ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་སྐད་ཡིག་ཐོག་གི་བྱིས་པའི་རྩོམ་རིག་གསར་གཏོད་སྐོར་གྱི་ཐོག་མའི་དཔྱད་གླེང།

སྤེལ་དུས 2018-11-01 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། རྩོམ་པ་པོ། སྐལ་བཟང་དབང་འདུས།
           ཅི་སྟེ་འཚོ་བའི་ནང་རྩོམ་རིག་གི་སྒྱུ་རྩལ་མེད་གྱུར་ཚེ་མི་རྣམས་ཀྱི་སེམས་ཁམས་ཀྱི་ས་གཞི་འདི་མྱ་ངམ་གྱི་ཐང་ཞིག་ཏུ་འགྱུར་ངེས། འོན་ཀྱང་ང་ཚོས་རྩོམ་ཡིག་གསར་གཏོད་སྐབས་ལ་རྟག་ཏུ་བྱིས་པའི་ཀློག་པ་པོ་ཞིག་ཡོད་པར་གཏིང་བརྗེད་དུ་ཕྱིན་པ་དང་རྩོམ་རིག་སྒྱུ་རྩལ་དེ་བྱིས་པ་རྣམས་ལ་དམིགས་བསལ་གྱི་དགོས་པ་ཡོད་པར་གཏིང་བརྗེད་དུ་ཕྱིན་པས་ཙོམ་རིག་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་རའི་ནང་མ་འོངས་མི་རབས་རྗེས་མའི་ཤུལ་འཛིན་པ་བློ་གསར་བྱིས་པ་རྣམས་སྐྱོང་བར་མཁོ་བའི་རྩོམ་ལུས་མེ་ཏོག་ཅིག་འདྲེན་བྱེད་ཀྱིས་མཐོང་ཆོས་སུ་སྣང་རྒྱུ་ནི་ནམ་མཁའི་མེ་ཏོག་གི་དཔེ་རུ་འཁུམས་སོ། བྱས་ཙང་ང་ཚོས་ངེས་པར་དུ་བྱིས་པའི་རྩོམ་རིག་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས།                           
དང་པོ།   བྱིས་པའི་རྩོམ་རིག་གི་ངོ་བོའི་སྐོར།
           མིག་སྔར་ང་ཚོས་ཡིག་ཐོག་ནས་བྱིས་པའི་རྩོམ་རིག་གསར་གཏོད་དང་ཞིབ་འཇུག་བྱེད་པའི་རྩོམ་ཡིག་ཤི་ན་ཏུ་དཀོན་པས་སྔོན་ལ་ང་ཚོས་གང་འདྲ་ཞིག་ལ་བྱིས་པའི་རྩོམ་རིག་ཟེར་མིན་ལ་ཞིབ་འཇུག་བྱེད་པའི་དགོས་པ་འདུག་སྙམ། དེ་ཡང་ཁ་ཅིག་གིས་བྱིས་པ་བཀོད་འབྲི་བྱས་པའི་རྩོམ་ཡིག་ལ་བྱིས་པའི་རྩོམ་རིག་ཡིན་པར་འདོད་ཀྱི་ཡོད། དོན་དུ་བཤད་སྟེངས་འདི་ནི་ཡང་མ་དག་པ་ཞིག་རེད་སྙམ། བྱིས་པ་བཀོད་འབྲི་བྱས་པ་ཙམ་གྱིས་བྱིས་པའི་རྩོམ་རིག་ཡིན་པས་མ་ཁྱབ་སྟེ། དཔེར་ན《ཐོག་ཁང་དམར་པོའི་རྨི་ལམ》བཞིན་དེའི་ནང་བཀོད་འབྲི་བྱས་པའི་མི་སྣ་མང་ཆེ་བ་ལོ་བཅོ་ལྔ། བཅུ་དྲུག་ལ་སླེབས་པའི་བྱིས་པ་ཡིན་མོད་འོན་ཀྱང་དེ་བྱིས་པས་དཔྱད་གཟིགས་ཐུབ་པའི་རྩོམ་ཡིག་ཞིག་ག་ལ་ཡིན།  དེ་ལས་ལྡོག་སྟེ་རྩོམ་ཡིག་ཁག་ཅིག་ནང་བྱིས་པ་བཀོད་འབྲི་བྱས་མེད་ན་ཡང་བྱིས་པ་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། དཔེར་ན《རོ་སྒྲུང》 《ནུབ་ཕྱོགས་ལ་བསྐྱོད་པའི་ཟིན་ཐོ》 《ཨ་ཁུ་སྟོན་པའི་སྒྲུང》སོགས། འོ་ན་བྱིས་པའི་རྩོམ་རིག་ཞེས་པ་དེ་གང་འདྲ་ཞིག་ལ་འདོད་དམ་སྙམ་ན། དེ་ཡང་བྱིས་པའི་རྩོམ་རིག་ནི་བྱིས་པ་གསོ་སྐྱོང་བྱེད་པའི་དགོས་མཁོ་ལ་གཞིགས་ཏེ་ཆེད་དུ་བྱིས་པ་ལ་དམིགས་ཏེ་གསར་གཏོད་བྱས་པའི་ཁོང་ཚོས་བལྟ་ཀློག་ཐུབ་པའི་རྩོམ་རིག་རྩོམ་ཡིག་ལ་ཟེར། དེའི་ཐད་རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་མའོ་ཏུན་གྱིས་“བྱིས་པའི་རྩོམ་རིག་ནི་བྱིས་པ་དང་ན་ཆུང་ཀློག་པ་པོས་(སློབ་ཆུང་དང་དམའ་རིམ་སློབ་འབྲིང་)བལྟ་ཀློག་བྱེད་པའི་རྩོམ་རིག་རྩོམ་ཡིག་ལ་ཟེར། དེའི་དམིགས་ཡུལ་ནི་བྱིས་པ་རྣམས་ཐོས་རྒྱ་དང་བསམ་གཞིགས་ཀྱི་ནུས་པ་ཆེ་རུ་གཏོང་ཕྱིར་ཡིན་”ཞེས་གསུངས་ཡོད།  
           བྱིས་པའི་རྩོམ་རིག་དེ་ཡང་ཀློག་པ་པོའི་ལོ་ན་མི་འདྲ་བ་དང་རིག་གནས་ཆུ་ཚད་མི་འདྲ་བར་གཞིགས་ནས་རིགས་མི་འདྲ་བ་འགའ་དབྱེ་ཆོག་སྟེ། རིགས་དང་པོ་དེ་ནི་ལོ་གཅིག་ནས་ལྔའི་བར་བལྟ་ཀློག་བྱེད་ཡག་གི་རྩོམ་ཡིག་ཡིན། རིགས་འདིའི་བལྟ་ཀློག་བྱེད་ཡག་གཙོ་བོ་རི་མོའི་དེབ་ཡིན། རི་མོར་བལྟས་ནས་ཡི་གེ་ངོས་འཛིན་པ་ནས་འགོ་བརྩམས་ཏེ་རིམ་བཞིན་རི་མོ་ལས་གྲུབ་པའི་སྟབས་བདེའི་སྒྲུང་དང་གཏམ་རྒྱུད་དུ་བར་བརྒལ་བྱེད་ཀྱི་ཡོད། སྐབས་དེའི་རྩོམ་ཡིག་གི་ཁྱད་ཆོས་ནི་བརྗོད་དོན་སྟབས་བདེ་དང་ངག་ལ་སྐྱོར་བདེ་བ་སོགས་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་རྣམས་ཀྱི་ཐ་སྙད་དང་ཡི་གེའི་ཤེས་ཚད་གསོ་སྐྱོང་བྱེད་པ་དང་སྦྲགས་མཛེས་རྩལ་གྱི་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་པར་བྱ་ཕྱིར་ཡིན།   
           རིགས་གཉིས་པ་དེ་ནི་ལོ་ལྔ་ནས་ལོ་བརྒྱད་བར་གྱི་བྱིས་པའི་བལྟ་ཀློག་བྱེད་ཡག་ཡིན། དེ་ནི་རི་མོ་ལ་བལྟས་ནས་ཡི་གེ་ངོས་འཛིན་ཡག་ནས་མུ་འབྲེལ་རི་མོ་རུ་འཕེལ་རྒྱས་ཕྱིན་ཡོད། རིགས་དེའི་རྩོམ་ཡིག་གཙོ་བོ་སྟབས་བདེའི་སྒྲུང་དང་གཏམ་རྒྱུད་སོགས་ཡོད་པ་མ་ཟད། ད་དུང་ཨང་རྩིས་ས་ཁམས་སོགས་རང་བྱུང་གི་ཤེས་བྱ་ངོ་སྤྲོད་མདོར་བསྡུས་ཀྱང་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་རྣམས་ཀྱི་དཔེ་དེབ་བལྟ་ཀློག་གི་ནུས་པ་གསོ་སྐྱོང་དང་ཐོས་རྒྱ་ཆེ་རུ་གཏོང་ཕྱིར་དང་བྱིས་པ་རྣམས་སློབ་གྲྭར་འགྲོ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་གི་ལས་ཀ་བྱེད་ཀྱི་ཡོད།         
           རིགས་གསུམ་པ་དེ་ནི་སློབ་གྲྭ་ཆུང་བའི་བྱིས་པ་ཚོས་བལྟ་ཀློག་བྱེད་ཡག་གི་རྩོམ་ཡིག་ཡིན། དེ་ནི་མུ་འབྲེལ་རི་མོ་ནས་རྩོམ་ཡིག་གཙོ་བོ་དང་དེ་ལ་བར་འཇུག་གི་རི་མོ་ཡོད་པར་འཕེལ་རྒྱས་ཕྱིན་ཡོད། སྐབས་དེའི་རྩོམ་ཡིག་གི་ནང་དོན་ཅུང་ཕུན་སུམ་ཚོགས་པ་ཡོད་པ་སྟེ། ལེགས་བཤད་དང་དམངས་གླུ། ད་དུང་ལྷ་སྒྲུང་དང་གྲགས་རྩོམ་སོགས་ནས་འབྲི་བཟོ་བྱས་པའི་བྱིས་པའི་བལྟ་དེབ་སོགས་ཡོད། དུས་མཚམས་འདིའི་བྱིས་པ་ནི་བྱ་དངོས་གསར་པ་ལ་བག་ཆགས་ཟབ་པ། གཞན་ལ་ལད་ཟློས་ཀྱི་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་སྐབས་དེའི་སློབ་གསོ་ནི་མ་འོང་གི་འཚར་ལོངས་དང་འཕེལ་རྒྱས་ལ་ཤིན་ཏུ་གལ་ཆེ་བའི་སྙིང་དོན་ལྡན་ཡོད། བྱས་ཙང་རྩོམ་ཡིག་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ཚང་མ་གོང་གི་རིགས་དང་བསྡུར་ན་གོམ་གང་མདུན་སྤོས་འཕེལ་རྒྱས་གཏོང་དགོས་ལ། རྩོམ་ཡིག་གི་གྲངས་ཚད་ཀྱང་གོང་གི་རྩོམ་ཡིག་དེ་དག་ལས་ལྡབ་ཁ་ཤས་ཀྱི་མང་བ་དགོས་ཀྱི་ཡོད།   
           རིགས་བཞི་བ་ནི་དམའ་རིམ་སློབ་འབྲིང་གི་སློབ་མའི་བལྟ་ཀློག་བྱེད་ཡག་གི་རྩོམ་ཡིག་ཡིན། དེ་ལ་རྩོམ་རིག་རྩོམ་ཡིག་གི་རིགས་མི་འདྲ་བའི་ཁྱད་ཆོས་ཚང་མ་རྩ་བའི་ཆ་ནས་ལྡན་ཡོད་ལ་རྩོམ་ཡིག་གི་ཕྱི་ཚུལ་ནས་བརྗོད་བྱའི་ནང་དོན་དང་རྩོམ་གཞི་ནས་རྩོམ་ཐབས་བཅས་ཚོང་མ་དར་མའི་རྩོམ་རིག་གི་ཁྱད་ཆོས་རོབ་ཙམ་ལྡན་ཡོད་པས་རིགས་འདིའི་རྩོམ་ཡིག་ནི་བྱིས་པའི་རྩོམ་རིགས་ནས་དར་མའི་རྩོམ་རིག་ཏུ་བར་བརྒལ་བྱ་བའི་རྩོམ་རིག་ཞིག་ཡིན་ཞེས་བཤད་ཆོག      
གཉིས་པ། བྱིས་པའི་རྩོམ་རིག་གི་གལ་ཆེའི་རང་བཞིན།
           ཚང་མས་ཤེས་གསལ་སྲོག་ཆགས་མང་པོ་ཞིག་ཆེན་པོ་ཆགས་རྗེས་དེའི་རང་གཤིས་གཏན་འཁེལ་ཆགས་ཟིན་པས་འགྱུར་བ་ཤིན་ཏུ་དཀའ་མོད་འོན་ཀྱང་ཆུང་ཆུང་སྐབས་ལ་རང་གཤིས་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད། དཔེར་ན་དར་ལ་བབས་པའི་སྟག་གདུལ་གསོ་ཤིན་ཏུ་ཁག་མོད། འོན་ཀྱང་ཆུང་ཆུང་སྐབས་ནས་ཟིན་ཡོང་བའི་སྟག་གདུལ་གསོ་ཐུབ་པ་མ་ཟད་འགྲོ་བ་མི་ཡི་གྲོགས་པོར་ཡང་འགྱུར་ཐུབ་ཀྱི་ཡོད། གཞན་ཡང་ལས་དབང་དམན་པའི་མི་ཡི་ཕྲུག་གུ་འགའ་ཆུང་ཆུང་སྐབས་ནས་སྤྱང་ཀིས་ཟིན་ནས་དེའི་འོ་མ་ལ་བརྟེན་ནས་འཚར་ལོངས་བྱུང་བ་རྣམས་རང་གཤིས་ཀྱང་ཡོངས་སུ་སྤྱང་ཀི་དང་ཇི་མ་ཇི་བཞིན་གྱུར་ཡོད། དེ་དག་ཕྱིས་སུ་མིའི་སྤྱི་ཚོགས་ནང་སླེབས་ནས་དམིགས་བསལ་གྱིས་སྦྱོང་བརྡར་བྱས་ཀྱང་མིའི་གཤིས་ཀ་ངོ་མ་ལ་འགྱུར་ཐུབ་ཀྱི་མེད། དེ་ནས་གསལ་བཤད་ཐུབ་པ་ཞིག་ལ་ཆུང་དུས་ཀྱི་སློབ་གསོ་དང་གསོ་སྐྱོང་ནི་ཐད་ཀར་དུད་འགྲོ་དང་མི་ཞིག་གི་ཚེ་གང་ལ་བག་ཆགས་འཇོག་གི་ཡོད། བྱས་ཙང་ང་ཚོས་འདི་ལྟར་བཤད་ཆོག་སྟེ་བྱིས་པའི་དུས་རབས་ཀྱི་སློབ་གསོ་ནི་སློབ་གསོ་ཚངཨའི་ནང་ནས་གལ་ཆེ་ཤོས་ཤིག་ཡིན།   
           བྱིས་པ་ལ་སློབ་གསོ་བྱེད་པའི་ཐབས་ལམ་གཙོ་བོ་གཉིས་སུ་ངེས་ཏེ་གཅིག་ནི་ཐད་ཀར་མཐོང་རྒྱུ་ཡོད་པ་སྟེ། དགེ་རྒན་གྱིས་སློབ་ཁྲིད་དང་། ཐུན་མོང་གི་བྱེད་སྒོ། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ། ཡུལ་གོམས་རྒྱུན་སྲོལ་གྱི་ཐད་ཀར་བག་ཆགས་བཞག་ནས་སློབ་གསོ་བྱེད་ཀྱི་ཡོད། གཅིག་ཤོས་ནི་ཐད་ཀར་མཐོང་རྒྱུ་མེད་པའི་དགེ་རྒན་ཏེ་བྱིས་པའི་རྩོམ་རིག་ཡིན། བྱིས་པ་རྣམས་ཀྱིས་མཐོང་རྒྱུ་མེད་པའི་དགེ་རྒན་དེ་ལ་བརྟེན་ནས་ཐོས་རྒྱ་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་ལ་རྒྱུས་མངའ་ལོང་བ། ཚན་རིག་ལ་དགའ་ཞེན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་འཛུགས་ཐུབ་པ་སོགས་ཕན་ནུས་ཆེན་པོ་མཐོང་ཐུབ་ཀྱི་ཡོད། བྱས་ཙང་བྱིས་པའི་དུས་དེབ་མང་ཙམ་དཔར་བསྐྲུན་བྱེད་རྒྱུ་དང་བྱིས་པ་ལ་མཁོ་བའི་རྩོམ་ཡིག་རྨང་ཙམ་འབྲི་རྒྱུ། རྟག་ཏུ་བྱིས་པ་ལ་གཅེས་སྐྱོང་དང་བྱིས་པ་སེམས་ནང་དུ་འཇོག་མཁན་གྱི་བྱིས་པའི་རྩོམ་རིག་གི་རྩོམ་པ་པོའི་དཔུང་ཁག་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ང་ཚོའི་ལྡོག་ཏུ་མེད་པའི་ལས་འགན་ཞིག་རེད། ཇི་སྐད་དུ་“དར་མི་དར་བྱིས་པ་ལ་ལྟོས་”ཞེས་པ་ལྟར་བྱིས་པའི་རྩོམ་རིག་གི་གྲངས་འབོར་དང་སྤུས་ཚད་ལེགས་ཉེས་ནི་ཐད་ཀར་མི་རབས་རྗེས་མ་སྟེ་ང་ཚོའི་ཤུལ་འཛིན་པ་ཚོའི་བསམ་པའི་སྤུས་ཚད་རིག་གནས་ཀྱི་བྱང་ཚད་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད།   
           དེ་འདྲ་ཡིན་ཙང་མི་རྣམས་ཀྱི་བྱིས་པའི་རྩོམ་རིག་དེ་ཉིན་རེ་བཞིན་མཐོང་ཇེ་ཆེ་རུ་འགྲོ་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དུས་རབས་བཅུ་དགུ་ནས་བཟུང་བྱིས་པའི་རྩོམ་རིག་དེ་སོ་སོའི་ཐུན་མོང་མ་ཡིན་པའི་རྩོམ་ལུས་ཤིག་ཏུ་རྩིས་ཏེ་ཞིབ་འཇུག་དང་གསར་གཏོད་བྱེད་འགོ་ཚུགས་ཡོད་ལ་གྲགས་ཅན་གྱི་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་ཨན་དོད་ཧྲེང་ལྟ་བུ་བྱུང་བ་དང་ཁོང་གི་མི་ཚེ་ཧྲིལ་བོར་བྱིས་པའི་སྒྲུང་བརྒྱ་དང་དྲུག་ཅུ་རེ་བརྒྱད་གསར་རྩོམ་གནང་ནས“བྱིས་སྒྲུང་གི་རྒྱལ་པོ་”ཞེས་མཚན་ཐོབ་པ་དང་། འཛམ་གླིང་ལ་སྐད་གྲགས་ཡོད་པའི་རྩོམ་པ་པོ་ཞིག་ཏུ་གྱུར་བ་རེད།   
           རང་རྒྱལ་ལ་ཆ་མཚོན་ན་བདུན་ཅུ་དོན་བརྒྱད་ལོར་ལོས་ཧྲན་དུ་བྱིས་པའི་རྩོམ་རིག་གསར་གཏོད་སྐོར་གྱི་གྲོས་གླེང་ཚོགས་འདུ་དེ་ཚོགས་པ་ནས་བཟུང་བྱིས་པའི་བལྟ་དེབ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་བྱིས་པའི་རྩོམ་རིག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱུང་ཡོད། བདུན་ཅུ་དོན་དགུའི་ལོར་བསྡོམས་རྩིས་བརྒྱབ་པར་གཞིགས་ན་ལོ་རེར་རྒྱའི་སྐད་ཡིག་ཐོག་ནས་གསར་བསྐྲུན་བྱས་པའི་བྱིས་པའི་དུས་དེབ་རིགས་མི་འདྲ་བ་བརྒྱད་བརྒྱ་ལྷག་ཙམ་ཟིན་གྱི་ཡོད། ཚོགས་འདུ་དེ་མ་ཚོགས་གོང་ལོ་རེར་བྱིས་པའི་དུས་དེབ་བརྒྱ་དང་དགུ་བཅུ་གོ་གཉིས་ལས་མེད་པ་དང་བསྡུར་ན་འཕུར་བསྐྱོད་ཆེན་པོ་གང་འདྲ་ཞིག་མ་རེད་དམ། འོ་ན་མིག་སྔར་ང་ཚོ་བོད་ཀྱི་བྱིས་པའི་རྩོམ་རིག་གི་གནས་བབས་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན་དེ་ཡང་བྱིས་པའི་རྩོམ་རིག་དེ་ད་དུང་སྟོང་ཆ་ལྟ་བུ་རེད་ཞེས་བཤད་ཆོག    སྤྱིར་80ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བོད་ཡིག་གི་དུས་དེབ་དེ་འདོན་མགོ་ཚུགས་པ་ནས་བཟུང་བོད་ཀྱི་ལོ་བཅུའི་སྐྱ་ཟད་སྔོ་ཐུག་གི་རྩོམ་རིག་ལོ་རྒྱུས་མཇུག་འགྲིལ་ནས་བོད་ཀྱི་རྩོམ་ཡིག་དེ་ཆར་རྗེས་ཀྱི་སྤང་ཤ་བཞིན་དུ་བཞད་ཡོད་ཀྱང་། བོད་ཀྱི་བྱིས་པའི་རྩོམ་རིག་དེ་ད་དུང་དགུན་དུས་ཀྱི་གྲང་ངར་ལས་ཐར་ཛུབ་མེད་པ་སྟེ་བོད་ཀྱི་རྩོམ་སྟེགས་ཀྱིས་ཡ་ང་མེད་པར་བསྐྱུར་བའི་ཁུག་ཀྱོག་ཅིག་ཏུ་ལུས་ཡོད། ད་ལྟ་བར་བོད་སྐད་ཡིག་ཐོག་ནས་གསར་བསྐྲུན་བྱས་པའི་བྱིས་པའི་ཆེད་གཉེར་དུས་དེབ་ཞིག་མེད་པ་མ་ཟད། སྤྱིར་ད་བར་དུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེ་སྤྱིའི་དེབ་གྲངས་དྲུག་ཅུ་ལྷག་ཙམ་ཟིན་ཡང་། དེ་དག་ལས་བྱིས་པའི་རྩོམ་རིག་རེ་གཉིས་ཙམ་ལས་མ་མཐོང་ལ་མཐོང་བ་དེ་དག་ཀྱང་ཐོབ་ཐང་ཤིན་ཏུ་དམའ་བ་སྟེ་དུས་དེབ་ཀྱི་མཇུག་ཤོག་གམ་རྒྱབ་ཤོག་གཡས་གཡོན་དུ་བཀོད་པ་ཁོ་ན་ཟད། བོད་ཀྱི་བྱིས་པའི་རྩོམ་རིག་དེ་གནས་བབས་དེ་འདྲ་ཞིག་ལས་མེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཤེས་ལྡན་གྱི་མི་སྣ་མང་པོ་ཞིག་གིས་རྟག་ཏུ་བྱ་བ་རླབས་པོ་ཆེ་ཞིག་སྒྲུབ་འདོད་པ་ལས་བྱིས་པའི་རྩོམ་རིག་ནི་གནས་ཚད་ཤིན་ཏུ་དམའ་བས་ཞིབ་འཇུག་དང་གསར་རྩོམ་བྱེད་རིན་མེད་པ་ལྟ་བུར་རློམ་པ་ལས་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་མ་ཐུབ་པས་མིན་ནམ། ཁོ་བོས་བོད་ལྗོངས་ས་མཐོའི་སྟེང་གི་སློབ་གྲྭ་ཆེ་ཤོས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་སྤྱིར་ཚན་དུ་“བྱིས་པའི་རྩོམ་རིག”ཞེས་བཀོད་པའི་རྩོམ་ཡིག་ཚང་མ་ད་ལྟ་ཡང་གཙང་མ་གཙང་རྐྱང་ཡིན་པ་ལས་རྩ་བའི་ཆ་ནས་གཡར་མཁན་བྱུང་མི་འདུག  དེ་ལས་ཀྱང་ངུ་བྲོ་དགོས་པ་ཞིག་ལ་ཁོ་བོས་དཔེ་མཛོད་ཁང་གི་ལས་མི་ཞིག་ལ་འདིར་བྱིས་པའི་རྩོམ་རིག་དང་འབྲེལ་བ་ཡོད་པའི་དུས་དེབ་གང་དང་གང་ཡོད་དམ་ཞེས་འདྲི་སྐབས། དེས་སྤོབས་པ་ཆེན་པོའི་ངང་ལན་བརྒྱབ་དོན་འདི་སློབ་གྲྭ་ཆེན་མོ་ཡིན་པས་བྱིས་པའི་རྩོམ་རིག་དང་འབྲེལ་བ་ཡོད་པ་མ་རེད་ཟེར། འོ་ན་སློབ་གྲྭ་ཆེན་མོ་དང་བྱིས་པའི་རྩོམ་རིག་གཉིས་བར་ལ་དངོས་གནས་ལས་དབང་མེད་པ་རེད་དམ། གནས་ཚུལ་འདི་ཤེས་ལྡན་མི་སྣ་བསྡུ་རུབ་བྱ་ཡུལ་དུ་ལྷག་པའི་གནས་ཚུལ་ཞིག་ཡིན་ན། བོད་ཀྱི་བྱིས་རྩོམ་འདི་ད་དུང་འོད་ཟེར་ལྡན་པའི་མདུན་ལམ་ཞིག་ཇི་ལྟར་ཡོད་སྲིད་དམ། འོན་ཀྱང་ལྷན་རྒྱས་ཚོས་དགོངས་པ་ཞིག་བཞེས་དང་ད་ལྟ་རང་ལྗོངས་སུ་སློབ་ལོ་མ་ཟིན་པའི་བྱིས་པ་ཁྲི་ལྔ་ལྷག་ཙམ་ཡོད་པ་དང་། སློབ་ཆུང་ཁག་ཉིས་སྟོང་སུམ་བརྒྱ་བཅོ་ལྔ་ཡོད་པར། བོད་རིགས་ཀྱི་སློབ་མ་ཆིག་འབུམ་བརྒྱད་སྟོང་ལྷག་ཙམ་ཡོད་པ་དང་། སློབ་འབྲིང་ཁག་ལྔ་བཅུ་ང་དྲུག་ཡོད་པར་བོད་རིགས་ཀྱི་སློབ་མ་ཆིག་ཁྲི་སུམ་སྟོང་ལྟག་ཙམ་ཡོད། འོན་ཀྱང་འདི་དག་སྐྱོང་བར་མཁོ་བའི་བསམ་པའི་འབྲུ་རིགས་ཤིག་མེད་པས་མི་རིགས་གཞན་དག་གི་བྱིས་པ་དང་བསྡུར་ན་ཁོང་ཚོའི་ཐོས་རྒྱ་ཆུང་ཞིང་དབྱེ་ཞིབ་ཀྱི་ནུས་པ་ཞན་པ་ཡོད། དཔེར་ན་ལོ་རིམ་ལྔ་པའི་རྒྱ་རིགས་སློབ་ཕྲུག་ཞིག་གིས་རྒྱའི་སྐད་ཡིག་ཐོག་ནས་སྒྲུང་གཏམ་དཔྱད་གཟིགས་གང་ལ་གང་ཙམ་ཐུབ་པ་དང་། ཕྱི་རྒྱལ་བྱིས་པའི་གྲགས་རྩོམ་ཁག་གཅིག་དང་རྩོམ་པ་པོ་ཁག་གཅིག་རྒྱུས་མངའ་ཕྲན་ཙམ་ཡོད་པ་དང་། རྩོམ་ཡིག་ཀྱང་ལེགས་ཙམ་འབྲི་ཐུབ་ཀྱི་ཡོད། འོན་ཀྱང་བོད་རིགས་ཀྱི་སློབ་མ་ཞིག་བོད་སྐད་ཡིག་ཐོག་ནས་ཆུ་ཚད་དེ་ཙམ་སླེབས་ཐུབ་ཀྱི་མེད། ལྷག་པར་ཁག་གཅིག་སློབ་གྲྭ་ཆེན་མོར་སླེབས་ཀྱང་བོད་སྐད་ཡིག་གི་ཐོག་ནས་རྩོམ་ཡིག་རང་རྐྱ་འཕེར་བ་ཞིག་འབྲི་ཐུབ་ཀྱི་མེད། འདིའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཆུང་དུས་ནི་རང་མི་རིགས་ཀྱི་སྐད་ཡིག་ནས་བརྩམས་པའི་རྩོམ་ཡིག་བལྟ་ཀློག་ཉུང་བས་རེད་སྙམ། ད་དུང་བསམ་པའི་འབྲུ་རིགས་དེ་འདྲ་ཞིག་མེད་པའི་རྐྱེན་གྱིས་བྱིས་པ་མང་པོ་ཞིག་གློག་བརྙན་ཁང་དང་། ཏན་ཙེའི་རྩེད་ཆའི་ཁང་དུ་སློབ་གསེང་གི་དུས་སྐྱེལ་པ་དང་། ལྷག་པར་ན་ཆུང་བྱིས་པ་མང་པོ་ཞིག་བསམ་པའི་དབུལ་པོར་ཆགས་པ་བརྟེན་ནས་ཇ་ཁང་ཆང་ཁང་དང་ཁ་བྲལ་ཐབས་མེད་པ་དང་། རིགས་མི་འདྲ་བའི་ཉེས་ཅན་གྱི་ནང་དུ་ན་ཆུང་བྱིས་པའི་གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དག་ལས་ཀྱང་བྱིས་པའི་རྩོམ་རིག་དེ་རྩོམ་སྟེགསཀྱིས་ཁུག་ཀྱོག་ཏུ་མི་སྒྱུར་བར་ངེས་པར་དུ་གསར་གཏོད་ཀྱི་ལམ་བུ་ཞིག་འཚོལ་དགོས་པའི་དྲན་སྐུལ་གྱི་ཅོང་བརྡ་ཞིག་བརྡུང་བ་མ་ཡིན་ནམ། ད་ལྟའི་བྱིས་པ་འདི་ཚོ་དུས་རབས་ཉི་ཤུ་རྩ་གཅིག་གི་བདག་པོ་རེད། མ་འོངས་དུས་རབས་ནང་ང་ཚོའི་མི་རིགས་ཀྱི་སྤུས་ཚད་ཇི་ལྟར་ཡོང་མིན་ཐད་ཀར་ད་ལྟའི་བྱིས་པ་འདི་ཚོ་དང་འབྲེལ་བ་ཡོད་པས་མཁྱེན་ལྡན་གྱེ་རྩོམ་པ་པོ་ཚོས་བློ་གྲོས་འོ་མའི་རྫིང་བུ་ལས་བྱིས་པའི་རྩོམ་རིག་གི་མར་གསར་མང་པོ་ཐོན་ཐུབ་པ་བྱས་ནས་མ་འོངས་མི་རིགས་ཀྱི་ཤུལ་འཛིན་པ་གསོ་སྐྱོང་གི་བྱ་བཞག་ནང་རང་ནུས་འདོན་རྒྱུ་རེ་བ་ཆེ། བོད་རིགས་བྱིས་པ་ཁྲི་ཚོ་བཅུ་དྲུག་གིས་རེ་བའི་ལག་ཟུང་བསྐྱངས་ནས་རྩོམ་པ་པོ་ཚོས་ཁོང་ཚོའི་བལྟ་ཀློག་ཐུབ་པའི་རྩོམ་ཡིག་མང་ཙམ་འབྲི་རྒྱུར་རེ་སྒུག་བྱེད་བཞིན་འདུག བྱིས་པ་འདི་དག་མདང་སྐྱེས་ཀྱི་བྱིའུ་བཞིན་ཁ་ཆེན་པོ་གདངས་ནས་རྩོམ་པ་པོ་ཚོས་ཁོང་ཚོ་ལ་རོ་བཅུད་ལྡན་པའི་བསམ་པའི་འབྲུ་རིགས་གནང་རྒྱུར་རེ་འགུགས་བྱེད་བཞིན་འདུག    
གསུམ་པ། བྱིས་པའི་རྩོམ་རིག་གསར་གཏོད་སྐོར་གྱི་བསམ་ཚུལ།
           གཅིག བྱིས་པའི་རྩོམ་རིག་གི་གསར་གཏོད་ནང་ངེས་པར་དུ་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་རྐང་དུ་འཇོག་དགོས་པ་ལས་རྟོག་པ་རང་ཡན་པ་རབ་རིབ་སོགས་དེང་རབས་ཅན་གྱི་རྩོམ་ཐབས་བེད་སྤྱོད་བྱ་མི་རུང་། གལ་ཏེ་དེང་རབས་ཅན་གྱི་རྩོམ་ཐབས་བེད་སྤྱད་ཚེ་དེའི་བརྗོད་དོན་ཤིན་ཏུ་རྟོགས་དཀའ་བ་ལྟ་བུ་གྱུར་བས་བྱིས་པའི་རྩོམ་རིག་གི་རྩ་བའི་ཁྱད་ཆོས་དང་འགལ་ལོ། རྗོད་བྱེད་ཚིག་སྦྱོར་གྱི་བེད་སྤྱོད་བྱེད་བཏང་ཐོག་ཀྱང་བྱིས་པའི་སྐད་ཡིག་ལ་སློབ་སྦྱོང་དང་གོ་བདེའི་རང་བཞིན་ཅན་དུ་འགྱུར་ཐུབ་པ་བྱེད་དགོས་སྤྱིར་དར་མའི་རྩོམ་ཡིག་སྐབས་ལ་ཡང་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་བཅངས་ནས་འཆའ་བ་དཀའ་བའི་ཕྱུར་སྐམ་ལྟ་བུ་ཞིག་སུས་ཀྱང་མི་དགའ་ལ་ཚང་མས་གོ་ཐུབ་པའི་ཕལ་སྐད་ཅན་དུ་འགྱུར་རྒྱུར་ཀུན་གྱིས་འབད་བརྩོན་བྱེད་བཞིན་ཡོད་ན་བྱིས་པའི་རྩོམ་ཡིག་འབྲི་སྐབས་དེ་བས་ཕལ་སྐད་ཀྱི་རང་བཞིན་དང་བྱིས་པའི་སྐད་ཡིག་ཅན་དུ་འགྱུར་ཐུབ་པར་བྱེད་དགོས་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད་སྙམ།   
           གཉིས། ངེས་པར་དུ་རྒྱུན་སྲོལ་བོད་ཀྱི་བྱིས་པའི་རྩོམ་རིག་ཤུལ་འཛིན་ཐོག་འཕེལ་རྒྱས་གཏོང་དགོས་“རྒྱུན་སྲོལ་བོད་ཀྱི་བྱིས་པའི་རྩོམ་རིག་ནི་བོད་ཀྱི་རྩོམ་རིག་བང་མཛོད་ལས་གཟི་འོད་རབ་ཏུ་འཕྲོ་བའི་ནོར་བུ་ཞིག་ཡིན་ལ། དེ་བོད་ཀྱི་སྔོན་བྱོན་མཁས་པའི་བརྩམས་ཆོས་ལས་མཐོང་རྒྱུ་མེད་ཀྱང་གནའ་སྔ་མོ་ནས་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་ངག་རྒྱུན་གྱི་རྩོམ་སྟངས་ཤིག་ཏུ་གྱུར་ཏེ་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཟབ་མོ་ལྡན་ཡོད། རྒྱུན་སྲོལ་བོད་ཀྱི་བྱིས་རྩོམ་ཕལ་ཆེར་བྱིས་པ་རྣམས་དགའ་བའི་སྲོག་ཆགས་དང་རྩི་ཤིང་སྐྱེ་དངོས་བརྗོད་བྱར་བྱས་ཤིང་གོ་སླ་ལ་ཁ་གསལ་བའི་ཚིག་ཤ་སྟག་ཡིན་པ་ལས་བསམ་ཚུལ་རབ་རིབ་ཀྱི་ཚུལ་དུ་བྲིས་པ་ཧ་ཅང་ཉུང་། དེང་སྐབས་ང་ཚོའི་བོད་ལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པའི་བྱིས་པའི་རྩོམ་ཡིག་གི་རྣམ་གྲངས་ནས་བཤད་ན་བྱིས་པའི་གླུ།  ཁེད་དམ་གབ་ཚིག དམངས་གླུ། ལྷ་སྒྲུང་། སྲོག་ཆགས་ཀྱི་གཏམ་རྒྱུད་སོགས་ཡོད། དེ་དག་ལས་ཁ་ཤས་དཔེ་མཚོན་ཙམ་ཞུས་ན། བྱིས་པའི་གླུ་ནི་ཁ་ཧ་ཅང་གསལ་བ་དང་། ཚིག་རྐང་གི་མང་ཉུང་མི་འདྲ་ཞིང་ཚིག་རྐང་རེ་རེའི་ཚེག་བར་ཡང་མི་འདྲ་བ་མང་པོ་ཡོད་མོད། འོན་ཀྱང་བཀླགས་ཚེ་ཁ་ལ་བདེ་ཞིང་དབྱངས་སུ་གྱེར་ཆོག  དཔེར་ན་བྱིས་པ་གཉིད་འགུགས་པའི་གླུ《ལོ་ལོ་མ་ངུ་གཉིད་ལ་སྡོད》ཅེས་པ་འདི་ལྟར།  ལོ་ལོ་མ་ངུ་གཉིད་ལ་སྡོད། །    གཉིད་ལ་སྡོད་དང་རྟ་ཞིག་སྟེར། །
           རྟ་ལ་སྒ་ཞིག་སྟོད་ལ་སྟེར། །           སྲབ་མདའ་དར་གྱིས་གཡོག་ལ་སྟེར། །
           ལོ་ལོ་མ་ངུ་གཉིད་ལ་སྡོད། །           བག་མ་ཡོང་ན་དུང་ཞིག་སྟེར། །
           དུང་ལ་དར་ཞིག་འདེགས་ལ་སྟེར། །       ལོ་ལོ་མ་ངུ་གཉིད་ལ་སྡོད། །    
           ཚོང་བ་ཡོང་ན་མཛོ་ཞིག་སྟེར། །         མཛོ་ལ་ཁལ་ཞིག་འགེལ་ལ་སྟེར། །
           ལོ་ལོ་མ་ངུ་གཉིད་ལ་སྡོད། །           ར་ཐོང་ཁྲ་རིས་བཤའ་ལ་སྟེར། །    
           མཁལ་མ་ཚིལ་གྱིས་གཡོག་ནས་སྟེར། །      ལོ་ལོ་མ་ངུ་གཉིད་ལ་སྡོད། །
           གནམ་གྱི་སྐར་མ་འཇིན་ལ་སྟེར། །        ས་ཡི་མེ་ཏོག་འཐོག་ལ་སྟེར། །  
           ལོ་ལོ་མ་ངུ་གཉིད་ལ་སྡོད། །           ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད། །   
           ཅེས་པ་ལྟ་བུའོ། །འདི་དབྱངས་སུ་གྱེར་ཆོག་པ། ཚིག་གཅིག་ཡང་ཡང་བསྐོར་བའི་བློ་ལ་ངེས་བདེ་བ་སོགས་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་ནོ། །   
           རྒྱུན་སྲོལ་གྱི་བྱིས་པའི་རྩོམ་རིག་ནང་ཡང་རང་བྱུང་གི་ཤེས་བྱ་དང་ཉམས་མྱོང་གི་སློབ་གསོ་སོགས་བརྗོད་བྱ་བྱས་ཡོད། དཔེར་ན《ཨ་བཅུ་ཆ་བཅུ》ཞེས་པ་ལྟ་བུ་སྟེ།   
           ཨ་གཅིག་ཆ་གཅིག  བསེ་རུ་རྭ་གཅིག  ཨ་གཉིས་ཆ་གཉིས། ར་མ་ནུ་གཉིས། ཨ་གསུམ་ཆ་གསུམ། ཐབ་ཀ་མགོ་གསུམ། ཨ་བཞི་ཆ་བཞི། མཛོ་མོ་ནུ་བཞི། ཨ་ལྔ་ཆ་ལྔ། མཛུབ་གུ་སྤུན་ལྔ། ཨ་དྲུག་ཆ་དྲུག  སྐར་མ་སྨིན་དྲུག  ཨ་བདུན་ཆ་བདུན། སྐར་མ་སྨེ་བདུན། ཨ་བརྒྱད་ཆ་བརྒྱད། ཤ་བོ་རྭ་བརྒྱད། ཨ་དགུ་ཆ་དགུ། སྲིན་པོ་མགོ་དགུ། ཨ་བཅུ་ཆ་བཅུ། ཁྱི་མོ་ནུ་བཅུ་ལྟ་བུ། བྱིས་པའི་གླུ་དེ་བརྒྱུད་ནས་བྱིས་པ་རྣམས་ཀྱིས་གཅིག་ནི་གྲངས་གཅིག་ནས་བཅུ་བར་གཟུགས་བརྙན་རང་བཞིན་ལྡན་པའི་ཐོག་ནས་སེམས་ལ་ངེས་ཐུབ་པ་དང་།་ གཉིས་ནི་རང་བྱུང་ཁམས་ཀྱི་ནང་དུ་གནས་པའི་བསེ་རུ། ཤ་བོ། རྒྱུ་སྐར་སོགས་དངོས་པོ་མང་པོ་ཞིག་རྒྱུས་མངའ་ལོང་ཐུབ་པ། ལྷག་པར་འདི་ལྟ་བུའི་བྱིས་པའི་གླུ་འདི་དེང་སྐབས་ཐག་མཆོངདང་ཐེའུ་བོད་སོགས་བྱིས་པའི་རྩེད་མོ་རྩེ་སྐབས་བྱིས་ པ་རྣམས་ཀྱིས་ངག་ལས་བསྐྱོར་ཚེ་གསོན་ཉམས་ལྡན་པ་ཞིག་མི་འདུག་གམ།
           གཞན་ཡང་བྱིས་པའི་དུས་སྐབས་ཡོངས་ཁྱབ་རང་བཞིན་ཞིག་ནི་རྩེད་མོ་རྩེ་རྒྱུ་དེ་ཡིན་པས་རང་རེའི་མེས་པོ་རྣམས་ཀྱིས་བྱིས་པའི་ཁྱད་ཆོས་དེ་ལ་གཞིགས་ནས་ཁེད་དམ་གབ་ཚིག་གསར་གཏོད་བྱས་ཡོད་པ་དེ་ བྱིས་པའི་རྩོམ་གྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེས་བྱིས་པ་རྣམས་རྩེད་མོ་དང་སྦྲགས་བློ་རིག་གི་སྒོ་མོ་ཕྱེ་སྟེ་ཤེས་ཡོན་སྦྱང་ཐུབ་ལ་བྱིས་པའི་འདོད་མོས་དང་མཐུན་པ་ཞིག་ཀྱང་རེད། སྤྱིར་བཏང་གེ་ཁེད་ནི་གབ་བྱ་དང་གབ་བྱེད་གཉིས་ལས་གྲུབ་པ་ཤིག་ཡིན་ལ། དེ་ཡང་གང་བརྗོད་པར་འདོད་པའི་དོན་དངོས་ནི་གབ་བྱ་སྟེ་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་བྱ་འགུལ་དངོས་པོ་ལ་སོགས་པའོ། །གབ་བྱེད་ནི་བརྗོད་བྱའི་དོན་དངོས་རྣམས་དཔེར་བཀོད་པའམ་གསོན་ཉམས་ལྡན་པའི་གཟུགས་བརྙན་གྱི་ཐོག་ནས་བརྗོད་པ་ཡིན།  དཔེར་ན། ཉིན་དཀར་རྒྱགས་ནས་འདུག །ནུབ་མོ་ལྟོགས་ནས་འདུག(ལྷམ)བྱིའུ་མིན་པའི་གཤོག་པ་ཅན།  །བྱི་ལ་མིན་པའི་སྡེར་མོ་ཅན།  །གཡག་གུ་མིན་པའི་ར་ཁ་ཅན།། རྒྱ་སྟག་མིན་པའི་ཐིག་ལེ་ཅན(སྦྲང་མ)ལྟ་བུ། 
           ད་དུང་དེ་ལས་ཅུང་མཐོ་བའི་ཁེད་ནི་བྱིས་་པ་སོ་སོར་གནམ་སྡེ་དང་ས་སྡེ་བགོས་ནས་ཁེད་རྩེད་ཀྱི་ཡོད་པ་སུས་ཤོར་ཚེ་སྡེ་སྤྲད་དགོས། གནམ་སྡེ་ལ་འདབ་ཆགས་ཚང་མ་དང་རྒྱུ་སྐར་ཚང་མ་ཡིན། ས་སྡེ་ལ་ས་ཡི་སྟེང་དུ་གནས་པའི་སྲོག་ཆགས་དང་དངོས་པོ་ཚང་མ་སྤྲད་ཆོག འདི་ལྟར་རྩེད་མོའི་བརྒྱུད་རིམ་ནང་བྱིས་པ་རྣམས་དཀའ་ངལ་མེད་པར་རྩེད་མོ་དང་སྦྲགས་ནས་ས་ཡི་སྲོག་ཆགས་སྐྱེ་དངོས་དང་གནམ་གྱི་བྱ་དང་སྐར་མ་སོགས་མང་པོའི་མིང་ཤེས་ཀྱི་ཡོད་པས་བྱིས་པ་རྣམས་ཐོས་རྒྱ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དཔེར་ན་བྱིས་པ་གཅིག་གིས། ཨ་ཚུལ་ཚུལ་ལ་ཚུལ་དགུ་ཡོད། ཚུལ་དགུ་མ་ཤེས་སྡེ་དགུ་སྤྲོད་ཞེས་བརྗོད་རྗེས་གཅིག་ཤོས་ཀྱིས། འོ་མ་འོ་སྐྱེལ་མགོ་ལ་གཡུ་ཆུང་བཏགས་པ་བག་མའི་ཚུལ། ཐང་དཀར་གནམ་ལ་ལྡིང་བ་དཔལ་བོའི་ཚུལ། ཐང་སྨུག་ས་ལ་སྡད་པ་མཁའ་འགྲོའི་ཚུལ། གོ་བོ་སྨན་ཁུག་འཁུར་བ་ཨེམ་རྗེའི་ཚུལ། ཁུ་བྱུག་ཁུག་རྟ་གཞོན་པ་དཔོན་པོའི་ཚུལ། ཏིང་ཏིང་ཁ་སེར་ཁ་ལ་བུ་རམ་བྱུག་པ་ཅེས་ཕྲུལ་ཚུལ། .....ཞེས་དགུ་གྲངས་དགོས། གལ་ཏེ་གྲངས་ཡག་མེད་ན་སྡེ་སྤྲད་དགོས་ཀྱི་ཡོད།   
           གཞན་ཡང་རྒྱུན་སྲོལ་བྱིས་པའི་རྩོམ་རིག་ནང་ལྷ་སྒྲུང་དང་གཏམ་རྒྱུད་སོགས་མང་དག་ཅིག་ཡོད། འོན་ཀྱང་འདིར་ཡིག་ཚོགས་མང་བར་དོགས་ནས་རེ་རེ་བཞིན་ངོ་སྤྲོད་མི་བྱེད་(དེའི་ཐད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྟོན་པའི་རྩོམ་འཇུག་ཞེས་པའི་རྩོམ་འབྲིའི་སློབ་དེབ་ཞིག་གི་ནང་ཞིབ་པར་བཀོད་འདུག)   
           འོན་ཀྱང་ང་ཚོས་མཐོང་དགོས་པ་ཞིག་ལ་རྒྱུན་སྲོལ་གྱི་བྱིས་པའི་རྩོམ་རིག་འདི་ཚད་བཀག་གི་རང་བཞིན་མེད་པ་མ་ཡིན་པར། རྒྱུན་སྲོལ་གྱི་བྱིས་རྩོམ་འདི་གཅིག་ནི་ངག་ཐོག་གི་རྩོམ་ཡིག་ལས་དེབ་ཐོག་གི་རྩོམ་ཡིག་ཏུ་འགྱུར་ཐུབ་མེད་པས་རྒྱ་ཆེ་བའི་བྱིས་པའི་ཀློག་པ་པོ་ལ་ཞབས་འདེགས་ཞུ་མི་ཐུབ། གཞན་ཞིག་ནི་རྒྱུན་སྲོལ་བྱིས་པའི་རྩོམ་རིག་མང་ཆེ་བ་དམའ་རིམ་བྱིས་པ་ལ་ཞབས་འདེགས་ཙམ་ལས་རྩོམ་རིག་གི་སྒྱུ་རྩལ་དང་ནང་དོན་ཚང་མ་ནས་རིག་གནས་ཆུ་ཚད་ཅུང་མཐོ་བའི་བྱིས་པའི་འདོད་བློ་དེ་ཙམ་བསྐོང་མི་ཐུབ། ལྷག་པར་རྒྱུན་སྲོལ་བྱིས་རྩོམ་བརྒྱུད་ནས་བྱིས་པ་ཚོའི་སྒྱུ་རྩལ་རྩོམ་རིག་གི་དཔྱད་གཟིགས་ནུས་པ་དང་རྩོམ་འབྲིའི་ནུས་པ་གསོ་སྐྱོང་དེ་ཙམ་མི་ཐུབ་པས། ང་ཚོས་རྒྱུན་སྲོལ་གྱི་བྱིས་རྩོམ་ཤུལ་འཛིན་དང་སྦྲགས་སྒྱུ་རྩལ་གྱི་རང་བཞིན་ཅུང་མཐོ་བའི་བྱིས་རྩོམ་གསར་རྩོམ་བྱེད་དགོས།   
           གསུམ། རང་རེའི་བོད་ལ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། ལྟ་སྒྲུང་། གྲགས་རྩོམ། ལོ་རྒྱུས་དེབ་ཐེར་སོགས་དུ་མ་ཞིག་ཡོད། དེ་དག་ནི་བོད་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་སྙིང་བཅུད་ཡིན་པས་གལ་ཏེ་དེ་དག་བཅོས་འབྲི་བྱས་ནས་བྱིས་པའི་ཀློག་པ་པོའི་དགོས་མཁོ་དང་མཐུན་པའི་རྩོམ་ཡིག་ལ་འགྱུར་ཐུབ་ཚེ་ཕན་པ་ཤིན་ཏུ་ཆེ་སྙམ། ཕྱི་རྒྱལ་གྱི་བྱིས་པའི་རྩོམ་པ་པོ་གྲགས་ཅན་དུ་མ་ཞིག་གིས་རྟག་ཏུ་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་བེད་སྤྱད་ནས་བྱིས་པའི་རྩོམ་ཡིག་གསར་གཏོད་བྱེད་པ་མ་ཟད་ད་དུང་དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་བསྣོན་བཟོ་བྱེད་ནས་བྲིས་པ་མང་པོ་ཡོད། ཧྥ་རན་སིའི་རྩོམ་པ་པོ་པད་ལོར་གྱི་《སྐྱ་མདོག་ཅན་གྱི་བུ་མོ་》 《ཞྭ་དམར་ཆུང་ཆུང་》སོགས་གྲགས་རྩོམ་དེ་དག་ནི་ཡོ་རོབ་གླིང་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་དམངས་ཁྲོད་གཏམ་རྒྱུད་ནས་བཅོས་འབྲི་བྱས་པ་ཞིག་རེད། དེ་བཞིན་གྲགས་པའི་རྔ་གསང་ཕྱོགས་ཀུན་བུ་མོའི་རྣ་བར་ཁྱབ་བཞིན་པའི་ཨན་དོད་ཧྲན་གྱི་གྲགས་རྩོམ་《རྒྱལ་པོའི་ན་བཟའ་གསར་པ་》ཞེས་པ་དེ་ཡང་ཤིས་པང་ཡ་ཡིས་དམངས་ཁྲོད་གཏམ་རྒྱུད་ནས་བསྒྱུར་བཟོ་བྱས་པ་ཞིག་རེད། རྩོམ་པ་པོ་དེ་དག་གི་རྩོམ་ཡིག་གསར་གཏོད་ཀྱི་ལམ་བུ་ལས་ང་ཚོ་ལ་བློས་བསླངས་ངེས་ཅན་ཞིག་བྱུང་སྲིད།  
           བཞི། རྩོམ་པ་པོས་ལག་སོར་འགུལ་ནས་བྱིས་པའི་རྩོམ་ཡིག་གསར་གཏོད་བྱེད་པ་མ་ཟད། ད་དུང་ནང་འདྲེན་གྱི་ལས་ཀའི་ཐོག་ཤུགས་བསྣོན་རྒྱག་དགོས། འཛམ་གླིང་ཐོག་བྱིས་པའི་གྲགས་རྩོམ་དུ་མ་ཞིག་ཡོད་པས་ང་ཚོས་དེ་དག་གང་ཐུབ་ཀྱིས་བོད་ཡིག་ལ་བསྒྱུར་ནས་རང་མི་རིགས་ཀྱི་བྱིས་པའི་བསམ་པའི་འབྲུ་རིགས་ཀྱི་ཆ་ཤས་ཤིག་ཆགས་ཐུབ་པ་དང་རྩོམ་ཡིག་དེ་དག་གི་སྙིང་བཅུད་དང་དགེ་མཚན་བླངས་ནས་ཐད་ཀར་རྩོམ་པ་པོའི་བྱིས་པའི་རྩོམ་འབྲིའི་བྱ་འགུལ་ལ་མཛུབ་ཁྲིད་བྱེད་ཐུབ་པ་བྱ་དགོས།  
           ལྔ། བྱིས་པའི་རྩོམ་རིག་ལ་མི་རབས་རྗེས་མ་སློབ་གསོ་བྱ་རྒྱུ་དང་མི་རབས་གསར་པ་ཞིག་གསོ་སྐྱོང་བྱ་རྒྱུའི་གཟི་བརྗིད་ཀྱི་འོས་འགན་ཡོད་པས་བྱིས་རྩོམ་གྱི་རྩོམ་པ་པོས་ངེས་པར་དུ་སོ་སོ་སློབ་གསོ་བྱེད་མཁན་ཞིག་ཡིན་པ་མ་བརྗེད་པ་བྱས་ནས་རྩོམ་ཡིག་གི་སློབ་གསོའི་ནུས་པ་ལ་མཐོང་ཆེན་བྱེད་དགོས། སྤྱིར་བྱིས་པའི་དུས་སྐབས་ནི་ལད་ཟློས་བྱེད་རྒྱུར་ཤིན་ཏུ་དགའ་བོ་ཡོད། ཚང་མས་ཤེས་གསལ་ལྟར་གློག་བརྙན《ཙོ་ལོ》བསྟན་ནས་ཉིན་ཁ་ཤས་མ་སོང་བར་བྱིས་པ་མང་པོ་ཞིག་གི་ལག་ཏུ་རྒྱུག་པ་རེ་འཁྱེར་ནས་ཙོ་ལོའི་ལད་ཟློས་བྱེད་པ་དང་། ཡང་དྲག་རྩལ་གྱི་གློག་བརྙན་ཞིག་ལ་བལྟས་ན་དེའི་ནང་གི་མི་སྣའི་ལད་ཟློས་བྱེད་ཀྱི་ཡོད། སྐབས་འདིར་ཡག་པའི་རིགས་ལ་ལད་ཟློས་བྱེད་སྲིད་ལ་མི་སྡུག་མ་རབས་མཐའ་ཤལ་གྱི་རིགས་ལ་ཡང་ལད་ཟློས་བྱེད་སྲིད་པས། བྱིས་པའི་རྩོམ་ཡིག་ནི་རྩོམ་པ་པོ་ཚོས་བྱིས་པའི་ཁྱད་ཆོས་འདི་ལ་གཞིགས་ནས། ང་ཚོའི་སྤྱི་ཚོགས་ནང་གི་འོད་ཟེར་ལྡན་པ་དང་། ཡ་རབས། མི་བཟང་ལས་བཟང་སོགས་རྩོམ་ཡིག་ནང་གང་ཐུབ་ཀྱིས་མཚོན་ཐུབ་པ་བྱས་ནས་སློབ་གསོའི་ནུས་པ་དེ་གོང་མཐོར་གཏོང་དགོས། ཡ་རབས་ཀྱི་སྤྱོད་བཟང་དེ་དག་ཀློག་པ་པོ་དང་ལོ་ཚོད་མཉམ་པའི་བྱིས་པའི་གཟུགས་བརྙན་གྱི་ཐོག་ནས་མཚོན་པར་བྱས་ན་ཕན་འབྲས་དེ་བས་ཞེབ་ཐོབ་ཐུབ་སྙམ།  གང་ལགས་ཞེ་ན། དེ་ལྟར་བྲིས་ཚེ་བྱིས་པ་སོ་སོ་དང་བར་ཐག་ཉེ་བས་ཡིད་གཟབ་གཞན་ལས་ཆེ་བ་ཞིག་བྱུང་སྲིད་པའི་ཕྱིར། དེ་ན་བྱིས་པ་བཀོད་འབྲི་བྱས་པ་ཙམ་གྱིས་བྱིས་པའི་རྩོམ་རིག་ཡིན་པས་མ་ཁྱབ་ཀྱང་། བྱིས་པའི་རྩོམ་རིག་གསར་གཏོད་བྱེད་སྐབས་མི་སྣ་གཙོ་བོ་དེ་བྱིས་པའི་གཟུགས་བརྙན་ཐོག་ནས་མཚོན་པར་བྱས་ན་ལེགས་ཆ་མང་སྙམ།   
           མདོར་ན་ང་ཚོས་མིག་རྒྱང་རིང་ཙམ་བལྟས་ནས་རྒྱ་ཆེའི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་ཚང་མས་སེམས་ནང་དུ་མ་འོངས་མི་རིགས་ཀྱི་ཤུལ་འཛིན་པ་ན་ཆུང་བྱིས་པ་རྣམས་འཇོག་དགོས་ལ། དར་མའི་རྩོམ་ཡིག་གསར་གཏོད་དང་ཞིབ་འཇུག་བྱེད་པ་དང་མཉམ་དུ་བྱིས་པའི་ཀློག་པ་པོ་ཞིག་ང་ཚོའི་ཁོར་ཡུག་ཏུ་གནས་ཡོད་པར་མ་བརྗེད་པ་བྱས་ནས་ཁོང་ཚོའི་བལྟ་ཀློག་ལ་མཁོ་བའི་དུས་དེབ་དང་རྩོམ་ཡིག་མང་ཙམ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཆེ། ཞེས་ཁོ་བོས་བྱིས་པའི་རྩོམ་རིག་གསར་གཏོད་སྐོར་དཔྱད་པའི་ཚུལ་དུ་འཚབ་འཚུབ་ངང་བྲིས་པ་འདི་ཡང་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་བཞིན། ཁོ་བོའི་རྩོམ་ཡིག་འདི་བརྒྱུད་ནས་མིག་སྔར་བོད་ཀྱི་ཡ་ང་བའི་བྱིས་པའི་རྩོམ་ཡིག་གི་སྣང་ཚུལ་འདི་ལ་ཚང་མས་ངོས་འཛིན་གསལ་པོ་ཞིག་ཐུབ་པར་བྱས་ནས། བོད་ཀྱི་རྩོམ་སྟེགས་ཀྱིས་བསྐྱུར་བའི་ཁུག་ཀྱོག་འདི་ལ་སླར་ཡང་རེ་བའི་འོད་སྣང་ཞིག་འབྱིན་ཐུབ་ན་ཇི་མ་རུང་སྙམ་ནས་བྲིས་པ་ལགས། ། 
           དཔྱད་གཞིའི་ཡིག་ཆ།
           ༡.《儿童文学研究》第二辑  少年儿童出版社  1979年8月
           ༢.《儿童文学研究》第四辑  少年儿童出版社  1980年5月
           ༣་《儿童文学研究》第十辑 少年儿童出版社  1982年6月
           ༤་《儿童文学研究》第十一辑  少年儿童出版社  1982年12月
           ༥.《藏族文学史》中央民族学院编著.四川民族出版社 1985.9
           ༦.《文学,民族的形象》李佳俊  西藏人民出版社 1989.5
           ༧་《བོད་ལྗོངས་སྤྱི་ཚོགས་སྤྱི་བཤད》(སྟོད་སྨད)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1991.5
           ༨.《རྩོམ་འཇུག་རིག་པ》ཁྲི་བསམ་གཏན། ནང་ཁུལ་དཔྱད་གཞི།  
(རྩོམ་ཡིག་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》1992ལོའི་དུས་དེབ་དང་པོར་བཀོད། འདིར་མཚན་བྱང་ཅུང་ཟད་བསྡུས་པའོ།)