ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གླིང་སྒྲུང་གཅེས་བཏུས་དེབ་བཞི་པ《ཧོར་གླིང་གཡུལ་འགྱེད》ལེགས་སྒྲིག་གི་སྐོར་མདོ་ཙམ་བརྗོད་པ།

སྤེལ་དུས 2018-10-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
               དེ་ཡང་རྒྱལ་ཁབ་ཀྱི་གནད་ཆེའི་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་གྲས་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནད་ཆེའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་ཀྱི་གྲས་སུ་ཡོད་པའི་གླིང་སྒྲུང་གཅེས་བཏུས་དེབ་བཞི་བཅུའི་ལེགས་སྒྲིག་བྱ་བ་འགོ་བཟུང་ནས་བགྲང་བྱ་ལྔ་དྲུག་ཙམ་འདས་པ་དང་།   ལོ་འགའི་རིང་ལ་འདི་གའི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་པ། ཆེད་ལས་མཁས་པ་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་མཐུན་རྐྱེན་གང་ལེགས་བསྒྲིགས་པ་དང་རྩོལ་བ་ལྷོད་མེད་བགྱིས་པར་བརྟེན།   གླིང་སྒྲུང་གཅེས་བཏུས་ཀྱི་སྤྱིའི་ལེགས་སྒྲིག་འཆར་གཞི་དང་ཇི་ལྟར་ལེགས་སྒྲིག་བགྱི་བའི་རྩ་དོན་སོགས་གཏན་ཁེལ་བགྱིས་པར་མ་ཟད། ཐོག་མའི་སྒྲུང་དཔེ་བཞི་སྟེ། 《འཁྲུངས་གླིང་》དང་《རྟ་རྒྱུག་རྒྱལ་འཇོག》《བདུད་གླིང་།》《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆ་བཅས་བཞི་ནི་ལེགས་སྒྲིག་གནང་ནས་ཡོངས་སུ་གྲུབ་ཅིང་། ད་ལྟ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་པའི་སྐལ་བ་ལྡན་པ་ལགས།  འདི་ནི་གངས་ཅན་པའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ལས་དོན་བླ་ན་མ་མཆིས་པ་ཞིག་ཡིན་པས། ངེད་ཅག་གིས་རབ་དཀར་ལྷ་རྫས་སོར་བཅུའི་རྩེར་བསྒྲེངས་ནས་ལྷག་བསམ་ཟོལ་མེད་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུ་རིགས་པ་ཞིག་ལགས།  
               ཁོ་བོར་མཚོན་ན་ལོ་འཁོར་བཅུ་ཕྲག་དུ་མར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་འཚོལ་སྡུད་དང་ལེགས་སྒྲིག ཡིག་སྒྱུར། པར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པའི་རྐྱེན་གྱིས་གླིང་སྒྲུང་གཅེས་བཏུས་ཀྱི་སྤྱིའི་འགན་འཛིན་པ་བོད་ཀྱི་ཆེད་ལས་མཁས་པ་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བདག་ལ་རྒྱུས་ལོན་གསལ་བོ་ཡོད་པ་ལས་གཞན།   ལས་འགན་འདི་ཕྲག་ཏུ་བཞག་ན་བློ་ཁེལ་བའམ་ཡིད་ཆེས་བརྟན་པོ་ཡོད་པར་བརྟེན།  གླིང་སྒྲུང་གཅེས་བཏུས་ཀྱི་ཐོག་མའི་དེབ་བཞི་ལས་《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆའི་ལེགས་སྒྲིག་གི་འགན་ལྕི་འདི་བདག་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་གཉིས་ལ་སྤྲད་པ་ཡིན། ངེད་གཉིས་ཀྱིས་ཀྱང་སྤྲོ་བའི་ངང་ནས་འགན་ལྕི་ཕྲག་ཏུ་བླངས་ཏེ་གླིང་སྒྲུང་གཅེས་བཏུས་ཀྱི་ལེགས་སྒྲིག་འཆར་གཞི་དང་རྩ་དོན་གཞིར་བཟུང་ནས།   ཕལ་ཆེར་བགྲང་བྱ་གསུམ་གྱི་རིང་ལ་དཔྱད་གཞིའི་ཡིག་ཆ་མང་པོ་བཀླགས་པ་དང་།   གོང་འོག་གཡས་གཡོན་གྱི་བསམ་འཆར་མང་པོ་སྡུད་ལེན་བགྱིས་ཏེ། འབད་འབུངས་ལྷོད་མེད་ཀྱིས་ལེགས་སྒྲིག་བྱས་ཤིང་།   ད་ལྟ་ཡོངས་སུ་གྲུབ་ནས་པར་སྐྲུན་བྱས་པ་ཡིན་པས།   མཁས་པ་འགས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང་འདུག   གཤམ་དུ་《ཧོར་གླིང་གཡུལ་འགྱེད་》ཀྱི་ལེགས་སྒྲིག་སྐོར་ཅུང་ཙམ་རྒྱས་པར་བརྗོད་པར་བྱ་སྟེ།        
               དང་པོ། ལེགས་སྒྲིག་གི་དགོས་པ།
               ད་ལྟ་གླིང་སྒྲུང་གི་མགོ་སྟེ་《ལྷ་གླིང་གབ་ཙེ་དགུ་སྐོར་》ནས་མཇུག་སྟེ་《ཁམས་གསུམ་བདེ་བཀོད་》བར་གྱི་སྒྲུང་དཔེ་ཕལ་ཆེར80ལྷག་དངོས་སུ་ལེགས་སྒྲིག་པར་སྐྲུན་བྱས་ཡོད་ཅིང་། དེ་དག་ལས་སྒྲུང་དཔེ་《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆ་དང་《དམྱལ་གླིང་མུན་པ་རང་གསལ།》 《རྨ་ཤེལ་བྲག》《བདུད་འདུལ》《འཇང་གླིང་གཡུལ་འགྱེད》《བསྡུས་སྒྲུང་》སོགས་ལེགས་སྒྲིག་པར་སྐྲུན་གྱི་ཆུ་ཚད་ཅུང་མཐོ་བར་བརྟེན།  ད་རེབ་ཡང་བསྐྱར་དུ་ལེགས་སྒྲིག་བགྱིས་པ་ཡིན།  འོ་ན་གླིང་སྒྲུང་གཅེས་བཏུས་དེབ་བཞི་བཅུ་པར་སྐྲུན་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་པ་དང་དེར་ཕན་ཡོན་ཅི་མཆིས་སམ་ཞེ་ན།  དེར་ལན་འདེབས་པའི་རྒྱུ་མཚན་མང་པོ་ཡོད་ནའང་གཤམ་དུ་དོན་ཚན་འགའ་རུ་བསྡུས་ནས་བཀོད་པ་འདིས་ཀུན་གྱི་བློ་སྒོ་འབྱེད་ཐུབ་པར་སྙམ།  
               གཅིག  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་རིག་པའི་རྩལ་ལས་ཐོན་པའི་སྒྲུང་རྩོམ་ཁྱད་འཕགས་ཅན་ཞིག་ཡིན་ཞིང་། ད་ལྟ་སྒྲུང་དཔེ200ཡས་མས་ཀྱི་མ་ཡིག་ལག་ཏུ་སོན་པ་དང་། དེ་དག་ལས་སྒྲུང་དཔེ80ལྷག་པར་སྐྲུན་གནང་སྟེ་བཀྲམ་ཡོད།  དེར་མ་ཟད་ད་ལྟ་ད་དུང་མདོ་དབུས་ཁམས་གསུམ་གྱི་སྒྲུང་པ་རྣམས་ཀྱིས་སྒྲུང་སྣ་མི་གཅིག་པ་མང་པོ་བཤད་བཞིན་ཡོད་ལ། ལེགས་སྒྲིག་དང་པར་སྐྲུན་ཡང་བྱེད་བཞིན་པའི་སྒང་ཡིན།  ཡིན་ནའང་གནའ་ནས་ད་ལྟའི་བར་མི་རྣམས་ལ་གེ་སར་སྒྲུང་གི་ནང་དོན་ཡོངས་སུ་འདུས་པའི་ཁ་ཚང་ཞིང་སྤུས་དག་པའི་ལེགས་སྒྲིག་མ་གསར་བ་ཞིག་མཐོང་བའི་སྐལ་བ་མ་བྱུང་བས།  ཡང་སྙིང་སྒྲུང་དཔེ་ག་འདྲ་ཡོད་པ་དང་མགོ་སྐེད་མཇུག་གསུམ་ཇི་ལྟར་ཆགས་པ།  ཡིག་འབྲུ་དང་སྙན་ངག་གི་རྐང་པ་ག་ཚོད་མཆིས་པ་སོགས་ལ་རྒྱུས་ལོན་གསལ་བོ་མེད་པ་དང་།  རང་རྒྱལ་གྱི་མི་རིགས་གཞན་པ་དང་ཁྱད་པར་དུ་འཛམ་གླིང་སྟེང་གི་ཀློག་པ་པོའི་སྐུ་མདུན་དུའང་མིག་ལ་མཛེས་ཤིང་ལྗིད་ཚད་ལྡན་པའི་གླིང་སྒྲུང་ཁ་ཚང་བ་ཞིག་བཤམ་རྒྱུ་མེད་པས་ན།   གླིང་སྒྲུང་གཅེས་བཏུས་ཁ་ཚང་ཞིག་ལེགས་སྒྲིག་དང་པར་སྐྲུན་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །  
               གཉིས།    གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བགྲང་བྱ་དུ་མའི་རིང་ལ་མང་ཚོགས་ཀྱི་ངག་ཐོག་ནས་བརྒྱུད་ཡོང་བའི་དམངས་ཁྲོད་རྩོམ་རིག་གི་གྲས་ཡིན་པས། སྒྲུང་ཁག་མང་པོའི་ནང་དོན་གྱི་ཆ་དང་མིང་ཚིག་ཐ་སྙད་ཀྱི་ཆ། སྒྲུང་དཔེ་བསྐྱར་ཟློས་ཀྱི་ཆ་བཅས་པའི་ཕྱོགས་སུ་འགལ་བ་དང་རྙོག་དྲ་ཤིན་ཏུ་མང་པོ་མཆིས། སྤྱིར་བཅིངས་འགྲོལ་རྗེས་སུ་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཀྱི་མི་རིགས་དཔེ་སྐྲུན་ཁང་དུ་སྒྲུང་དཔེ80ལྷག་པར་སྐྲུན་བྱས་ཡོད་མོད། འོན་ཏེ་ལེགས་སྒྲིག་བྱེད་སྟངས་མི་འདྲ་བ་དང་མིང་བརྡ་གཅིག་གྱུར་མིན་པ། བསྐྱར་དཔར་མང་བ་བཅས་ཀྱི་གནད་དོན་ལེགས་པར་སེལ་མེད། དཔེར་ན། བོད་ལྗོངས་ཀྱིས་པར་སྐྲུན་གནང་བའི་སྒྲུང་དཔེར་ལེའུ་བཀར་མེད་པ་དང་། མཚོ་སྔོན་དང་པེ་ཅིན་དུ་པར་སྐྲུན་གནང་བའི་སྒྲུང་དཔེར་ལེའུ་བགོས་ཡོད་ལ། ལེའུ་རེའི་མགོར་ཚིགས་བཅད་ཤོ་ལོ་ཀ་གཅིག་རེ་བཞག་ཡོད།  ད་དུང་སི་ཁྲོན་དང་ཀན་སུའུ་སོགས་སུ་པར་སྐྲུན་གནང་བའི་སྒྲུང་དཔེར་ཡང་ལེའུ་བགོས་ཡོད་ཀྱང་གཅིག་གྱུར་མིན།    དེ་མིན་མིང་ཚིག་ཐ་སྙད་ཀྱང་རང་འདོད་ལྟར་སོར་བཞག་བས་ཡོད།  དཔེར་ན།  དཔའ་རྟུལ་ལ་དཔའ་ཐུལ་དང་དཔའ་བརྟུལ། དཔའ་འཐུལ་ལྟ་བུ།  རྟིང་མ་ལ་གཏང་མ་དང་ལྟག་མ།  རྟགས་མ་ལེན་ལྟ་བུའི་རྙོག་དྲ་མང་པོ་ཡོད་པས། གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་བརྒྱུད་དེ་དོན་གྱི་འགལ་བ་དང་མིང་བརྡའི་རྙོག་དྲ་སོགས་སེལ་ནས་གླིང་སྒྲུང་ཐམས་ཅད་གཅིག་གྱུར་ཚད་ལྡན་ཡོང་བར་བྱེད་པར་དགོས་པ་བསམ་གྱིས་མི་ཁྱབ་པ་མཆིས་སོ། །   
               གསུམ།   ངེད་ཅག་གིས་འཛམ་གླིང་ཐོག་གི་སྔོན་ཐོན་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་བའི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་དག་གི་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བའི་ཐད་དུ་དཔྱད་པ་བཏང་ན། གཅིག་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་དུས་སྐབས་སོ་སོའི་སྐབས་ཀྱི་དབང་འཛིན་མི་སྣས་དེ་རྣམས་གཅེས་ནོར་ཞིག་ཏུ་བརྩིས་ནས་མཐོང་ཆེན་བགྱིས་པ་དང་། གཉིས་ནི་བྱ་བ་དེ་འཛིན་པའི་དུས་སྐབས་ཤིན་ཏུ་སྔ་བ།  གསུམ་ནི་ལེགས་སྒྲིག་ཐེངས་མང་བགྱིས་པ་དང་། ལེགས་སྒྲིག་པར་སྐྲུན་གྱི་ཆུ་ཚད་ཀྱང་ངེས་ཅན་ཞིག་ལ་སླེབས་ཡོད་པ་དེ་རེད། དཔེར་ན། ཧུའུ་མའི་སྙན་རྩོམ་རིང་མོ་《ཡེ་ལེ་ཡཱ་ཐེ》དང་《ཨོ་ཏི་ཞིག་ཅི་》ལ་མཚོན་ན།  བགྲང་བྱ་ཉིས་སྟོང་གི་སྔོན་ལ་སྐབས་དེའི་རྒྱལ་པོས་དངོས་སུ་དང་ལེན་མཛད་དེ་མཁས་པ་རྩ་འཛུགས་བགྱིས་ནས་ལེགས་སྒྲིག་པར་སྐྲུན་གནང་མྱོང་ལ། དུས་སྐབས་དེར་ཡོ་རོབ་རྩོམ་རིག་གི་མ་དཔེ་དང་འབྱུང་ཁུངས་ཡིན་པར་བསམས་ཤིང་།  ཡོ་རོབ་རྩོམ་རིག་འཕེལ་རྒྱས་སུ་གཏོང་བ་ལ་གྲུབ་འབྲས་མི་དམན་པ་བསྐྲུན་པར་མ་ཟད།   ད་ལྟ་ཡང་འོད་ཟེར་རྣམ་པར་འཕྲོ་བའི་རིན་ཆེན་ནོར་བུ་ཞིག་ཏུ་རྩི་བཞིན་ཡོད།  གཞན་ཡང་རྒྱ་གར་གྱི་སྙན་རྩོམ་རིངི་མོ་《རཱ་མ་ཡ་ཎ་》《མ་ཧཱ་བྷ་ར་ཏ་》གཉིས་ལ་མཚོན་ནའང། ལོ་རྒྱུས་སྟེང་ཐེངས་གང་མང་ལ་ལེགས་སྒྲིག་བྱས་ཏེ་མ་ཡིག་མི་འདྲ་བ་མང་པོ་བྱུང་མྱོང་། ཕྱིས་སུ་ཡང་ཆེད་ལས་མཁས་པ་རྣམས་རྩ་འཛུགས་གནང་སྟེ་དེང་རབས་ཀྱི་ཚད་ལྡན་གླེགས་བམ་དུ་པར་སྐྲུན་བགྱིས་ཡོད།  ཧྥིན་ལན་རྒྱལ་ཁབ་ཀྱི་སྐད་གྲགས་ཆེ་བའི་《ཁ་ལེ་བ་ལ་》ཞེས་པ་ཡང་དེ་བཞིན་དུ་གཙིགས་འཛིན་དང་ལེགས་སྒྲིག་པར་སྐྲུན་བགྱིས་མྱོང་།  ཡིན་ནའང་རང་རེའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་མཚོན་ན། འཛམ་གླིང་སྟེང་གི་ཆེས་རིང་བའི་སྙན་རྩོམ་རིང་མོ་ཡིན་པ་དང་ནང་དོན་ཆེས་ཕུན་སུམ་ཚོགས་པ་ནི་སུས་ཀྱང་ཁས་ལེན་བཞིན་ཡོད་མོད། འོན་ཏེ་ད་ལྟའི་བར་གླིང་སྒྲུང་དཔར་མའི་རྒྱབ་ཤོག་མི་འདྲ་བ་དང་སྲབ་མཐུག་མི་འདྲ་བ། སྒྲིག་གཞི་མི་འདྲ་བ། དག་སྒྲིག་གཅིག་གྱུར་མིན་པ་བཅས་ཀྱི་གནད་དོན་ཐག་གཅོད་མ་བྱས་སྟབས། མྱུར་བ་མྱུར་བར་རྣམ་པ་དང་ནང་དོན་གཅིག་གྱུར་ཅན་གྱི་གླིང་སྒྲུང་གཅེས་བཏུས་ཁ་ཚང་ཞིག་ལེགས་སྒྲིག་དང་པར་སྐྲུན་བྱ་རྒྱུ་ནི་འཛམ་གླིང་ཐོག་གི་སྔོན་ཐོན་རྩོམ་རིག་གི་རྗེས་སུ་སྙེག་པར་དགོས་གལ་ཧ་ཅང་ཆེ་བ་ཞིག་གོ།  
               བཞི། གླིང་སྒྲུང་གཅེས་བཏུས་དེབ་བཞི་བཅུ་ཆ་ཚང་སྤུས་ལེགས་ངང་པར་སྐྲུན་གནང་རྗེས་མི་སྣ་རྩ་འཛུགས་བགྱིས་ཏེ་ཡིག་སྒྱུར་གྱི་འགོ་བརྩམས་ཏེ་རྒྱ་ཡིག་དང་སོག་ཡིག་བཅས་མི་རིགས་གཞན་པའི་ཡི་གེར་བསྒྱུར་ཆོག་པར་མ་ཟད།  ཕྱིའི་རྒྱལ་ཁབ་ཀྱི་དབྱིན་ཡིག་དང་འཇར་མན་གྱི་ཡི་གེ ཧྥ་རན་སེའི་ཡི་གེ ལྗར་པན་གྱི་ཡི་གེ    ཨུ་རུ་སུའི་ཡི་གེ་སོགས་ལ་བསྒྱུར་ཏེ་གླིང་སྒྲུང་རང་ཉིད་ཀྱི་ངོ་མཚར་ལྡན་པའི་ཁྱད་ཆོས་དག་འཛམ་གླིང་ཡོངས་ལ་རྒྱུས་ལོན་བྱེད་དུ་བཅུག་ཆོག་ལ།   རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་ལ་སྐུལ་འདེད་ཀྱི་ནུས་པ་ཡང་འདོན་དུ་བཅུག་ཆོག   ཅིའི་ཕྱིར་ཞེ་ན་གླིང་སྒྲུང་གཅེས་བཏུས་ཀྱི་ནང་དུ་གེ་སར་སྒྲུང་གི་བརྗོད་བའི་ནང་དོན་ཕལ་ཆེར་ཆ་ཚང་བའི་ཁར། རྗོད་བྱེད་ཚིག་དང་མིང་བརྡ་སོགས་གཅིག་གྱུར་ངང་ལེགས་སྒྲིག་བགྱིས་ཡོད་པ་དང་།   སྒྲུང་དཔེའི་སྲབ་མཐུག་དང་རྒྱབ་ཤོག་བཅས་ཀྱང་གཅིག་གྱུར་བྱས་ཡོད་པས་ངེད་ཅག་རྣམས་ཀྱིས་འདི་ཚད་གཞིར་བཟུང་ནས་ཡིག་སྒྱུར་མཛད་ན།  གླིང་སྒྲུང་གི་གོ་རིམ་ལྡོག་པ་དང་ནང་དོན་ལ་འགལ་ཟླ་འབྱུང་བའམ་རྙོག་དྲ་མཆིས་པའི་གནད་དོན་སོགས་མེད་པར་བཟོ་བའི་ལེགས་ཆ་མང་པོ་ཡོད་པར་སྙམ།    
               གཉིས་པ། ལེགས་སྒྲིག་གི་རྩ་དོན་དང་བླང་བྱ།
               གླིང་སྒྲུང་གཅེས་བཏུས་འདིའི་ལེགས་སྒྲིག་སྐོར་ལ་སྤྱིའི་རྩ་དོན་དང་བླང་བྱ་ནན་མོ་བཏོན་ཡོད་པ་ཡིན་ལ། དེ་ནི་གསར་དུ་ལེགས་སྒྲིག་བགྱིད་པའི་སྒྲུང་དཔེ་བཞི་བཅུ་བོ་གཅིག་གྱུར་སྤུས་དག་ཡོང་བའི་ཆེད་དུ་ཡིན།  
               གཅིག   ལེགས་སྒྲིག་པ་རྣམས་ལ་བཏོན་པའི་ཐོག་མའི་བླང་བྱ་ནི་ད་ལྟ་ལེགས་སྒྲིག་པར་སྐྲུན་བྱས་ཡོད་པའི་སྒྲུང་དཔེ80ལྷག་དང་། ད་རུང་པར་སྐྲུན་མ་གནང་བའི་སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མ་སྐོར་ཞིག   དེ་མིན་དེང་རབས་ཀྱི་སྒྲུང་པ་ཚོས་བཤད་པའི་སྒྲུང་དཔེ་གསར་བ་མང་པོ་ཡོད་པ་བཅས་ཀྱི་གོ་རིམ་མམ་སྔ་གཞུག་འཆོལ་བ་མེད་པར་བསྒྲིགས་རྒྱུ་དང་།  སྒྲུང་དཔེ་མང་པོ་ལས་གང་དག་བདམས་གསེས་བགྱིད་པ་དང་གང་དག་རྨང་གཞིར་བཟུང་ནས་ལེགས་སྒྲིག་བྱེད་པ་སོགས་ནི་གླིང་སྒྲུང་གཅེས་བཏུས་ཀྱི་རྩ་བ་དང་གནད་འགག་ཡིན་པས།  དེ་རྣམས་ནན་བཅག་གིས་འཛིན་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད། དེའི་མཚུངས་སུ་ནང་དོན་གྱི་ཆ་ནས་སྙིང་བཅུད་ལེན་པ་མ་གཏོགས་གང་འདོད་ལྟར་བཟོ་བཅོས་མི་བྱེད་པའི་བླང་བྱའམ་རྩ་དོན་ཡང་བཏོན་ཡོད་པའོ། །  
               གཉིས།   ངེད་ཅག་གིས་གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་པར་སྐྲུན་གྱི་སྐབས་སུ།  ངེས་པར་དུ་དམངས་ཁྲོད་རྩོམ་རིག་དང་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོའི་སྔར་ཡོད་ཐུན་མིན་གྱི་ཁྱད་ཆོས་རྒྱུན་འཛིན་དར་སྤེལ་བྱེད་པའི་དུས་མཚུངས་སུ།  བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ།  དེང་སྐབས་རང་རྒྱལ་དང་ཁྱད་པར་དུ་འཛམ་གླིང་སྟེང་གླིང་སྒྲུང་ཞིབ་འཇུག་གི་ཆེས་མཐོའི་ཆུ་ཚད་མཚོན་ཐུབ་པར་བྱེད་པ་ལས་གཞན། མི་རབས་ནས་མི་རབས་བར་དུ་བརྒྱུད་ཐུབ་པའི་བརྩམས་ཆོས་ཁྱད་འཕགས་ཅན་ཞིག་ཡོང་དགོས་པའི་བླང་བྱ་བཏོན་ཡོད།  
               གསུམ།  གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་གི་སྐབས་སུ།  ངེས་པར་དུ་རང་བཞིན་གསུམ་དང་བསྒྱུར་མི་རུང་བ་བཞིའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ།  དེ་དག་བྱེ་བྲག་ཏུ་བརྗོད་ན།  རང་བཞིན་གསུམ་ནི། ཚན་རིག་གི་རང་བཞིན་དང་ཡོངས་འདུས་ཀྱི་རང་བཞིན། མཚོན་བྱེད་ཀྱི་རང་བཞིན་བཅས་དང་། བསྒྱུར་མི་རུང་བ་བཞི་ནི། བརྗོད་བྱའི་བསམ་བློའི་སྙིང་བོ་བསྒྱུར་མི་རུང་བ་དང་།   གཏམ་རྒྱུད་ཀྱི་གོ་རིམ་གཙོ་བོ་བསྒྱུར་མི་རུང་བ། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་བསྒྱུར་མི་རུང་བ། རྗོད་བྱེད་ཚིག་གི་ཁྱད་ཆོས་བསྒྱུར་མི་རུང་བ་བཅས་ཡིན།  གོང་གསལ་གྱི་རྩ་དོན་འདི་དག་ནམ་ཡང་རྒྱུན་འཛིན་བྱེད་པ་མ་གཏོགས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་བའི་བླང་བྱ་ནན་མོ་བཏོན་པ་ཡིན།  
               བཞི།  གླིང་སྒྲུང་གཅེས་བཏུས་ཞེས་པར་བསྡོམས་པས་སྒྲུང་དཔེ40ལེགས་སྒྲིག་པར་སྐྲུན་བྱེད་རྒྱུ་དང་།    སྒྲུང་དཔེ་རེར་བར་བཅུག་རི་མོ་དྲུག་རེ་དང་། སྒྲུང་དཔེ་རེའི་སྔོན་དུ་འགོ་བརྗོད་དང་མཇུག་ཏུ་མི་མིང་རྫོང་མིང་ས་མིང་མཚོན་མིང་རྟ་མིང་ལྷ་མིང་གཙོ་བོ་བཅས་ཀྱི་མཆན་འགྲེལ།  དེའི་མཇུག་ཏུ་དཔེ་ཆའི་མཇུག་བྱང་བཅས་བཀོད་དགོས་པ་དང་།    དེབ་རེར་སྙན་ངག་ཚིག་རྐང་ཁྲི་གཉིས་རེ་ཙམ་དང་། ཡིག་འབྲུ་འབུམ་བཞི་རེ་ཡིན་དགོས་ལ། སྒྲུང་དཔེ་འགའ་ཞིག་ལྷན་དུ་དེབ་གཅིག་ཏུ་བསྒྲིག་པ་དང་། གཞུང་ཚད་རིང་བའི་སྒྲུང་དཔེ་སྐོར་ཞིག་དེབ་སྟོད་སྨད་གཉིས་སུ་ཕྱེ་བ་བཅས་ཀྱི་བླང་བྱ་བཏོན་ཡོད་དོ། །   
               ལྔ།  གླིང་སྒྲུང་གཅེས་བཏུས་ཀྱི་མིང་ཚིག་ཐ་སྙད་ཡོད་དོ་ཅོག་གཅིག་གྱུར་ཚད་ལྡན་དུ་གཏོང་དགོས་པར་མ་ཟད།   ཕལ་ཆེ་བ་བརྡ་སྤྲོད་དང་མི་འགལ་ཞིང་།  ལེགས་སྒྲིག་མཁན་སུ་དང་སུ་ཡིན་རུང་གང་འདོད་ལྟར་བསྒྱུར་བ་དང་འདོར་བ་སོགས་གཏན་ནས་བྱེད་མི་རུང་། ཁྱད་པར་དུ་གླིང་སྒྲུང་དངོས་ཀྱི་སྐད་ཆ་དོར་ནས་རང་གི་ཕལ་སྐད་སོགས་སྦྱོར་མི་རུང་བའི་བླང་བྱ་བཏོན་པ་དང་ཆབས་ཅིག་ལེགས་སྒྲིག་སྐབས་སུ་འཕྲད་པའི་ཚད་ལྡན་དང་གཅིག་གྱུར་ཐད་དུ་གནས་པའི་གནད་དོན་དེ་མ་ཐག་ཡར་ཞུ་བྱེད་དགོས་པ་དང་མཁས་པ་རྣམས་དུས་ཐོག་ཏུ་བསྡུས་ནས་ཐག་གཅོད་བྱ་དགོས་པའི་བླང་བྱ་ཡང་བཏོན་ཡོད་དོ། །      
               གསུམ་པ། 《ཧོར་གླིང་གཡུལ་འགྱེད་》ཀྱི་ལེགས་སྒྲིག་སྐོར།
               དེ་ཡང་གླིང་སྒྲུང་གཅེས་བཏུས་དེབ་བཞི་བ་《ཧོར་གླིང་གཡུལ་འགྱེད་》བྱ་བ་འདིར་སྟོད་སྨད་ཆ་གཉིས་ཡོད་པ་ལས། སྟོད་ཆའི་བརྗོད་བྱ་གཙོ་བོ་ནི། གླིང་གེ་སར་རྒྱལ་པོ་དགུང་ལོ་བཅོ་ལྔ་པ། ཤིང་ཕོ་སྟག་གི་ལོ་ལ་ནག་པོ་བདུད་འདུལ་དུ་ཕེབས་ཤུལ་དུ། བགྲང་བྱ་གང་མང་ལ་ཕོ་ཡུགས་སུ་ལུས་པའི་ཧོར་གུར་དཀར་རྒྱལ་པོས་གསོས་བྱ་རྒྱ་བྱ་དང་རྨ་བྱ།  ནེ་ཙོ།  ཁྭ་ཏ་བཅས་བཞི་མངགས་ནས་བཙུན་མོ་འཚོལ་དུ་བཅུག    དེར་བླ་བྱ་ཁྭ་ཏས་གུར་དཀར་རྒྱལ་པོའི་བཀའ་གསུང་དང་དུ་བླངས་ཏེ་སྟོད་མངའ་རིས་སྐོར་གསུམ།   བར་དབུས་གཙང་རུ་བཞི།   སྨད་མདོ་ཁམས་སྒང་གསུམ་བཅས་ཡུལ་ཁམས་མང་པོར་འགྲིམས་ཏེ་མཐར་ཤར་ཁྲ་མོ་གླིང་ལ་སོང་ནས་སེང་ལྕམ་འབྲུག་མོའི་ཕ་རུས་མ་ཁུངས་དག་རྒྱུས་ལོན་གསལ་བོ་བྱས་ཤིང་།   ཕྱིར་སེར་པོ་ཧོར་ལ་ལོག་སྟེ་གུར་དཀར་རྒྱལ་པོར་བཙུན་མོ་བཙལ་བའི་ལོ་རྒྱུས་ཇི་མ་ཇི་བཞིན་ཡར་ཞུ་བྱས།   དེ་ནས་ཧོར་གུར་དཀར་རྒྱལ་པོས་ཁྭ་ཏས་རྒྱུས་ལོན་བགྱིས་པའི་ལོ་རྒྱུས་སོགས་ལ་ཤིན་ཏུ་རློམ་ནས་ཧོར་རྗེ་བློན་ཐམས་ཅད་སྐད་ཅིག་ཏུ་བསྡུས་ཤིང་། གླིང་སེང་ལྕམ་འབྲུག་མོ་འཕྲོག་དགོས་པའི་བཀའ་བཙན་པོ་བསྒྲགས་པ་ལྟར།   མ་འགྱངས་པར་ཧོར་དམག་ཁྲི་ཕྲག་མང་པོ་གླིང་ལ་དྲངས་ཏེ།  ཧོར་གླིང་གཉིས་བགྲང་བྱ་མང་པོའི་རིང་ལ་གཡུལ་འགྱེད་དྲག་པོ་བྱས་ནས། གླིང་དམག་བརྒྱ་ཕྲག་སུམ་ཅུ་དང་ཧོར་དམག་ཁྲི་ཕྲག་སུམ་ཅུ་ཤི་རྨས་སུ་བཏང་མཐར།  གླིང་གི་ཁྲོ་ཐུང་དཔོན་པོ་ནང་རུལ་བྱས་པས་ཇ་མཁར་རྨང་ནས་བཤིག་ཅིང་། འབྲུག་མོ་བཙན་གྱིས་ཕྲོགས་པ། རྒྱ་ཚ་ཞལ་དཀར་དགྲ་ལ་ཤོར་བ་སོགས་གླིང་ལ་ཕམ་ཉེས་ཡ་ང་བ་བྱུང་བའི་ལོ་རྒྱུས་ཡིན། སྨད་ཆའི་བརྗོད་བྱ་གཙོ་བོ་ནི། ཧོར་ཕར་འདུལ་ཏེ་གླིང་རྗེ་གེ་སར་རྒྱལ་པོ་ཉིད་ཀྱིས་མ་རུངས་བདུད་ཀླུ་བཙན་རྒྱལ་པོ་དམ་ལ་བཏགས་རྗེས། ཁོང་དང་མེ་བཟའ་འབུམ་སྐྱིད་གཉིས་ལྷན་དུ་བཞུགས་ནས་བགྲང་བྱ་མང་པོ་འགོར་འགྱངས་སུ་སོང་བར་བརྟེན།  སེང་ལྕམ་འབྲུག་མོས་སེམས་ཀྱིས་མ་བཟོད་པར་གེ་སར་རྒྱལ་པོར་སྔ་ཕྱིར་ཐེངས་གཉིས་ལ་འཕྲིན་ཡིག་བཏང་།    འབྲུག་མོའི་འཕྲིན་ཡིག་སེང་ཆེན་རྒྱལ་པོར་འབྱོར་བ་ལ་བརྟེན་ནས་བདུད་ནས་ཕྱིར་གླིང་དཀར་སྟོད་ལ་ལོག་ཅིང་།   དགྲ་ལ་ཤ་འཁོན་གླན་པ་དང་འབྲུག་མོ་ཕྱིར་བསུ་བའི་སླད་དུ།  སེར་པོ་ཧོར་ལ་ཕག་ཕེབས་ཤིང་གུང་སྨན་རྒྱལ་མོའི་ལུང་བསྟན་ལྟར། དངོས་དང་རྫུ་འཕྲུལ་ཅི་རིགས་ཀྱི་སྒོ་ནས་ཧོར་གྱི་སྒོ་སྲུང་བཅུ་གཉིས་དང་བླ་གནས་སྣ་ཚོགས། བདུད་བློན་གང་དྲག་རེ་རེ་བཞིན་བཏུལ་ནས། ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་ཏེ་ཆམ་ལ་ཕབ་པ་དང་།  འབྲུག་མོ་དང་གླིང་གི་རྟེན་གསུམ་དངོས་རྫས་ཕྲོགས་ཚད་ཀུན་རང་ནོམ་དུ་བླངས་པར་མ་ཟད། ཤན་པ་རྨེ་རུ་རྩེ་གཙོ་བྱས་པའི་ཧོར་འབངས་རྣམས་ཀྱིས་གེ་སར་རིན་པོ་ཆེར་འགྱོད་བཤགས་དང་མགོ་འབུལ་བྱས་པའི་ལོ་རྒྱུས་ཡིན་ནོ། །  
               སྒྲུང་དཔེ་འདིའི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ།  བྱུང་རིམ་ཆ་ཚང་ཞིང་ཀྱག་ཀྱོག་མང་བ།  རྗོད་བྱེད་ཚིག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པས་སྙན་ཞིང་བབ་ཆགས་ལ།   ཡོན་ཏན་མཆོག་དམན་གང་གིས་བལྟས་ཀྱང་གོ་སླ་བ། བོད་ཀྱི་སྲོལ་རྒྱུན་རྩོམ་སྲོལ་འབུར་དུ་ཐོན་ཞིང་འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་ཤུགས་དྲག་པས།  མཚར་བའི་ཉམས་དང་ཡིད་འགུག་གི་ནུས་པ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ།  གླིང་གེ་སར་རྒྱལ་པོའི་སྒྲུང་ཡོད་ཚད་ཀྱི་ནང་ནས་གཙོ་ཆེ་ཤོས་དང་ཏོག་ལྟ་བུར་གྱུར་ཡོད་དོ། །  
               འདིར་《ཧོར་གླིང་གཡུལ་འགྱེད་》ཅེས་པའི་སྒྲུང་དཔེ་འདི་འཛོམས་པོ་སྤུས་ལེགས་ཤིག་ཡོང་བའི་ཕྱིར་དུ། བོད་ཀྱི་མཁས་དབང་རྣམ་པ་དང་ཆེད་ལས་མི་སྣ་དག་གིས་སྔ་ཕྱིར་ཐེངས་གསུམ་ལ་ལེགས་སྒྲིག་དང་ཞུ་དག་གང་ལེགས་མཛད་པའི་གནས་ཚུལ་ཙམ་ཞུས་ན། །  
               ལེགས་སྒྲིག་ཐེངས་དང་པོ་ནི། མི་དབང་བསོད་ནམས་སྟོབས་རྒྱས《1689-1747》ཀྱི་སྐུ་རིང་ལ་སྟག་རྫོང་བསམ་གྲུབ་རབ་བརྟན་རྫོང་གི་འགན་བཞེས་པ་བསོད་ནམས་དཔལ་ལྡན་དང་།  བདེ་མཁར་དངོས་གྲུབ་བཀྲ་ཤིས་ཀྱིས་གསུང་ནན་མོ་སྩལ་བ་སོགས་ལ་བརྟེན་ནས།   ཐོས་དོན་ཉམས་ལེན་ལ་ཐུགས་དགྱེས་པའི་བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྒྲུང་གི་ས་བོན་ཙམ་ལས་གླུ་ལེན་གྱི་བར་སྐབས་སོགས་མེད་པའི་སྒྲུང་འབུམ་ཞེས་པ་ཞིག་གཞིར་བཞག་ནས།   མདོ་ཁམས་གླིང་གསུམ་གྱི་སྒྲུང་བཤད་མཁས་པ་ཉི་ཤུ་སྐོར་ལས་དངོས་སུ་གསན་ཞིང་།  ལྷག་པར་དུ་སྡེ་དགེའི་སྒྲུང་པ་ཚེ་རིང་དོན་གྲུབ་དང་། ནང་ཆེན་སྒྲུང་པ་ལྷ་དབང་རིག་འཛིན། ཆབ་མདོ་ཞང་ལུ་ཕུན་ཚོགས། གླིང་པ་ལྷའུ་བཀྲ་ཤིས་བཅས་ཀྱི་ངག་རྒྱུན་ཡིད་ལ་གསལ་བ་རྣམས་ཀྱི་ནང་དོན་ལྟར་བླང་དོར་གང་ལེགས་དང་།  ཚིག་དོན་མི་འགལ་བར་ཁ་འགེངས་དགོས་པ་རྣམས་ཀྱིས་ལེགས་པར་ཟུར་བརྒྱན་པར་བརྟེན།  སྤུས་ལེགས་ཤིང་ཆ་ཚང་བའི《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་སྨད་ཆ་ཞེས་པ་འདི་ཤིང་སྟག་ཆོ་འཕྲུལ་གྱི་ཉ་ནས་སུག་བྲིས་ཀྱི་དབུ་བཙུགས་ཏེ།  ཤིང་མོ་ཡོས་ཀྱི་རྒྱལ་ཉི་གྲལ་ཚེས་ལ་ལེགས་པར་གྲུབ་བོ། །  
               ལེགས་སྒྲིག་ཐེངས་གཉིས་པ་ནི།  ལོ་རབས་དྲུག་ཅུའི་སྐབས་སུ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པ་ནས།  རང་ཞིང་གི་བོད་རིགས་མཁས་པ་གསུང་རབ་རྒྱ་མཚོ་དང་ཚེ་ཏན་ཞབས་དྲུང་།  དགུ་རོང་རྒྱལ་སྲས། ངག་དབང་ཆོས་འཕེལ། ལྕགས་ལོ་བཅས་ལ་དེབ་འདི་ལེགས་སྒྲིག་དང་ཞུ་དག་གནང་དགོས་ཀྱི་སྐུལ་མ་ཞུས་པ་ལྟར།  ཁོང་རྣམ་པས་དེ་སྔ་བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་མཆོག་གིས་ལེགས་སྒྲིག་མཛད་པའི་སྒྲུང་དཔེ་དེ་གཞི་བྱས་ཤིང་།  སྒྲུང་དཔེ་འདྲ་མིན་ལྔ་ཙམ་ལ་ཞིབ་བསྡུར་བྱས་ནས་ལེགས་ཆ་གང་ཡོད་སྡུད་ཅི་ཐུབ་དང་།  མཁོ་མེད་དང་ཟློས་སྐྱོན་ཅི་ཡོད་འདོར་གང་ཐུབ་མཛད་དེ། བརྡ་རྙིང་དང་ཡུལ་སྐད་གྲགས་ཆེ་བ་རེ་གཉིས་ཙམ་མ་གཏོགས། ཐ་སྙད་ཕལ་ཆེར་བོད་ཁམས་ཡོངས་ཀྱིས་གོ་སླ་བའི་སྤྱི་སྐད་དུ་བཅོས་ཤིང་།  དུས་གསུམ་བྱ་བྱེད་དང་རྣམ་དབྱེའི་འཇུག་པ་སོགས་ཀྱང་སུམ་རྟགས་ཀྱི་དགོངས་པ་དང་མི་འགལ་བར་མཛད་དེ།   སྟོད་ཆ་དེ་སྤྱི་ལོ1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་གནང་བ་དང་།  སྨད་ཆ་དེ་སྤྱི་ལོ1979ལོར་པར་སྐྲུན་འགྲེམ་སྤེལ་གནང་བའོ། །  
               ལེགས་སྒྲིག་ཐེངས་གསུམ་པ་ནི།  ད་རེབ་དག་སྒྲིག་པར་སྐྲུན་བྱས་པ་འདི་ཡིན། ལར་སྔོན་བྱོན་མཁས་དབང་རྣམས་ཀྱིས་ལེགས་སྒྲིག་ཡང་ཡང་མཛད་པའི་སྒྲུང་དཔེ་འདི་བསྐྱར་སྒྲིག་བགྱིད་པའི་དགོས་པ་མེད་ལ་དེའི་སྤོབས་པའང་ཤིན་ཏུ་ཕྲ་མོདེ།  འོན་ཏེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གླིང་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱིས་དབུ་ཁྲིད་བྱེད་པའི་གླིང་སྒྲུང་གཅེས་བཏུས་དེབ་བཞི་བཅུ་ལེགས་སྒྲིག་པར་སྐྲུན་བྱེད་རྒྱུ་འདི་ལ་ཕྱིའི་བཟོ་དབྱིབས་དང་ནང་གི་སྒྲིག་སྟངས། ཡིག་འབྲུའི་མང་ཉུང་བཅས་གཅིག་མཚུངས་ཡོང་དགོས་པ་ལ་སོགས་པར་བླང་བྱ་དང་རྩ་དོན་ཞིབ་མོ་བཏོན་ཡོད་པས་ཡང་བསྐྱར་ལེགས་སྒྲིག་མ་བྱས་ན་མི་ཆོག  དེའི་ཕྱིར་ངེད་ཅག་གིས་སྔོན་བྱོན་མཁས་པ་རྣམས་ཀྱིས་ལེགས་སྒྲིག་པར་སྐྲུན་མཛད་པའི་《ཧོར་གླིང་གཡུལ་འགྱེད་》གཞིར་བཟུང་ཞིང་།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཧོར་གླིང་གཡུལ་འགྱེད་》སོགས་སྒྲུང་དཔེ་མི་འདྲ་བ་དུ་མར་ཞིབ་བསྡུར་བྱས་ནས་དག་སྒྲིག་ནན་མོ་བགྱིས་པ་ལགས།  
               གཤམ་དུ་གསར་དུ་ལེགས་སྒྲིག་བྱས་པའི་སྐོར་རགས་ཙམ་ངོ་སྤྲོད་བྱའོ། །  
               གཅིག    གླིང་སྒྲུང་གཅེས་བཏུས་ཀྱི་དེབ་རེའི་སྔོན་དུ་འགོ་བརྗོད་འབྲི་དགོས་པའི་རྩ་དོན་ལྟར་《ཧོར་གླིང་གཡུལ་འགྱེད་》སྟོད་ཆའི་སྔོན་དུ་འགོ་བརྗོད་གསར་དུ་བྲིས། དེའི་ནང་དུ་གཙོ་བོ་བརྗོད་བྱའི་གཏམ་རྒྱུད་ཀྱི་ནང་དོན་གནད་བསྡུས་དང་ལེགས་སྒྲིག་གི་དགོས་པ།   སྔ་ཕྱིར་ཐེངས་གསུམ་ལ་ལེགས་སྒྲིག་མཛད་པའི་བརྒྱུད་རིམ་དང་།  ཁྱད་པར་དུ་ད་རེབ་ལེགས་སྒྲིག་བྱས་པའི་ནང་དོན་གྱི་སྐོར་མཚམས་སྦྱོར་ཞིབ་མོ་བྱས་ཡོད་པར་མ་ཟད།   དཔྱད་གཞིའི་ཡིག་ཆའི་འབྱུང་ཁུངས་དག་ཀྱང་གསལ་བོར་ངོ་སྤྲོད་བྱས་ཡོད། 
                གཉིས།  《ཧོར་གླིང་གཡུལ་འགྱེད་》སྔོན་མའི་ནང་དུ་གླུ་ཚིག་ཐམས་ཅད་ལྷུག་རྩོམ་ཇི་བཞིན་བསྒྲིགས་ཡོད་པ་ཚང་མ་སྙན་ངག་གི་སྒྲིག་ཚུལ་ལྟར་རྐང་པ་རེ་རེ་འཕྲེད་དུ་བསྒྲིགས་པ་དང་།    གླུ་ཚིག་རེ་རེའི་མགོ་མཇུག་ཏུX Xསྐོང་རྟགས་བརྒྱབ་ཡོད་པ་ཐམས་ཅད་ཡི་གེར་བྲིས་ནས་ཁ་བསྐངས་ཏེ་གཅིག་གྱུར་བྱས་ཤིང་།  ད་དུང་འཇིག་རྟེན་སྤྱི་ལུགས་དང་ཆེར་མི་མཐུན་པའི་བྱུང་རིམ་རེ་གཉིས་མདོར་བསྡུས་པ་དང་།  གཞན་ཡང་《ཧོར་གླིང་གཡུལ་འགྱེད་》ཅེས་པ་དང་《ཧོར་འདུལ་》ཞེས་པའི་སྤྱི་མིང་ལ་《ཧོར་གླིང་གཡུལ་ཆེན་》ནམ་《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆ་ཞེས་པའི་འདོགས་ལུགས་གཉིས་ཡོད་པ་ལས་ཕྱི་མ་ལེགས་པར་སྙམ་ནས་སོར་བཞག་བྱས་ཡོད།  
               གསུམ།  ཤོག་ངོས་རེ་རེའི་གཡས་ཀྱི་ཐོད་ལ་ཧོར་གླིང་གཡུལ་འགྱེད་ཅེས་ཡིག་འབྲུ་བཞི་གཅིག་གྱུར་གྱིས་བྲིས་ཡོད་ལ།  ཤོག་ངོས་རེ་རེའི་གཡོན་ཐོད་ལ་ལེའུ་རེ་རེའི་ནང་དོན་ལྟར་ཡིག་འབྲུ་བདུན་རེ་མང་ཉུང་མེད་པར་བྲིས་ཡོད། དཔེར་ན།  ཁྭ་ཏ་མངགས་ནས་བཙུན་མོ་བཙལ་ལྟ་བུ་དང་མོ་མ་དུང་མགོས་རྨི་ལམ་བཤད་ལྟ་བུའོ།  །དེ་ཡང་ཡིག་འབྲུ་བདུན་རེ་འབྲི་དོན་ཡང་མིག་ལ་མཛེས་ཤིང་བཀླགས་ན་ཁར་བདེ་བ་ཙམ་མིན་པར་དོན་བསྡུས་ཤིང་བརྗོད་བདེ་བའི་ཆེད་དུ་ཡིན།   
               བཞི། མིང་ཚིག་ཐ་སྙད་དག་བཅོས་བགྱིས་པའི་སྐོར་ལ་ཡང་། དགའ་བདེ་དང་སྒ་བདེ། དགའ་སྡེ་སོགས་སྒ་སྡེ་ཞེས་བཅོས་པ་དང་། སྨུག་པོ་གདོང་ཞེས་པ་སྨུག་པོ་ལྡོང་ཞེས་བཅོས་པ།    དཔའ་ཐུལ་ཞེས་པ་དཔའ་རྟུལ་ཞེས་བཅོས་པ།  བསྭོ་དང་སྭོ་སྭོ་ཞེས་པ་བསོ་བསོ་ཞེས་བཅོས་པ།  ཡགས་པ་ཞེས་པ་ཡག་པ་ཞེས་བཅོས་པ། དམུ་སྤྱང་ཞེས་པ་རྨུ་སྤྱང་ཞེས་བཅོས་པ། སེང་ཕྲུག་སྟག་རྩེ་ཕོ་བྲང་ཞེས་པ་སེང་འབྲུག་སྟག་རྩེ་ཕོ་བྲང་ཞེས་བཅོས་པ།  མང་ཉུང་གི་མང་ལ་མངས་ཞེས་པ་མང་ཞེས་བཅོས་པ། མ་གོ་གླུ་ལ་འབྲེལ་བ་མེད་ཅེས་པ་མ་གོ་གླུ་ལ་འགྲེལ་བ་མེད་ཅེས་བཅོས་པ། དམངས་ཚོགས་ཞེས་པ་མང་ཚོགས་ཞེས་བཅོས་པ། ཚིག་ཕྲད་ཞེས་པ་དང་ཅེས་པ།    ཀྱང་དང་ཡང་ལྟ་བུ་སུམ་ཅུ་བའི་ཐོབ་ཐང་ལྟར་བཅོས་སོ། །ད་དུང་སྒྲུང་དཔེ་ལས། རི་སྟོད་རྟ་ཡིས་བཀང་ལེ། རྟ་འདོ་བ་སྲུང་དར་བཏགས་ལེ།  ལྟ་བུ་སུམ་རྟགས་ཀྱི་ཚིག་ཕྲད་ཀྱི་འཇོག་ཚུལ་དང་མི་མཐུན་པའང་སོར་བཞག་བྱས་ཡོད། ཁྲིགས་སེ་ཁྲིག ཁྱུགས་སེ་ཁྱུག འཚུབས་སེ་འཚུབ། སྤུངས་སེ་སྤུང་ལྟ་བུ་ཅུང་མང་བ་ཐམས་ཅད་རྗེས་འཇུག་ལ་བལྟས་ནས་བཞག་པ་དང་།  དཔེར་ན་ཁྲིགས་ལེ་ཁྲིག་དང་སྤངས་ལེ་སྤང་ལྟ་བུར་དག་བཅོས་བྱས་པ་ཡིན། གཞན་ཡང་སྐྱིད་ཏོ་བསམ་མམ་སྡུག་ཏོ་བསམ་ལྟ་བུ་ཡང་རྗེས་འཇུག་ལྟར་དག་སྒྲིག་བྱས་པ་ཡིན་ཡང་སྔར་ཡོད་ཀྱི་ཚིག་ཉམས་མི་ཤོར་བ་རྣམས་དག་བཅོས་བྱས་པ་ལས།  དག་བཅོས་བྱས་ན་ཚིག་ཉམས་ཤོར་དོགས་པ་རྣམས་སོར་བཞག་བྱས་ཡོད།  རྒྱུ་མཚན་ཡང་དེ་ནི་གླིང་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པར་སྙམ།   
               ལྔ།  《ཧོར་གླིང་གཡུལ་འགྱེད་》སྨད་ཆའི་ནང་དུ་གླིང་གེ་སར་རྒྱལ་པོས་ཧོར་གྱི་སྒོ་སྲུང་དར་མ་རྐང་གཅིག་བཏུལ་བ་དང་།   གུར་དཀར་རྒྱལ་པོ་སྤྲེལ་མགྱོགས་བྱས་ཚུལ། གུར་དཀར་ལ་གཉའ་སྒ་དངོས་སུ་བསྟད་ཚུལ། འབྲུག་མོའི་བུ་རྩེ་རྒོད་དཀར་མོ་སྟག་རྫོང་གི་ཀ་བར་བསྟིམས་པའི་བྱུང་རིམ་བཅས་པ་སྒྲུང་དཔེ་ལས་བཏུས་ནས་ཁ་སྣོན་བྱས་ཤིང་།  ད་དུང་ལེའུ་དང་ནང་དོན་མི་མཐུན་པའམ་འགལ་བ་ཡོད་པ་དག་མཐུན་པར་བསྒྲིགས་ཏེ་ཚིག་རྒྱན་ཡོད་ཚད་སེལ་ཅི་ཐུབ་བྱས་ཡོད། 《ཧོར་གླིང་གཡུལ་འགྱེད་》སྨད་ཆའི་ལེའུའི་ཚིག་རྐང་གཉིས་རེ་དེ་ཚིག་རྐང་བཞི་རེར་བཅོས་ཡོད་པ་དང་།  པར་གཞིའི་སྒྲིག་སྟངས་ཀྱང་གླིང་སྒྲུང་གཅེས་བཏུས་ཀྱི་སྒྲིག་སྲོལ་ལྟར་གསར་དུ་བཅོས་པ་ཡིན།   
               དྲུག  《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆའི་མ་ཡིག་ལ་ལེའུ62ཡོད་པ་དེ་བསྡུས་ནས་ལེའུ38དུ་བཅོས་པ་དང་།  ཤོག་ངོས་229ཡོད་པ་ཤོག་ངོས་200ཡས་མས་སུ་བཅོས་པ་ཡིན་ནོ།  །དེ་ཡང་སྟོད་ཆ་ལ་ཤོག་ངོས600ཡས་མས་དང་ཡིག་འབྲུ་འབུམ་བཞི་ཡོད་ལ།  སྨད་ཆ་ལའང་ཤོག་ངོས600ཡས་མས་དང་ཡིག་འབྲུ་འབུམ་བཞི་ཡོད།  སྟོད་སྨད་ཆ་གཉིས་སུ་ཚིགས་བཅད་དང་གླུ་ཚིག་བཅད་ལྷུག་དང་གླུ་གོང་འོག་གི་དོན་བསྐྱར་ཟློས་སུ་གྱུར་པ།  སྤང་དོར་བྱས་ཀྱང་དོན་ལ་མི་འགལ་བའི་སྐོར་ཕལ་ཆེར་ཡིག་འབྲུ་ཁྲི་ཕྲག་བཞི་ལྷག་ཉུང་འཕྲི་བྱས་ཡོད། འདི་ཡང་གླིང་སྒྲུང་གཅེས་བཏུས་ཀྱི་སྤྱིའི་སྒྲིག་སྟངས་དང་མཐུན་པ་ཡིན།  
               གཞན་ཡང་《ཧོར་གླིང་གཡུལ་འགྱེད་》ཀྱི་སྨད་ཆའི་མཇུག་ཏུ་མཇུག་བྱང་བྲིས་ཏེ་ལེགས་སྒྲིག་གི་བརྒྱུད་རིམ་དང་།    ལས་དོན་འདིར་རྒྱབ་རོགས་དང་ཐུགས་ཁུར་གནང་བའི་སྐོར།  ཁྱད་པར་དུ་མཁས་པ་རྣམས་ཀྱིས་ཞུ་དག་མཛད་པ་བཅས་གསལ་བོར་བཀོད་ཡོད།  
               བདུན།《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆའི་ནང་གི་མི་མིང་ས་མིང་མཚོན་མིང་གཙོ་བོའི་སྐོར་འགྲེལ་བཤད་བརྒྱབ་ཡོད། དཔེར་ན། ཁྲ་མོ་གླིང་དང་སེང་འབྲུག་སྟག་རྩེ་ཕོ་བྲང་།  ཁྲ་སྟོད་གནམ་རྫོང་ཕྱུག་མོ།  ཕོ་རོག་སྙིང་རྫོང་། གླིང་གི་དཔའ་རྟུལ་སུམ་ཅུ། ཡང་རྟུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ། རྫོང་ཆེན་བཅོ་བརྒྱད། སེར་པོ་ཧོར། གུར་དཀར་རྒྱལ་པོ། སྲས་ལྷ་བུ་ལེགས་པ། ཨ་ལྔ་མཐེབ་དྲུག སྡིག་གཅོད་ཤན་པ་རྨེ་རུ་རྩེ། ཧོར་གྱི་པ་དུར་བཅུ་བདུན། ཐེའུ་རང་བླ་ལྕགས། སྒྱོགས་རྡོ། རྟ་རྒྱ་བྱ། མཚོན་ཨ་ཟི་འགུ་ཟི་ཡ་ཟི་ལྟ་བུའི་མིང་བརྡ་ཕལ་ཆེར་ལྔ་བཅུར་མཆན་འགྲེལ་ཞིབ་མོ་བརྒྱབ་སྟེ་དཔེ་ཆའི་མཇུག་ཏུ་བཀོད་ཡོད་པ་ལྟ་བུའོ། །     བཞི་པ། ལེགས་སྒྲིག་ཐད་ཀྱི་ལྟ་ཚུལ་འགའ།
               གླིང་སྒྲུང་གཅེས་བཏུས་ཆ་ཚང་དེབ་བཞི་བཅུ་ལེགས་སྒྲིག་དང་པར་སྐྲུན་བགྱིད་པ་འདི་བོད་ཀྱི་ལོ་རྒྱུས་སྟེང་དུ་ཐེངས་དང་པོ་ཡིན་པ་དང་།   བདག་ལ་མཚོན་ནའང་འདི་འདྲའི་གཞི་རྒྱ་ཆེ་བའི་ལེགས་སྒྲིག་གི་ལས་དོན་ནང་ཞུགས་པའང་ཐེངས་དང་པོ་ཡིན། དེ་བས་ན་མྱོང་ཚོར་རམ་ཤེས་རྟོགས་མི་ཉུང་བ་ཞིག་སྐྱེས་པ་ནི་སྨོས་མ་དགོས་སོ། །གཤམ་དུ་ལེགས་སྒྲིག་ཐད་ཀྱི་ལྟ་ཚུལ་མང་པོ་ལས་གཙོ་བོ་སྤྱི་ལ་ཕན་པ་འགའ་གནད་བསྡུས་ཀྱིས་བརྗོད་པར་བྱ་སྟེ།   
               གཅིག ད་ལྟ་དངོས་སུ་ལེགས་སྒྲིག་བགྱིས་པའི་སྒྲུང་དཔེ་《འཁྲུངས་གླིང་》དང་《རྟ་རྒྱུག་རྒྱལ་འཇོག་>《བདུད་གླིང་།》《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆ་བཅས་བཞི་ནི་གླིང་སྒྲུང་གཅེས་བཏུས་ཀྱི་ཐོག་མའི་དེབ་བཞི་ཡིན་པས། མདུན་ཤོག་གི་ཇུས་འགོད་དང་ནང་དོན་གྱི་སྒྲིག་སྟངས།  མིང་ཚིག་ཐ་སྙད་ཀྱི་གཅིག་གྱུར་བཅས་པའི་ཐད་དུ་མཁས་པ་བགྲེས་གཞོན་མི་ཉུང་བ་ཞིག་གིས་ནན་ཏན་གྱིས་ཞིབ་འཇུག་དང་སུན་སྣང་མེད་པར་ཞུ་དག་བྱས་ཡོད་ཅིང་། དེའི་ཕྱིར་འདི་ནི་གླིང་སྒྲུང་གཅེས་བཏུས་ཀྱི་སྔོན་ཁྲིད་པ་དང་ཚད་ལྡན་པ་ཡིན་པར་བརྟེན་རྗེས་མའི་སྒྲུང་དཔེ་ཡོད་དོ་ཅོག་དག་སྒྲིག་པར་སྐྲུན་བྱེད་པའི་སྐབས་སུ་བློ་སེམས་འགྱུར་བ་མེད་པར་མ་དཔེར་བཟུང་ནས་ཇི་མ་ཇི་བཞིན་དུ་ལེགས་སྒྲིག་བྱེད་དགོས་པ་ལགས། དེའི་རྒྱུ་མཚན་གཙོ་བོ་ཡང་རྗེས་མའི་སྒྲུང་དཔེ་དག་སྒྲིག་བྱེད་པའི་སྐབས་སུ་རུང་མོས་གང་ཤར་དུ་བཟོ་བཅོས་བགྱིས་ན་གཅིག་གྱུར་དང་ཚད་ལྡན་ཡོང་བར་ཤན་ཤུགས་ངན་པ་ཐེབས་པའི་རྐྱེན་གྱིས་སོ། །  
               གཉིས།  ལེགས་སྒྲིག་པའི་ཆེད་ལས་ཆུ་ཚད་ཀྱི་མཐོ་དམའ་དེས་གླིང་སྒྲུང་གཅེས་བཏུས་ཀྱི་རྒྱུ་སྤུས་བཟང་ངན་ལ་ཐད་ཀར་ཤན་ཤུགས་ཐེབས་ངེས་ཡིན་པས། ལེགས་སྒྲིག་མི་སྣ་གཏན་ཁེལ་ལེགས་པོ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན།  གལ་སྲིད་གླིང་སྒྲུང་ལ་རྒྱུས་ལོན་ཟབ་མོ་མེད་པའི་མཁས་པ་ཞིག་ཡིན་ན་སྤྲོ་སེམས་འབའ་ཞིག་གིས་མི་ཆོག་སྙམ།  དེའི་རྒྱུ་མཚན་གཙོ་བོ་ཡང་ཐོག་མའི་སྒྲུང་དཔེ་བཞིའི་ལེགས་སྒྲིག་གི་ལག་ལེན་ལས་བལྟས་ན། ཡིག་ཐོག་སྙན་ངག་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ན་དམངས་ཁྲོད་ཀྱི་ངག་ཐོག་སྙན་ངག་ལ་སྤྲོ་བ་མེད་པས་ན།  ཡོད་ཚད་ཡིག་ཐོག་སྙན་ངག་ཏུ་བསྒྱུར་ཏེ་གླིང་སྒྲུང་གི་སྔར་ཡོད་ཀྱི་མང་ཚོགས་ཀྱིས་ཉན་འདོད་པ་དང་གོ་སླ་བའི་ངག་ཐོག་སྙན་ངག་རྣམས་ཀྱི་ཉམས་ཤོར་བར་འཇུག་པ་དང་། ཡང་བོད་ཀྱི་བརྡ་སྤྲོད་རིག་པར་མཁས་པའི་མི་ཞིག་ཡིན་ན་གླིང་སྒྲུང་སྒྲིག་སྐབས་སུ་བརྡ་སྤྲོད་གཙོ་བོར་བཟུང་སྟེ་བཅོས་པས་གླིང་སྒྲུང་གི་སྔར་ཡོད་ཀྱི་ཚིག་གི་ཁྱད་ཆོས་ཕལ་ཆེར་དོར་ནས་དམངས་ཁྲོད་རྩོམ་རིག་གི་ཚིག་ཉམས་མེད་པར་བཟོ་བ།   ནང་དོན་རིག་པར་མཁས་པ་ཞིག་ཡིན་ནའང་དེ་བཞིན་ཆོས་ལུགས་ཀྱི་ཚིག་དང་དོན་ལ་ཤིན་ཏུ་དོ་སྣང་བྱེད་པ་ལས་དམངས་ཁྲོད་ཀྱི་གཏམ་དཔེ་དང་བཤད་པ།  གླུ་ཤགས་ལྟ་བུར་མཐོང་ཆུང་བྱེད་པ་ལྟར་རོ། །དེ་བས་ཕྱིས་སུ་གེ་སར་ལ་ཆ་རྒྱུས་ཡོད་པ་དང་ལེགས་སྒྲིག་གི་ཉམས་མྱོང་ཡོད་པ་སྐོར་ཞིག་གཏན་ཁེལ་བྱས་ཏེ་བྱ་བ་འདི་དམ་ལྷོད་མེད་པར་འཛིན་རྒྱུ་ནི་གལ་ཆེའོ། །   
               གསུམ།  ད་ལྟ་གེ་སར་སྒྲུང་གི་དཔྱད་གཞིའི་ཡིག་རིགས་སྡུད་སྒྲིག་བྱས་པ་ཞན་པས་གླིང་སྒྲུང་གཅེས་བཏུས་ཀྱི་ལེགས་སྒྲིག་བྱ་བར་དཀའ་ངལ་མང་པོ་བཟོས་ཡོད།   སྒྲུང་དཔེ་ཉིས་བརྒྱ་ལྷག་གི་ཁ་ཡིག་མཐོང་རྒྱུ་ཡོད་ཀྱང་དཔེ་ཆ་མཐོང་རྒྱུ་མེད་པ་ལས་གཞན་པར་དུ་བསྐྲུན་ཟིན་པའི་སྒྲུང་དཔེ80ལྷག་གི་དཔེ་དེབ་ཆ་ཚང་བ་ཞིག་ཀྱང་མཐོང་ཐབས་མེད།    དེར་བརྟེན་གླིང་སྒྲུང་གཅེས་བཏུས་ཀྱི་ལེགས་སྒྲིག་པར་སྐྲུན་བྱ་བ་བདེ་བླག་ངང་འགྲུབ་པར་བྱེད་བསམས་ན་གླིང་སྒྲུང་གི་དཔྱད་གཞིའི་ཡིག་རིགས་ཁང་ལེགས་པོ་ཞིག་བཙུགས་ཏེ་གེ་སར་སྒྲུང་གི་དཔེ་དེབ་ཡོད་ཚད་འཚོལ་སྡུད་བྱེད་པ་དང་། འབྲེལ་ཡོད་ཀྱི་ཡིག་རིགས་གལ་ཆེན་སྐོར་ཉར་ཚགས་བྱེད་པ་སོགས་ནན་འཛིན་བྱེད་དགོས་པ་ལགས།  
               བཞི། གླིང་སྒྲུང་གཅེས་བཏུས་གླེགས་བམ་བཞི་བཅུའི་ནང་དུ་གེ་སར་སྒྲུང་ཡོད་ཚད་ཀྱི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཉིང་བཅུད་ཕལ་ཆེར་བསྡུ་དགོས་པ་དང་། མིང་ཚིག་ཐ་སྙད་ཡོད་དོ་ཅོག་གཅིག་གྱུར་བྱེད་དགོས་ལ། མདོ་དབུས་ཁམས་གསུམ་གང་གི་ཡིན་ཀྱང་རུང་སྟེ་ཡིག་ཐོག་ཏུ་ཡོད་མྱོང་བའི་གནའ་བོའི་མིང་ཚིག་རྙིང་བ་དག་སོར་བཞག་ཀྱང་བྱེད་དགོས། སྒྲུང་དཔེ་རང་སྟེང་གི་ཐུན་མོང་མ་ཡིན་པའི་བརྗོད་སྟངས་ཏེ། དཔེར་ན། དགའ་ལེ། ཐུག་ལེ། སྡུག་ལེ། བརྫངས་ལེ། དགོས་ལེ་ལྟ་བུ་དང་སྐྱིད་ཏོ་སྡུག་ཏོ། ཁྲིགས་སེ། ཧྲུག་གེ ལྡེམས་སེ། སྤངས་སེ་ལྟ་བུ་སོགས་བརྡ་སྤྲོད་ལ་མི་མཐུན་པ་རྣམས་ཀྱང་སོར་བཞག་བགྱིད་པ་བཅས་ལ་དོ་སྣང་ལེགས་པོ་གནང་དགོས།  
               ལྔ། གླིང་སྒྲུང་གཅེས་བཏུས་འདི་ཕྱི་ནང་མཁས་པ་ཀུན་གྱིས་ཁས་ལེན་པའི་གླེགས་བམ་ཕུན་སུམ་ཚོགས་པ་ཞིག་ཏུ་ཡོང་དགོས་ན།  མུ་མཐུད་དུ་དྲང་ལྡོག་ཕྱོགས་གཉིས་ཀྱི་བསམ་འཆར་སྡུད་ལེན་བྱེད་དགོས།  བསམ་འཆར་སྡུད་ལེན་བྱེད་པའི་དམིགས་ཡུལ་ནི་གླིང་སྒྲུང་གཅེས་བཏུས་འདིའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་སླད་དུ་ཡིན་པས།  མི་ཚོས་བཏོན་པའི་བསམ་འཆར་དག་ལས་དེར་ཕན་པའི་བསམ་འཆར་ཡིན་ན་ཟུར་ལྟ་བྱས་ཆོག   དེ་ཡང་ཡིག་འབྲུ་འགའ་རེ་དང་ཚིག་འགའ་རེའི་དག་བཅོས་ཀྱི་བསམ་འཆར་ཡིན་ན་གཙོ་སྒྲིག་པས་ཐག་གཅོད་བགྱིས་ནས་དག་བཅོས་བྱས་ཆོག་ལ།  གླེགས་བམ་བཞི་བཅུའི་སྤྱིའི་སྒྲིག་སྟངས་དང་རྩ་དོན་སོགས་ལ་འབྲེལ་བའི་བསམ་འཆར་ཡིན་ན་འབྲེལ་ཡོད་མཁས་པ་ཐུན་མོང་གིས་གྲོས་བསྡུར་བྱས་ཏེ་ཐག་བཅད་ན་ལེགས་པར་སེམས།  
               སྤྱིར་གླིང་སྒྲུང་གཅེས་བཏུས་ཀྱི་དེབ་བཞི་བ་《ཧོར་གླིང་གཡུལ་འགྱེད་》འདི་སྒྲུང་དཔེ་ཀུན་ལས་ཆེས་ལེགས་པའི་མ་དཔེར་གྱུར་པ་ནི་བདག་དང་ཆབ་འགག་རྟ་མགྲིན་གཉིས་ཀྱི་ལེགས་སྒྲིག་གི་གྲུབ་འབྲས་ཙམ་མིན་པར།   དེ་ཡང་གཙོ་བོ་སྔོན་བྱོན་མཁས་པ་དམ་པས་ལེགས་སྒྲིག་གི་རྨང་གཞི་བཏིངས་པ་བཟང་ཐོག  གཙོ་སྒྲིག་པ་འཇམ་དཔལ་རྒྱ་མཚོ་ལགས་དང་རྡོ་རྗེ་མཁར།  མི་འགྱུར་བཅས་ཀྱིས་ཞུ་དག་ནན་མོ་བགྱིས་པར་མ་ཟད།   ཇི་ལྟར་དག་བཅོས་བྱ་བའི་དགོངས་འཆར་ཡང་གང་ཕན་བཏོན་པས་ཁོང་རྣམ་པར་ཡང་བསུབ་ཐབས་མེད་པའི་ཕྱག་རྗེས་ཡོད་པ་རེད།   ད་དུང་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་གང་ནུས་ཀྱིས་རྩོམ་སྒྲིག་ལེགས་པོ་བགྱིས་ཡོད།   འདིར་ཁོང་རྣམ་པ་གཙོ་མཛད་པའི་འབྲེལ་ཡོད་ཀྱི་གྲོགས་པོ་ཐམས་ཅད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།   ཕྱིས་སུ་ཡང་མུ་མཐུད་དུ་གང་ནུས་ཀྱིས་རྒྱབ་རོགས་དང་ལྷག་བསམ་གྱིས་ཐུགས་ཁུར་གནང་རྒྱུའི་འདུན་པ་དམ་པོ་མཆིས་སོ། །