད། ཕོ་མོ། རིག་གནས་ཆུ་ཚད།འཁྲབ་སྟོན་བྱེད་གནས་དང་དུས་ཚོད་སོགས་ཟུར་དུ་གསལ་བོར་དགོད་དགོས།
           གསུམ། ཡིག་སྒྱུར་ཡང་དག་བྱེད་པ།
           འདི་ནི་མི་རིགས་གཞན་གྱི་དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་འཚོལ་སྡུད་བགྱི་བ་དང་ཡང་ན་རང་རིགས་ཀྱི་དམངས་ཁྲོད་རྩོམ་རིག་མི་རིགས་གཞན་གྱི་ཡི་གེར་བསྒྱུར་སྐབས་ཀྱི་གནད་དོན་ཡིན། དེ་ལ་ཡིད་འཇོག་དོ་སྣང་བྱེད་ས་བཞི་ཡོད་དེ། དང་པོ་ནི་བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་རང་སོར་བཞག་ནས་མི་རིགས་སོ་སོའི་དམངས་ཁྲོད་རིག་གནས་ཀྱི་ཐུན་མིན་རང་བཞིན་ལ་མཐོང་ཆེན་བྱ་དགོས། གཉིས་པ་ནི་ཡིག་འབྲུ་རེ་རེ་དང་ཐ་སྙད་རེ་རེ་ཡང་དག་ཏུ་ཡིག་སྒྱུར་བྱས་ནས་མ་རྩོམ་གྱི་ནང་དོན་དང་ཁྱད་ཆོས་མཚོན་གང་ཐུབ་བྱེད་ཅིང་། དཀའ་གནད་ལ་འཕྲད་ཚེ་དོན་སྒྱུར་བྱས་ཀྱང་ཆོག་མོད་ཆེས་ཡག་ཤོས་ནི་མ་ཡིག་དང་འགྱུར་ཡིག་ཤན་སྦྱར་དུ་བསྒྲིག་རྒྱུ་དེ་ཡིན། གསུམ་པ་ནི་སྒྲ་སྒྱུར་ཡིན་ན་ཚིག་འགྲེལ་རྒྱག་དགོས་ཏེ། དཔེར་ན་བོད་སྐད་དུ་སྐོར་བྲོ་དང་གླུ། གཞས། གར་ལྟ་བུའི་དམངས་ཁྲོད་སྒྱུ་རྩལ་སོགས་ཀྱི་མིང་ནི་མི་རིགས་གཞན་གྱི་ཡིག་ངོར་སྒྲ་སྒྱུར་བྱ་དགོས་ཀྱང་དེ་ལ་ཆེད་དུ་མཆན་དགོད་དགོས།
           བཞི། གཟབ་ནན་སྒོས་ལེགས་སྒྲིག་བྱེད་པ།
           ལེགས་སྒྲིག་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དམངས་ཁྲོད་རྩོམ་རིག་ནང་སྙིང་བཅུད་དང་སྙིགས་མ་འདྲེས་འདུག་པས་རེད། དཔེར་ན་ཕོ་མོའི་ལུས་འབྲེལ་སོགས་ངོ་ཚའི་དོན་འཛེམས་མེད་དུ་བརྗོད་པ་དང་། མགོ་སྐོར་སླུ་བྲིད་ལ་བརྟེན་ནས་གཞན་དངོས་ལེན་པ། ཐབས་ངན་ཇུས་སྡུག་གི་སྒོ་ནས་དབང་ཆ་དང་གོ་ས་ཐོབ་པ། མིའི་དབང་པོ་མི་ཚང་བ་ལོང་པ། འོན་པ། གྱོལ་པོ་སོགས་ལ་འཕ་སྨོད་བྱེད་པ་སོགས་ཀྱི་ནང་དོན་ངེས་པར་ཕྱི་རུ་དོར་བ། བརྗོད་དོན་བོར་ཆད་བྱུང་བ། མགོ་མཇུག་ཆ་མི་ཚང་བ་སོགས་ཀྱི་སྐྱོན་བསལ་ནས་ཇེ་ལེགས་སུ་གཏོང་དགོས་པ་ལྟ་བུ་ཡིན། དུས་མཚུངས་སུ་ཁ་སྐད་ཡིག་ངོར་ཕབ་སྐབས་ལག་རྩལ་རང་བཞིན་གྱི་གནད་དོན་ལའང་འཕྲད་ངེས་པས་གནད་དོན་དེ་དག་ཐག་གཅོད་གང་བཟང་བྱ་དགོས།
           དམངས་ཁྲོད་རྩོམ་རིག་གི་ལེགས་སྒྲིག་ཟེར་བ་འདི་ནི་བཙན་ཤེད་སྒོས་དམངས་ཁྲོད་རྩོམ་རིག་ལ་དེ་རིང་གི་བསམ་པ་དང་ལྟ་བ་བཙན་སྦྱོར་བྱ་རྒྱུ་དེ་མ་ཡིན་ཏེ། དམིགས་བསལ་གྱི་ལོ་རྒྱུས་ཆ་རྐྱེན་དང་ལོ་རྒྱུས་ཀྱི་ཉམས་འགྱུར། སྤྱི་ཚོགས་ཀྱི་འཚོ་བའི་ནང་དོན་ལ་ཕྱོགས་ནས་སྙིགས་དོར་བཅུད་ལེན་དང་རྫུན་སྤངས་བདེན་འཛིན་བྱས་ཏེ་དམངས་ཁྲོད་རྩོམ་རིག་གི་སྔར་ཡོད་སྒྱུ་རྩལ་གྱི་འོད་མདངས་དེ་མི་རྣམས་ཀྱི་མིག་སྔོན་དུ་འཕྲོ་རུ་འཇུག་དགོས་པ་དེ་ཡིན། དེས་ན་དེ་ལ་བྱེ་བྲག་གི་ཐབས་ལམ་གསུམ་ཡོད་དེ།
           (གཅིག)དམངས་ཁྲོད་བརྩམས་ཆོས་ཀྱི་ཉམས་དང་དོན་མ་བཅོས་སྔར་སོར་བཞག་སྟེ་ཡི་གེ་ནོར་བ་དང་ཆད་ལྷག་ཤོར་བར་དག་བཅོས་ཙམ་བྱེད་པ།
           (གཉིས)“གཅིག་རྐྱང་གི་ལེགས་སྒྲིག”ཟེར་ལ། གོ་རིམ་གསལ་ཞིང་མགོ་མཇུག་ཆ་ཚང་ལ། སྐད་ཆར་ཁྱད་ཆོས་ལྡན་ཞིང་བརྗོན་དོན་གསོན་ཉམས་ལྡན་པའི་ཆེས་བཟང་ཤོས་ཀྱི་ཟིན་བྲིས་གཅིག་གཙོར་བཟུང་ནས་ལེགས་སྒྲིག་བྱ་བ། གཙོ་བོ་མི་དགོས་པའི་སྙིགས་མ་དོར་ནས་རྩོམ་ཡིག་ཇེ་ལེགས་སུ་གཏོང་བ་དེ་ཡིན། ཞོར་དུ་ཡུལ་གཞན་དང་བཤད་མཁན་མི་འདྲ་ས་ལས་ཐོན་པའི་ཟིན་བྲིས་ལ་མཆན་འགྲེལ་བཀོད་དེ་ཉར་ཚགས་བྱ་དགོས།
           (གསུམ)འདི་ལ“ཕྱོགས་བསྡུས་ཀྱི་ལེགས་སྒྲིག”ཟེར། གལ་ཏེ་ཡིག་ངོར་ཕབ་པའི་བརྩམས་ཆོས་མི་འདྲ་བ་སོ་སོར་ཆད་སྐྱོན་ཡོད་པས་དེའི་ནང་གི་རྩོམ་གཅིག་གིས་བརྩམས་ཆོས་དེའི་ནང་དོན་དང་རྣམ་པ་ཡོངས་སུ་མཚོན་མི་ཐུབ་ཚེ། ཟིན་བྲིས་ནང་ལས་གཅིག་གཉིས་ཙམ་གཞིར་བཟུང་སྟེ་ཟིན་བྲིས་གཞན་གྱི་དགེ་མཚན་ཚུར་སྦྱར་ནས་སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་བྱུང་ངེས་པ་ཇི་བཞིན་ལེགས་སྒྲིག་བྱ་དགོས། ཡིན་ནའང་དམངས་ཁྲོད་རྩོམ་རིག་ལེགས་སྒྲིག་བྱ་སྐབས་འཛེམ་བྱ་གལ་ཆེན་ཞིག་ཡོད་པ་ནི་མི་རང་གི་དགའ་ཕྱོགས་ལ་བརྟེན་ནས་རང་ཤེས་ཚོད་བཟོ་དང་རང་དགར་རྟོག་བཟོ་གཏན་ནས་བྱ་མི་རུང་བ་དེ་ཡིན། ལྷག་པར་ས་ཁུལ་སོ་སོར་ཡོད་པའི་དད་མོས་དང་ཡུལ་སྐད། འགྲོ་ལུགས་གོམས་སྲོལ་མི་འདྲ་བ་ལ་བརྩི་བཀུར་བྱ་དགོས། དེ་ལྟ་ན་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཐུབ། དེ་བས་དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་ལེགས་སྒྲིག་བྱ་སྐབས“བཅོ་མི་ཆོག་པ་བཞི”ཞེས་པའི་བཤད་སྲོལ་ཡོད་པ་འདི་ལྟ་སྟེ། གཅིག་ནི་མ་རྩོམ་གྱི་བརྗོད་བྱའི་དོན་གཙོ་བོ་བཅོས་མི་ཆོག གཉིས་པ་ནི་དོན་བརྗོད་རང་བཞིན་གྱི་བརྩམས་ཆོས་ཀྱི་གཏམ་རྒྱུད་བྱུང་རིམ་དང་སྒྲིག་གཞིའི་རྐང་དང་མི་སྣ་གཙོ་བོའི་གཤིས་ཀ་བཅོ་མི་ཆོག གསུམ་པ་ནི་མ་རྩོམ་གྱི་རྩོམ་ལུགས་བཅོ་མི་ཆོག བཞི་པ་ནི་མ་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་དང་སྐད་ཆའི་ཁྱད་ཆོས་བཅོ་མི་ཆོག་པ་བཅས་ཡིན།
           གཞན་ཡང་། ལེགས་སྒྲིག་དང་བཅོས་སྒྲིག ཡང་བསྐྱར་གསར་དུ་བརྩམས་པ་གསུམ་གྱི་དབྱེ་བ་ནན་དུ་བཀར་དགོས་ཏེ། དམངས་ཁྲོད་རྩོམ་རིག་ལེགས་སྒྲིག་བྱེད་པའི་དམིགས་ཡུལ་ནི་དེའི་རྩོམ་རིག་གི་ངོ་བོ་ངོ་མ་གསལ་བོར་མངོན་དུ་འཇུག་རྒྱུ་སྟེ། མི་དམངས་མང་ཚོགས་ཀྱི་ངག་ལམ་ལས་བརྩམས་པའི་རྩོམ་རིག་གི་རྣམ་པ་དང་ནང་དོན་ཇི་མ་ཇི་བཞིན་དུ་མཚོན་ཨེ་ཐུབ་བྱ་རྒྱུ་དེ་ཡིན་པས། སྣོན་འཕྲི་ཅི་བྱས་ལ་མཆན་བཀོད་དེ་གསལ་བཤད་བྱ་དགོས། བཅོས་སྒྲིག་ཞེས་པ་ནི་རྩོམ་པ་པོ་རང་གི་འདོད་པ་བཞིན་དུ་བརྩམས་ཆོས་ལ་ལས་སྣོན་བརྒྱབ་སྟེ་ནང་དོན་ཁ་ཤས་ཁ་སྣོན་དང་ཡང་ན་འཕྲི་ལེན་བྱས་རུང་བརྗོད་དོན་གཙོ་བོ་མི་འགྱུར་བ་དེ་ཡིན། ཡང་བསྐྱར་གསར་དུ་བརྩམས་པ་ཞེས་པ་ནི་དམངས་ཁྲོད་རྩོམ་རིག་གི་ནང་དོན་ཐོག་མའི་དཔྱད་གཞི་བྱས་ཏེ་སྒྲིག་གཞི་བསྐྱར་བཀོད་དང་བརྗོད་དོན་ལ་སྒྲོ་བཏགས་ཤིང་རྩོམ་ལུགས་དང་མི་སྣ་སོགས་མང་དུ་བཅོས་ནས་གྲུབ་པའི་བརྩམས་ཆོས་ལ་ཟེར། གོང་བཤད་གཉིས་དང་དམངས་ཁྲོད་རྩོམ་རིག་གི་ལེགས་སྒྲིག་ལ་དབྱེ་བ་གསལ་བོར་ཡོད་པས། དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ལེགས་སྒྲིག་བྱ་སྐབས་ཡིད་འཇོག་བྱ་དགོས་སོ༎