ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་དང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་དབར་གྱི་གཤིབ་བསྡུར།

སྤེལ་དུས 2018-11-02 ཡོང་ཁུངས། ཀྲུང་ཀོའི་བོད་ཀྱི་ཤེས་རིག རྩོམ་པ་པོ། དགའ་བ་པ་སངས།
               དེ་ཡང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཞེས་པའི་གདགས་གཞི་འདི་ཡང་སྙིང་གང་ཞིག་ཡིན་ནམ་ཟེར་ན་འདི་ནི་ས་སྐྱ་པཎྜི་ཏ་ཞེས་པའི་ངོ་མཚར་ཅན་གྱི་བླ་མ་དེས་རང་གི་ཤེས་རབ་ཀྱི་རྩལ་ལ་བརྟེན་ཏེ་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཀྱི་རྩ་འཛིན་ལྟ་བུའི་བསྟན་བཅོས་ཁག་གསུམ་བརྩམས་གནང་བ་སྟེ། མཛེས་རིས་ཐད《ཐིག་གི་ལག་ལེན》དང་། རོལ་དབྱངས་ཀྱི་ཐད《རོལ་མོའི་བསྟན་བཅོས》རྩོམ་རིག་གི་ཐད《མཁས་པ་འཇུག་པའི་སྒོ》བཅས་ཀྱིས་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་དང་། གསར་རྩོམ་གྱི་རང་གཤིས་འཕེལ་ཕྱོགས་ལ་ཐོག་མའི་ལམ་སྟོན་ནུས་ལྡན་གྱི་གོམ་པ་བརྟན་པོ་ཞིག་སྤོས་སྟབས་སྐབས་མཚམས་དེ་ནས་བཟུང་བོད་ལ་སྒྱུ་རྩལ་གཞུང་ལུགས་ཅུང་ཆ་ཚང་བ་ཞིག་ཆགས་རྒྱུའི་རྨང་གཞི་སྔར་ན་མེད་པ་ཞིག་གཏིང་ཐུབ་པ་བྱུང་། 
               ང་ཚོས་འཛམ་གླིང་སྒྱུ་རྩལ་གཞུང་ལུགས་ཀྱི་རྒྱབ་ལྗོངས་སྟེང་ནས་བོད་ཀྱི་ཐོག་མའི་སྒྱུ་རྩལ་གཞུང་ལུགས་གསུམ་པོའི་འབྱུང་ཁུངས་དང་། ངོ་བོ། ཁྱད་ཆོས་བཅས་ལ་མནོ་བསམ་རགས་ཙམ་བྱས་ཚེ་གནད་དོན་འདི་འདྲ་ཞིག་གཅིག་ལ་གཅིག་བརྟེན་དུ་མཐོང་བ་སྟེ། ༡་སྒྱུ་རྩལ་གཞུང་ལུགས་ཀྱི་བསྟན་བཅོས་གསུམ་པོ་འདི་མཁས་མཆོག་རང་ཉིད་ཀྱིས《མཁས་པ་འཇུག་པའི་སྒོ》ཡི་ནང་དུ་“དེ་དག་གི(རྒྱ་གར་གྱི་བསྟན་བཅོས་དེ་དག)འགྲེལ་པ་དང་འགྲེལ་བཤད་ལ་སོགས་པའི་ཡོངས་སུ་གྲགས་པ་ཕལ་ཆེ་བ་མཐོང་ཞིང་ཐོས་ནས་འདྲིས་པར་བྱས་པ་ཡིན་གྱི་རང་བཟོ་དང་མུན་སྤྲུལ་མ་ཡིན་པས”ཞེས་གསུངས་པ་བཞིན་ས་པཎ་གྱིས་སྔར་མེད་གསར་བཟོ་བྱས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགསཀྱི་བསྟན་བཅོས་མང་ཆེ་བར་ཐོས་བསམ་སྒོམ་གསུམ་དང་བསྲེག་བཅད་བརྡར་གསུམ་གྱིས་འདྲིས་པར་བྱས་ནས་ལེགས་བཅུད་རྣམས་ཁ་བའི་ལྗོངས་འདིར་དྲངས་པ་མཐོང་། ༢.རྒྱུ་མཚན་དེས་ན་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཀྱི་རྩ་བའི་འབྱུང་ཁུངས་ནི་གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་དང་འབྲེལ་ནས་ཡོད་པ་དེ་མཐོང་ཐུབ། ༣.སུ་གང་ཞིག་གིས་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཀྱི་ངོ་བོ་དང་། ཁྱད་ཆོས། ལོ་རྒྱུས། ཐ་སྙད་སོགས་གཏིང་ཚུགས་པ་ཞིག་རྟོགས་འདོད་ཚེ་དེའི་འབྱུང་ཁུངས་སམ་རྩ་བ་ཡིན་པའི་གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཀྱི་ལོ་རྒྱུས་དང་བཅས་པ་ལ་ཐོས་དཔྱད་མི་བྱེད་ཀ་མེད་ཆགས་ཡོད་པ་འདི་མཐོང་ཐུབ། གཤམ་དུ་རེ་རེ་བཞིན་ཞིབ་ཏུ་བཤད་པར་བྱ་བ་ལ།   
               དང་པོ། གནའ་བོའི་རྒྱ་གར་སྒྱུ་རྩལ་གཞུང་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས་སོགས་བཙལ་སྡོམ་བྱེད་པ། 
               གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཧྲིལ་པོ་གྲུབ་བྱེད་ཀྱི་ཁུངས་བཅོལ་བསྟན་བཅོས་སྣ་ཚོགས་ཏེ་དེ་ཡང་། རྒྱ་གར་ཡང་སྒྱུ་རྩལ་གྱི་ལག་ལེན་འདི་སྒྱུ་རྩལ་གྱི་གཞུང་ལུགས་ལས་སྔ་བའི་སྤྱི་འགྲོས་འདི་ལས་མ་འདས་པས་ན། རང་རང་གི་ལྷའམ་མགོན་པོ་དག་ལ་གཏང་རག་ལེགས་འབུལ་གྱི“སྙན་ངག་ནི་སྤྱི་ལོའི་གོང་གི་ལོ་ཆིག་སྟོང་དང་བརྒྱ་ཕྲག་འགའི་ཡན་ལ་བཙལ་འདེད་ཐུབ་པ་དང་། རོལ་མོ་དང་ཟློས་གར་གཉིས་ཀྱང་གོང་གི་དུས་ཚོད་དེ་ནས་རྩ་བ་ནས་ཕྱི་བ་མེད་པར་གྲུབ”ཅེས་ཅིང་ཁེ་མུས་མཛད་པའི《གནའ་བོའི་རྒྱ་གར་རྩོམ་རིག་སྒྱུ་རྩལ་གཞུང་ལུགས་ཀྱི་དཔྱད་རྩོམ་འདེམ་སྒྲིག》ལས་གསུངས། ད་ལྟ་ང་ཚོས་མཐོང་བའི་སྒྱུ་རྩལ་སྐོར་གྱི་དཔེ་ཆ་སྔ་ཤོས་པཱ་ཎི་པའི་སྒྲའི་བསྟན་བཅོས་འདིའི་ལེའུ་བཞི་པའི་ནང“གར་པ”ཟེར་བ་དང་དེ་མིན་ལོ་རྒྱུས་སྙན་རྩོམ་རིང་མོའི་ནང་གི་མི་སྣ་འགའི་མིང་རེ་རེ་ཙམ་གསལ་ལུགས་ལས་བསྟན་བཅོས་འདིའི་བྱུང་སྐབས་སུ་ཟློས་གར་དང་ལོ་རྒྱུས་སྙན་ངག་སོགས་དར་ཁྱབ་ཡོད་པ་དང་དེ་ལ་དེ་བརྟེན་གྱི་རིག་པའི་གཞུང་ལུགས་ཀྱང་གང་ཙམ་མེད་དམ་སྙམ།   པཱ་ཎི་པའི་བསྟན་བཅོས་འདི་ཧ་ལམ་སྤྱི་ལོའི་གོང་གི་དུས་རབས་བཞི་པའི་སྐབས་སུ་བྱུང་བར་མཁས་དབང་ཅིང་ཁེ་མུས་ཞིབ་བརྟག་གནང་ནས་གསུངས་ཡོད། གཞན་ཡང་སྤྱི་ལོའི་གོང་གི་དུས་རབས་གསུམ་པའི་ཆོས་རྒྱལ་མྱ་ངན་མེད་པའི་དུས་སུ་བཙུགས་པའི་རྡོ་བརྐོས་ཀ་བའི་ཀ་ཏོག་སེང་གེ་དབྱིབས་ཅན་འདི་དེང་གི་དུས་སུ་ཕྱི་གླིང་པས་ཧ་ལས་པའི་ངོ་མཚར་གྱི་སྒྱུ་རྩལ་དངོས་པོ་ཞིག་ཏུ་བརྩི་བཞིན་ཡོད་མུས་དང་། ལྷག་པར་དུ་དང་ཐོག་དྲང་སྲོང་གྲོག་མཁར་གྱིས་བརྩམས་འགོ་ཚུགས་ཤིང་སྤྱི་ལོའི་དུས་རབས་གཉིས་པའི་སྐབས་སུ་ཡོངས་སུ་གྲུབ་པའི《རཱ་མ་ཎའི་རྟོགས་བརྗོད》དང་། དྲང་སྲོང་རྒྱས་པས་བརྩམས་འགོ་ཚུགས་ཤིང་། སྤྱི་ལོའི་དུས་རབས་བཞི་པའི་དུས་སུ་ཆ་ཚང་བར་གྲུབ་པའི《མ་ཧཱ་བྷ་ར་ཏ》བཅས་སྙན་རྩོམ་རིང་མོ་འདི་གཉིས་ལ་རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་ཆེས་རིང་མོ་གཉིས་ཞེས་བསྔགས་བརྗོད་ཡང་ནས་ཡང་དུ་གནང་གི་ཡོད་པ་རེད།                                                      
               ༡་《ཟློས་གར་གྱི་བསྟན་བཅོས》ད་བར་དངོས་སུ་མཐོང་རྒྱུ་ཡོད་པའི་ཡིག་ཆའི་དབུས་སུ་སྒྱུ་རྩལ་གཞུང་ལུགས་སྐོར་གྱི་བསྟན་བཅོས་ཆ་ཚང་ཞིང་སྔ་ཤོས་ནི་དྲང་སྲོང་བྷ་ར་ཏས་བརྩམས་པའི《ཟློས་གར་གྱི་བསྟན་བཅོས》ཞེས་པ་འདི་རེད་འདུག                   བསྟན་བཅོས་འདི་བྱུང་བའི་དུས་ནི་སྤྱི་ལོའི་གོང་གི་དུས་རབས་དྲུག་པ་དང་ལྔ་པའི་མཚམས་སུ་ཐོན་འགོ་ཚུགས་སྙམ། བསྟན་བཅོས་འདིའི་ནང་འཁྲབ་གཞུང་དང་། གར་སྟབས། རོལ་དབྱངས་སོགས་སྒྱུ་རྩལ་གྱི་ཕྱོགས་མང་པོའི་ནང་དོན་བསྟན་འདུག    
               ༢.《མེ་ལྷའི་བྱུང་བ་བརྗོད་པ》(Agnipurana)ཞེས་པའི་བསྟན་བཅོས་ཤིག་ཡོད་པ་དང་དེ་ནི་སྤྱི་ལོའི་རྗེས་སུ་བྱུང་བ་ཞིག་ཡིན། འདིའི་ལེའུ་འགའ་ཤས་ནང་རྩོམ་རིག་གི་སྐོར་རྒྱས་བཤད་བྱས་འདུག 
                ༣. 《སྙན་ངག་རྒྱན་གྱི་བསྟན་བཅོས》(kavyalankara)ཞེས་པའི་བསྟན་བཅོས་འདིའི་རྩོམ་པ་པོ་ནི་སློབ་དཔོན་བྷ་མ་ཧ་(Bhamaha)ཡིན་ལ་དེ་ཕལ་ཆེར་སྤྱི་ལོའི་དུས་རབས་བདུན་པའི་དུས་བརྩམས་ཤིང་། བརྗོད་དོན་གཙོ་བོ་རྩོམ་རིག་དང་ཚིག་རྒྱན་གྱི་སྐོར་ཡིན།   
               ༤.《སྙན་ངག་མེ་ལོང》ཚང་མར་རྒྱུས་མངའ་ཡོད་པའི《སྙན་ངག་མེ་ལོང》(Kavyadarsa)གི་རྩོམ་པ་པོ་ནི་སློབ་དཔོན་དབྱུག་པ་ཅན་ཡིན་ལ། གཞུང་དེ་ཕལ་ཆེར་སྤྱི་ལོའི་དུས་རབས་བདུན་པའི་སྐབས་བརྩམས།   བརྗོད་དོན་གཙོ་བོ་ནི་ཚིག་རྒྱན་གྱི་སྐོར་ཡིན་པའོ།   
               ༥.《དབྱངས་ཀྱི་གོ་བའི་སྒྲོན་མེ》(Dhvanyaloka)ཡི་རྩོམ་པ་པོ་ནི་ཨ་ཎ་དྷ་བྷ་ན།  བོད་སྐད་དུ་དགའ་རྒྱས་ཞེས་བྱ་བ་ཡིན། དེ་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མཛད་ཅིང་།  བརྗོད་དོན་གཙོ་བོ་ནི་གོང་གི་བསྟན་བཅོས་འདི་ཚོ་དང་མི་འདྲ་བར་རྩོམ་གྱི་གོ་དོན་ནམ་རྩོམ་གྱི་སྲོག་སྐོར་གྱི་གཞུང་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་རྒྱ་གར་གྱི་རྩོམ་རིག་སྒྱུ་རྩལ་གཞུང་ལུགས་ཐད་ལམ་བུ་གསར་པ་ཞིག་གཏོད་སྟབས། ཕྱིས་སུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གཞུང་ལུགས་ཤིག་རད། 
               ༦.《དབྱངས་སྒྲོན་གྱི་འགྲེལ་པ》(L0cana)ཞེས་པའི་བསྟན་བཅོས་ཤིག་ཡོད་པ་དེའི་རྩོམ་པ་པོ་ནི་སློབ་དཔོན་གསར་སྐྱབས་(Abhinavagupta)ཡིན་ལ། དེ་ནི་ཕལ་ཆེར་དུས་རབས་བཅུ་གཅིག་ཙམ་ལ་བརྩམས། སློབ་དཔོན་འདིས་མཚན་ཉིད་རིག་པའི་མཐོ་ཚད་ཀྱི་ཐོག་ནས་རྩོམ་རིག་སྒྱུ་རྩལ་གྱི་སྲོག་སྐོར་རྒྱས་གླེང་གནང་ཡོད་པ་དང་། འདི་དུས་དེང་སང་ཡང་རྩོམ་རིག་སྒྱུ་རྩལ་གྱི་བསླབ་གཞི་གྲགས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། སློབ་དཔོན་དེས་ཟློས་གར་བསྟན་བཅོས་ཀྱི་འགྲེལ་པ་ཞིག་མཛད་པར་གྲགས་ཀྱང་ཁོ་བོའི་མིག་བསོད་དུ་མ་གྱུར།   
               ༧.《འཁྱོག་བརྗོད་ཀྱི་སྲོག་བཤད་པ》(vakroktijivita)རྩོམ་པ་པོ་ནི་ཀོན་ཏ་ལ(Kuntala)ཡིན་ལ། དེ་ནི་དུས་རབས་བཅུ་པའི་སྐབས་མཛད་པའི་བསྟན་བཅོས་ཤིག་ཡིན།   
               ༨ .《གཟུགས་བཅུ》ཡི་རྩོམ་པ་པོ་ནི་ནོར་རྒྱས་(Dhananjaya)ཡིན་ལ། དེ་ནི་དུས་རབས་བཅུ་པའི་དུས་མཛད། བརྗོད་དོན་གཙོ་བོ་ནི་ཟློས་གར་གྱི་སྐོར་ཡིན།   
               ༩.《སྙན་དངགས་རབ་སྣང》གྱི་རྩོམ་པ་པོ་ནི་སློབ་དཔོན་རཱཛཱནཀ་དང་མ་མཱཊ་(Mammata)ཡིན་ལ་དེ་ནི་དུས་རབས་བཅུ་གཅིག་བཅུ་གཉིས་སྐབས་ཀྱི་བསྟན་བཅོས་ཤིག་ཡིན་པ་དང་། ད་ལྟའང་བསླབ་གཞི་བྱེད་པའི་རྩོམ་རིག་གི་རིག་པའི་གཞུང་ལུགས་དང་ཚིག་རྒྱན་རིག་པའི་སློབ་དེབ་ཅིག་རེད།   
               ༡༠. 《ཡི་གེའི་མེ་ལོང》(sahityadarpana)ཞེས་པའི་བསྟན་བཅོས་ནི་ཧ་ལམ་དུས་རབས་བཅུ་བཞི་པའི་སྐབས་ཀྱི་དཔེ་ཆ་ཞིག་ཡིན་པ་དང་། བསྟན་བཅོས་དེ་ཡང་གོང་གི《སྙན་དངགས་རབ་སྣང》དང་《གཟུགས་བཅུ་》བཞིན་གནའ་དེང་དར་ཁྱབ་ཆེ་བའི་དཔེ་ཆ་ཞིག་རེད།        
               ༡༡.《ཉམས་ཀྱི་རྒྱ་མཚོ》(Rasagangadhara)ཞེས་པའི་རྩོམ་པ་པོ་ནི་འཇིག་རྟེན་མགོན་པོ་(jagannatha) ཡིན་ལ། དུས་རབས་བཅུ་བདུན་པའི་སྐབས་མཛད་ཅིང་། མཁས་དབང་ཅིན་ཁེ་མུ་ཡིས་བསྟན་བཅོས་འདི་ནི་རྒྱ་གར་གནའ་རབས་ཀྱི་སྒྱུ་རྩལ་སྐོར་གྱི་གསུང་རྩོམ་རིན་ཐང་ཅན་མཇུག་མ་དེ་ཡིན་ཟེར། དེ་མིན་ད་དུང་བསྟན་བཅོས་སྣ་ཚོགས་ཡོད་རུང་རིག་གཞུང་གི་རིན་ཐང་འབུར་དུ་མངོན་པ་ནི་ཕལ་ཆེར་གོང་གི་བསྟན་བཅོས་བཅུ་གཅིག་པོ་དེ་རེད་སྙམ།   
               གཉིས་པ། བསྟན་བཅོས་འདི་དག་གི་ཐོག་ནས་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཀྱི་འཕེལ་རིམ་ཁྱད་ཆོས་ལ་བལྟ་བ།  
               གོང་གི་བསྟན་བཅོས་དེ་དག་གི་ཐོག་ནས་རྒྱ་གར་སྒྱུ་རྩལ་གཞུང་ལུགས་ཀྱི་འཕེལ་རིམ་ཁྱད་ཆོས་ལ་བསམ་ཚེ། མི་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྒྱ་གར་སྒྱུ་རྩལ་གཞུང་ལུགས་འདི་དུས་མཚམས་ཆེས་གསལ་བ་གཉིས་སུ་དབྱེ་ཆོག་པར་མཐོང་། དུས་མཚམས་དང་པོ་ནི་སྤྱི་ལོའི་དུས་རབས་དགུ་པའི་སྐབས་བྱུང་བའི《དབྱངས་ཀྱི་གོ་བའི་སྒྲོན་མེ》དང་དུས་རབས་བཅུ་གཅིག་པའི་སྐབས་སུ་བྱུང་བའི་སློབ་དཔོན་གསར་སྐྱབས་ཀྱི《དབྱངས་སྒྲོན་འགྲེལ་པ》བར་ཧ་ལམ་མི་ལོ་སྟོང་ཕྲག་གཅིག་དང་ཕྱེད་ལ་ལ་ཉེ་བ་དེའི་རིང་ཡིན། འདི་ནི་གནའ་བོའི་རྒྱ་གར་བས“ཉམས་དང་འགྱུར་བའི”གཞུང་ལུགས་ཐུན་མོང་མ་ཡིན་དེ་མེད་པ་ནས་ཡོད་པ་དང་། ཆ་མི་ཚང་བ་ནས་ཆ་ཚང་བའི་གཞུང་ལུགས་ཤིག་ཏུ་སྤེལ་བའི་ལོ་རྒྱུས་ཡིན། དུས་མཚམས་གཉིས་པ་ནི་སྤྱི་ལོའི་དུས་རབས་དགུ་པ་བཅུ་པའི་སྐབས་ཀྱི《དབྱངས་ཀྱི་གོ་བའི་སྒྲོན་མེ》དང་དུས་རབས་བཅུ་གཅིག་པའི་སྐབས་སུ་བྱུང་བའི་སློབ་དཔོན་གསར་སྐྱབས་ཀྱི《དབྱངས་སྒྲོན་འགྲེལ་པ》ནས་ད་བར་གྱི་མི་ལོ་སྟོང་གཅིག་ལ་ཉེ་བ་དེའི་ཡུན་ཡིན།  དེའི་ནང་སྒྱུ་རྩལ་གཞུང་ལུགས་ཐད་སྔར་གྱི“ཉམས་འགྱུར”གཞུང་ལུགས་དེ་ནས་བརྒལ་ཏེ་སྒྱུ་རྩལ་གྱི་གོ་དོན་སྲོག་གི་གཞུང་ལུགས་གསར་པ་ཞིག་ཐོན་ནས་དེ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཤིག་ཆགས་ཡོད་པ་རེད། དེས་ན་སློབ་དཔོན་དགའ་རྒྱས་ཀྱིས་བརྩམས་པའི《དབྱངས་ཀྱི་གོ་བའི་སྒྲོན་མེ》དང་དེའི་འགྲེལ་པ་སློབ་དཔོན་གསར་སྐྱབས་ཀྱིས་མཛད་པའི《དབྱངས་སྒྲོན་འགྲེལ་པ》གཉིས་ནི་མི་ལོ་སྟོང་ཕྲོག་གཉིས་ཀྱི་ལོ་རྒྱུས་ཡོད་པའི་རྒྱུ་གར་སྒྱུ་རྩལ་གཞུང་ལུགས་འདིའི་དུས་མཚམས་གོང་འོག་འབྱེད་ནུས་པའི་མཚམས་རྡོ་ཞིག་ཏུ་གྱུར་ཡོད། གཤམ་དུ་རྒྱ་གར་སྒྱུ་རྩལ་གཞུང་ལུགས་ཀྱི་དུས་མཚམས་གོང་འོག་གཉིས་རིམ་པ་བཞིན་གླེང་བ་ལ།
               ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་ཉམས་འགྱུར་སྐོར་གྱི་དཔེ་ཆ་སྔ་ཤོས་ནི《ཟློས་གར་ཀྱི་བསྟན་བཅོས》ཞེས་པ་འདི་ཡིན་པ་དང་།   ལེའུ་སོ་བདུན་གྱི་བདག་ཉིད་ཅན་གྱི་བསྟན་བཅོས་འདིའི་ལེའུ་དྲུག་པའི་ནང“ཉམས”ཀྱི་སྐོར་རྒྱས་པར་བཤད་ཡོད་པ་དང་། ལེའུ་བདུན་པའི་ནང་ཉམས་འགྱུར་གཉིས་ལས“འགྱུར”གྱི་གོ་དོན་རྒྱས་འགྲེལ་བྱས་འདུག ང་ཚོ་ཚང་མས་མཁྱེན་གསལ་ལྟར་སྤྱིར་ཉམས་འགྱུར་ཞེས་པ་ནི་དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་རྣོམ་འགྱུར་ཕྱི་ལུས་ངག་ཏུ་མ་ཤར་བ་ནི་འགྱུར་བ་ཡིན་པ་དང་དེའི་དེ་ཉིད་སྟོབས་རྒྱས་ནས་འཛུམས་པའམ་ཁྲོ་གཉེར་བསྡུས་པ་ལྟ་བུ་ཕྱིའི་ལུས་ངག་ཏུ་ཤར་བ་ནི་ཉམས་ཡིན་ཚུལ་གྱི་གནས་ལུགས་འདི《ཟློས་གར་གྱི་བསྟན་བཅོས》འདིའི་ནང་དཔེ་མང་པོའི་ཐོག་ནས་གསལ་བཤད་བྱས་འདུག    བསྟན་བཅོས་འདིས་ནང་གི་འགྱུར་བ་སྣ་ཚོགས་ཀྱིས་སྤྲུལ་པའི་ཕྱིའི་ཉམས་དེ་ལ་རིགས་འགྲེའི་ཕྱོགས་བསྡོམས་བྱས་རྗེས་གྲངས་ངེས་བརྒྱད་དུ་བསྡུ་ཐུབ་པར་ཞལ་བཞེས་པ་དང་། ཉམས་བརྒྱད་པོ་དེ་དག་སོ་སོར་དབང་སྒྱུར་མཁན་གྱི་ལྷ་བརྒྱད་ཡོད་ཚུལ་གྱི་ལྟ་བ་ཐུན་མོང་མ་ཡིན་པ་ཞིག་ཞིབ་ཅིང་ཕྲ་བར་བཀོད་འདུག  གཤམ་དུ་ང་ཚོས་བསྟན་བཅོས་འདིའི་ནང་ཉམས་དང་ཚོས་གཞི་དེའི་བདག་རྐྱེན་ལྷ་བཅས་དབར་གྱི་འབྲེལ་བ་ཇི་ལྟར་ཡིན་ཚུལ་རེའུ་མིག་ཐོག་ནས་མཚོན་པ་བྱས་ན་འདི་ལྟར་ཏེ།  
               ཉམས།       ཚོས་གཞི།      ལྷ།   
               སྒེག            ལྗང་ཁུ།         ཁྱབ་འཇུག  
               དཔའ་བ།         དམར་སེར།       བརྒྱ་བྱིན། 
               དྲག་ཤུལ།         དམར་པོ།        ཚོགས་བདག     
               མི་སྡུག་པ།         སྔོན་པོ།        དབང་ཕྱུག   
               དགོད་པ།         དཀར་པོ།        པཱོ་རཱ་མ་ཐ།   
               རྨད་བྱུང་།       སེར་པོ།        ཚངས་པ།    
               སྙིང་རྗེ།         ཐལ་མདོག      གཤིན་རྗེ།   
               འཇིགས་རུང་།       ནག་པོ།         གཤིན་རྗེ།   
               ང་ཚོས་གོང་གི་རེའུ་མིག་འདིའི་ཐོག་ནས་གནད་དོན་འདི་འདྲ་འགའ་མཐོང་ཐུབ་པ་སྟེ།
               ༡.གོང་གི་ཉམས་བརྒྱད་ཀྱི་དབང་བྱེད་ཀྱི་ལྷ་དག་ནི་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་ཡོད་པ་དེ་མཐོང་ཐུབ། ༢་ ཚོས་གཞིའི་ཁ་མདོག་གི་ཐོག་ནས་ཉམས་བརྒྱད་པོ་མ་འདྲེས་གསལ་ལེར་མངོན་ཐུབ་ལུགས་ལས་གནའ་བོའི་རྒྱ་གར་གྱི་གར་ཆས“འབག”སོགས་ཀྱི་ཚོས་གཞི་མ་ཐར་ཡང་ཁ་མདོག་འདྲ་མིན་བརྒྱད་ཙམ་ཡོད་ཚུལ་མཐོང་ཐུབ་པ་དང་དེ་སོ་སོའི་གོ་དོན་ཚད་ལྡན་ཅན་དུ་གྱུར་ནས་ཡོད་པ་མངོན། དེའི་ཤུགས་རྐྱེན་བོད་ཀྱི་ལྷ་མོའི་གར་ལ་ཞུགས་པར་སྣང་སྟེ་ཆེས་མངོན་གསལ་དོད་ཤོས་ཤིག་ནི་ལྷ་མོའི་འཁྲབ་ཆས་འབག་ལས་མངོན་གྱི་འདུག་སྙམ། དེ་ན་དེའི་ཐད་མཁས་པ་འགས་བོད་ཀྱི་ལྷ་མོའི་འབག་གི་ཚོས་གཞི་དང་ནང་པའི་ཆོས་ཀྱི་ཞི་རྒྱས་དབང་དྲག་མཚོན་བྱེད་ཀྱི་ཚོས་གཞི་གཉིས་དབར་འབྲེལ་བ་ཡོད་ཚུལ་གྱི་ཆེད་རྩོམ་མཛད་གནང་ཡོད་རུང་ཞི་རྒྱས་དབང་དྲག་མཚོན་བྱེད་ཀྱི་ཚོས་གཞིའི་འབྱུང་ཁུངས་ཀྱང་ནང་པའི་ཆོས་མ་བྱུང་སྔོན་གྱི་བྲམ་ཟེའི་ཆོས་ལུགས་སུ་ཡོད་པར་མཐོང་། དེས་ན་བོད་ཀྱི་ལྷ་མོའི“འབག”གི་ཚོས་གཞིའི་མཚོན་དོན་ཟབ་མོ་འདི་ཡང་གོང་གི《ཟློས་གར་བསྟན་བཅོས》ཀྱི་བརྗོད་དོན་ཡིན་པའི་ཚོས་གཞི་བརྒྱད་དང་། ཉམས་བརྒྱད། ལྷ་བརྒྱད་དབར་གྱི་འབྲེལ་བ་དེར་གཏུགས་དགོས་པ་ཞིག་ཆགས་པ་ལྟར་ནང་པ་སངས་རྒྱས་པའི་ཤེས་རིག་ནང་གི་ཞི་རྒྱས་དབང་དྲག་མཚོན་བྱེད་ཀྱི་ཚོས་གཞི་བཞི་པོ་འདིའི་མཚོན་དོན་གྱི་འབྱུང་ཁུངས་སོགས་ཀྱང་གོང་གི《ཟློས་གར་གྱི་བསྟན་བཅོས》འདི་དང་འདིའི་འབྱུང་ཁུངས་ཡིན་པའི་བྲམ་ཟེའི་ཆོས་ལུགས་ལ་གཏུགས་རྒྱུ་བྱུང་ཚེ་སངས་རྒྱས་ཤེས་རིག་གི་འབྱུང་རྩ་མང་པོ་ཞིག་གཞི་ནས་རྙེད་རྒྱུ་ཡོད་པར་སེམས། ༣.《ཟློས་གར་གྱི་བསྟན་བཅོས》ནང་དུ་ཉམས་བརྒྱད་བཤད་པ་དང་ས་པཎ་གྱི《མཁས་པ་འཇུག་པའི་སྒོ》ཡི་ནང་དུ་ཉམས་དགུ་བཤད་ཡོད་པ་སྟེ། སྒེག་ཅིང་དཔའ་བ་མི་སྡུག་པ། དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། སྙིང་རྗེ་ངམ་དང་ཞི་བ་དགུ། འཆི་མེད་མཛོད་ལས་བརྒྱད་དུ་བསྡུས། ཞེས་པ་ལས་ཉམས་བརྒྱད་ཚན་ཞིག་དང་དགུ་ཚན་བྱས་པ་ཁག་གཉིས་ཡོད་པ་དང་། དེ་ཡང་བརྒྱད་ཚན་དུ“ཞི་བ”མེད་པ་དང་དགུ་ཚན་དུ“ཞི་བ”ཡོད་པའི་ཁྱད་པར་ཡིན། ཁྱད་པར་འདི་དུས་ཚོད་ཀྱི་ཆ་ནས་བྱས་ན་དང་ཐོག་ཉམས་བརྒྱད་ཡིན་པ་དང་དེ་རྗེས་འཕེལ་རྒྱས་བྱུང་ནས་ཉམས་དགུ་ཚན་དུ་གྱུར་པ་ཡིན་པར་སྣང་། གྲུབ་མཐའི་ཐད་ནས་བསམ་ཚེ་རིག་བྱེད་དམ་བྲམ་ཟེའི་ལུགས་སུ་ཉམས་བརྒྱད་དང་ནང་པ་སངས་རྒྱས་ཀྱི་ལུགས་སུ་ཉམས་དགུ་ཚན་དུ་འདོད་པ་ཤུགས་ཆེ་བ་ཡིན། དེའི་རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་ཀྱི་རྟོགས་པ་ག་ཚོད་མཐོ་བའི་སྐྱེ་བོ་དེ་དེ་ཚོད་ཀྱིས་ནང་སེམས་དུལ་ཆེ་བས་ནང་སེམས་དུལ་བའི་འགྱུར་བ་དེ་ཕྱིའི་ཉམས་སུ་ཤར་ཚེ“ཞི་བའི”ཉམས་ལས་མ་འདས་པས“ཞི་བའི”ཉམས་དེ་ཡར་བསྣན་ནས་ཉམས་དགུར་ཆགས་པ་ཡིན།   
               དེས་ན་ཉམས་བརྒྱད་ནས་དགུ་ལ་འཕེལ་བ་དེ་ནང་ཆོས་ཀྱི་སྔ་རོལ་དུ་བྱུང་བའི“ཉམས་འགྱུར”གྱི་གཞུང་ལུགས་འདི་ནང་ཆོས་དར་རྗེས་སུ་དེ་བས་མཐོ་ཚད་གསར་པ་ཞིག་ལ་སླེབས་པའི་མཚོན་རྟགས་སུ་མངོན། ༤ .གོང་གི་ཡིག་ཆ་དེ་དག་གི་ཐོག་ནས་ཉམས་འགྱུར་གཞུང་ལུགས་འདི་སྤྱི་ལོའི་དུས་རབས་དང་པོ་དང་གཉིས་པའི་སྔ་རོལ་དུ་གཙོ་བོ་ཟློས་གར་སྒྱུ་རྩལ་གྱི་གཞུང་ལུགས་བྱེ་བྲག་པ་ཞིག་ཡིན་པ་ནས་སྤྱི་ལོའི་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་སྙན་ངག་སོགས་སྒྱུ་རྩལ་གྱི་རིག་གཞུང་ཞིག་ཏུ་ཆགས་པ་ནི《སྙན་ངག་གི་རྒྱན་བཤད་པ》དང་། 《སྙན་ངག་རྒྱན་གྱི་བསྟན་བཅོས》《སྙན་ངག་མེ་ལོང》སོགས་ལས་གསལ་བར་མཐོང་ཐུབ། དེ་དང་འདྲ་བར《མཁས་པ་འཇུག་པའི་སྒོ》ལས་ཀྱང“དཔེ་དྲང་པོ་དང་ཟུར་མིག་ལ་སོགས་པའི་སྒོ་ནས་ཡི་གེ་དང་རྒྱན་བཟང་པོས་སྒྲོ་བཏགས་ཏེ་རོལ་སྒེག་དང་བཅས་པའི་སྙན་ངག་གི་ཉམས་དགུ་དང་སྦྱར་ལ་བརྩམ་མོ”ཞེས་པ་དང་། 《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས“སྙན་ངག་ནི་གཙོ་བོ་ཚིག་སྦྱོར་རམ་ངག་གི་ཉམས་སྣ་ཚོགས་ཀྱི་སྒོ་ནས་ཉམས་གཞན་རྣམས་དོན་གྱིས་བསྟན་ཐུབ་པ་ཞིག་དགོས”ཟེར་བ་སོགས་ལས་ཉམས་འགྱུར་གྱི་ཚད་མཐོ་དམན་འདི་སྙན་ངག་གི་སྤུས་ཚད་ལེགས་ཉེས་འབྱེད་པའི་ཚད་གཞི་ཞིག་ཏུ་བརྩི་བཞིན་ཡོད་པ་མཐོང་།   
               ད་ནི་གོང་གི་གནད་དོན་བཞི་པོ་འདི་དང་འབྲེལ་བའི་ཉམས་འགྱུར་གཞུང་ལུགས་འདིའི་ངོ་བོ་ལ་མནོ་བསམ་ཅུང་ཟད་བྱས་ཚེ་ང་ཚོས་མཐོང་ཐུབ་པར། ཉམས་འགྱུར་གྱི་གཞུང་ལུགས་འདིས་ཐོག་མ་ཉིད་ནས་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པ་གཉིས་ལས་གཙོ་བོ་སྒྱུ་རྩལ་གྱི་རྣམ་པར་སྤུ་རིས་ཕྲ་ཞིང་ཕྲ་བ་ཞིག་འབྱེད་འགོ་ཚུགས་པ་ན་གཞུང་ལུགས་དེའི་བློའི་འཇུག་སྟངས་ནི་རྩོམ་གྱི་ནང་དོན་ལས་ཁ་ཕྱིར་ཕྱོགས་ནས་ཐད་ཀར་སྒྱུ་རྩལ་གྱི་རྣམ་པའམ་རྒྱན་གྱི་ཆ་ཁོ་ནར་རྐྱང་འཇུག་བྱས་པ་ཞིག་ཏུ་མཐོང་ལ། དེའི་སྟོབས་ལས་སྒྱུ་རྩལ་གྱི་རྣམ་པའམ་གྱེན་གྱི་གཞུང་ལུགས་གཞན་སུས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར་ནས་ཡོད། (《སྙན་ངག་མེ་ལོང》ལས་ཀྱང་ཤེས་ཐུབ)དེ་དང་ཆབས་ཅིག་ཉམས་འགྱུར་གཞུང་ལུགས་འདིའི་ཞན་ཆ་ཡང་ཆེས་གསལ་བར་མཐོང་བ་སྟེ། སྒྱུ་རྩལ་གྱི་བརྩམས་ཆོས་གང་ཞིག་ཡིན་རུང་དེ་ནི་ཕྱི་ནང་ཟུང་དུ་འབྲེལ་བའི་དབྱེར་མེད་གོང་བུ་ཞིག་དང་། ཡང་ན་སྲོག་དང་རྒྱན་ཟུང་དུ་འབྲེལ་བའི་གོང་བུ་ཞིག་ཡིན་ནའང་ཉམས་འགྱུར་གྱི་གཞུང་ལུགས་འདིས་བརྩམས་ཆོས་ཀྱི་ནང་དོན་ནམ་སྲོག་ལ་ཞིབ་འཇུག་བྱ་རྒྱུ་མ་ལྡེང་བའི་ཕྱོགས་ལྷུང་དེ་དེང་གི་དུས་སུ་ཇི་གསལ་དུ་མངོན་ཡོང་བ་དེ་ཡིན།   
               གཉིས། ཕྱོགས་ལྷུང་འདི་འདྲ་ཞིག་ཡོད་པ་ཡིན་སྟབས་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཀྱི་ལོ་རྒྱུས་ཐོག་ཕྱོགས་ལྷུང་དེ་ཡོངས་སུ་སེལ་ཐུབ་པའི་སྒྱུ་རྩལ་གཞུང་ལུགས་གསར་པ་ཞིག་བྱུང་བ་སྟེ། སྤྱི་ལོའི་དུས་རབས་དགུ་པའི་ནང་གི《དབྱངས་ཀྱི་གོ་བའི་སྒྲོན་མེ》དང་དུས་རབས་བཅུ་གཅིག་ཙམ་ལ་བྱུང་བའི《དབྱངས་སྒྲོན་འགྲེལ་པ》ཞེས་པའི་རྩ་འགྲེལ་འདི་གཉིས་གྱིས“སྲོག་གི་གོ་དོན”གྱི་གཞུང་ལུགས་གསར་རྐྱང་ཞིག་གཏོད་པ་དེ་ཡིན། དེ་ཡང་སློབ་དཔོན་དགའ་རྒྱས་ཀྱིས་བརྩམས་པའི《དབྱངས་ཀྱི་གོ་བའི་སྒྲོན་མེ》དང་། སློབ་དཔོན་གསར་སྐྱབས་ཀྱིས་མཛད་པའི《དབྱངས་སྒྲོན་འགྲེལ་པ》གཉིས་སྔ་རྗེས་སུ་བྱུང་བ་ནས་བཟུང་སྔར་གྱི་ཕྱི་ཚུལ་ནོམ་པའི་ཚིག་རྒྱན་རྒྱས་བཤད་བྱེད་པའི་སྲོལ་རྒྱུན་དེ་ལས་འགྲོལ་ནས་མ་ལག་ཆ་ཚང་བའི་སྒྱུ་རྩལ་གྱི་སྲོག་གི་གཞུང་ལུགས་ཤིག་བཙུགས་པ་ཡིན། ལེའུ་བཞིའི་བདག་ཉིད་ཅན་གྱི《དབྱངས་ཀྱི་གོ་བའི་སྒྲོན་མེ》ཞེས་པའི་བརྗོད་དོན་གཙོ་བོ་འདི་འདྲ་འགའ་སྟེ། 
               ༡. སྒྱུ་རྩལ་ལ་སྒྱུ་རྩལ་རང་ལ་མངའ་བའི་ཞིང་ཁམས་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་ངོས་འཛིན་པ་སྟེ《དབྱངས་ཀྱི་གོ་བའི་སྒྲོན་མེ》ཡི་ཤོ་ལོ་ཀ་༡༧ཡེའི་འགྲེལ་པར“གངྒའི་སྟེང་གི་རྩྭ་ཡི་སྤྱིལ་བུ”ཞེས་པ་ཞིག་དཔེར་བརྗོད་ནས་གསལ་བཤད་བྱས་པ་སྟེ། དཔེར་བརྗོད་འདི་ལ་དོན་མི་འདྲ་བ་རིམ་པ་གསུམ་གོ་རྒྱུ་ཡོད་ལུགས་བཤད་པ་དང་། དེའི་གོ་དོན་དང་པོ་ནི། ཡིག་འབྲུ་རྐྱང་པའི་སྟེང་གི་གོ་རྒྱུ་དང་། གཉིས་པ་གོ་བ་སྤྱིར་བཏང་པ། གསུམ་པ་སྙན་ངག་འདིའི་ཐུན་མོང་མ་ཡིན་པའི་ཞིང་ཁམས་ཀྱི་གོ་བ་བཅས་གསུམ་བསྟན་པ་ལས། དང་པོ་ནི་གངྒའི་སྟེང་སྟེ་ཆུ་བོ་གངྒའི་ཐོག་གམ་ཆུ་བོ་འདིའི་སྒང་ལ་ཞེས་པ་ཞིག་སྒྲ་ཇི་བཞིན་དུ་གོ་བ་དང་། གཉིས་པ་ཆུ་བོ་གངྒའི་འགྲམ་ངོག་ས་ལ་གོ་བ། གསུམ་པ་ནི་དྭངས་ཤིང་གཙང་ལ་ཞི་ཞིང་ལྷོད་པའི་དྲང་སྲོང་ཉམས་དགའི་བསྟི་གནས་ཀྱི་ཞིང་ཁམས་ཤིག་ལྷང་ལྷང་དུ་འཆར་རྒྱུ་ཡོད་པ་དེ་ཡིན་ཟེར། གདྒའི་སྟེང་གི་རྩ་ཡི་སྤྱིལ་བུ་ཞེས་པ་དེའི་གོ་དོན་རིམ་པ་དང་པོ་དང་གཉིས་པ་གཉིས་ནི་སྤྱིར་བཏང་གི་འཚོ་བའི་རྒྱུན་མཁོའི་འཁོར་རྒྱ་ལས་མི་འགྲོལ་བས་དེ་ནི་འཚོ་བ་སྤྱིར་བཏང་བའི་ཞིང་ཁམས་ཤིག་དང་། དཔེར་བརྗོད་འདིའི་གོ་དོན་གསུམ་པ་དེ་གཞི་ནས་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཡིན་པར་ངོས་འཛིན་འདུག ་༢ འདི་ལྟ་བུའི་སྒྱུ་རྩལ་གྱི་ཞིང་ཁམས་འདི་འདྲ་ཞིག་མཐོང་བ་ལ། མྱོང་པ་པོ་རང་ཉིད་ལ་སྒྱུ་རྩལ་གྱི་ཞིང་ཁམས་འདི་འདྲ་ཞིག་མཇལ་ཐུབ་པའི་ཐུན་མོང་མ་ཡིན་པའི་སྤྱན་ཞིག་དགོས་པ་དང་། སྤྱན་འདི་འདྲ་ཞིག་ལྡན་དང་མི་ལྡན་ནི་གཙོ་བོ་རང་ཉིད་ལ་མངའ་བའི་སྒྱུ་རྩལ་གྱི་བང་ཚད་མཐོ་དམན་དང་ལྷན་སྐྱེས་ཀྱི་སྐྱེ་སྟོབས་མཐོ་དམན་ལ་རག་ལས་པ་ཡིན་ཚུལ་བསྟན་འདུག ༣་ སྒྱུ་རྩལ་གྱི་ཞིང་ཁམས་གསར་སྐྲུན་བྱེད་མཁན་ཞིག་གི་ངོས་ནས་ཞུ་ན། སྒྱུ་རྩལ་པ་ཞིག་ཡིན་དང་མ་ཡིན་ནི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བསྐྲུན་ཐུབ་པ་དང་མི་ཐུབ་ལས་འཇུག་ལྡོག་བྱེད་པ་དང་། ་སྒྱུ་རྩལ་པ་ཞིག་གི་ཚད་མཐོ་དམན་ནི་དེས་བསྐྲུན་པའི་སྒྱུ་རྩལ་ཞིང་ཁམས་ཀྱི་ཚད་མཐོ་དམན་ལས་འཇལ་དགོས་ལུགས་བསྟན་འདུག  ང་ཚོས་ཉུང་མཐར་ཡང་མི་ལོ་སྟོང་གཉིས་ཀྱི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ཧྲིལ་པོ་ནས་བལྟས་ཚེ་ད་ལྟ་ནས་བརྩིས་པའི་མི་ལོ་སྟོང་ཕྲག་གཅིག་ཙམ་གོང་གི་ཉམས་འགྱུར་གཞུང་ལུགས་འདིས་སྒྱུ་རྩལ་གྱི་རྣམ་པའམ་རྒྱན་གྱི་རིག་གཞུང་དེ་གཞུང་ལུགས་གཞན་གང་གིས་ཀྱང་འགྲན་ཟླ་མེད་པའི་མཐོ་ཚད་དུ་སླེབས་པ་བྱས་འདུག་སྙམ་པ་དང་། དེའི་མཚོན་བྱེད་ལྟ་བུར་གཞུང་ཧྲིལ་པོ་ཉམས་འགྱུར་གྱི་གཞུང་ལུགས་ཡིན་པའི《སྙན་ངག་མེ་ལོང》ལས་ཡང་དག་མངོན་ཐུབ་པ་ཡིན། དེ་ནས་སྤྱི་ལོའི་དུས་རབས་དགུ་པ་ནས་བཟུང་སྒྱུ་རྩལ་གྱི་ནང་སྲོག་གི་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཤིང་། 《དབྱངས་ཀྱི་གོ་བའི་སྒྲོན་མེ》དང《དབྱངས་སྒྲོན་འགྲེལ་པ》སོགས་མཚན་ཉིད་རིག་པའི་མཐོ་ཚད་ལྡན་པའི་སྒྱུ་རྩལ་སྲོག་གི་གཞུང་ལུགས་ཆེས་ཆེར་འཕེལ་ནས་མཐར་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་འདི་ཕྱིའི་ཉམས་འགྱུར་ནས་ནང་གི་སྲོག་གི་གོ་བ་བར་ཕྱི་ནང་ཡོངས་འདུའི་གཞུང་ལུགས་ཆ་ཚང་བ་ཞིག་ཏུ་གྲུབ་ནས་ཡོད་པ་ལགས།     
               གསུམ་པ། རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་དང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་དབར་གྱི་འབྲེལ་བའི་སྐོར།  
               གོང་གི་བསམ་གཞིགས་དག་ལས་ལོ་ངོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་སྒྱུ་རྩལ་གཞུང་ལུགས་ལ་ཕྱོགས་བསྡུའི་སྐྱ་ཐིག་ཅིག་ཕབས་རྗེས་གནའ་བོའི་རྒྱ་གར་དང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་དབར་གྱི་འབྲེལ་བ་དེ་གཞི་ནས་ཅུང་གསལ་པོར་མཐོང་ཐུབ་རྒྱུ་རེད་སྙམ།   
               གཅིག “སྒྱུ་རྩལ་བརྩམས་ཆོས”དང“སྒྱུ་རྩལ་གཞུང་ལུགས”ཞེས་པའི་ཐ་སྙད་འདི་གཉིས་ལ་གོ་རྒྱུ་ཤིན་ཏུ་ནས་ཐ་དད་ཡིན་པ་སྟེ“སྒྱུ་རྩལ་བརྩམས་ཆོས”ནི་གསར་གཏོད་ཀྱི་རང་བཞིན་ཅན་དང“སྒྱུ་རྩལ་གཞུང་ལུགས་ནི”གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་འདིའི་ངོ་བོ་དང་། རྣམ་པ། འཕེལ་རིམ་སོགས་ལ་ཞིབ་འཇུག་བྱས་པའི་བྱས་འབྲས་མགོ་མཇུག་ལྡན་པའམ་མ་ལག་ཆ་ཚང་བ་ཞིག་ལ་འདོད་པ་ཡིན། དེས་ན་བོད་གངས་ཅན་ལ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ནི་ཆེས་སྔ་མོ་ནས་བྱུང་བ་སྟེ། དཔེར་ན། རྗེ་གཉའ་ཁྲི་བཙན་པོ(ཧ་ལམ་སྤྱི་ལོའི་གོང་གི་དུས་རབས་གཉིས་པ)ནས་བཙན་པོ་ཁྲི་སྲོང་བཙན་མ་བྱོན་བར་བོད་ཀྱི་རྒྱལ་སྲིད་སྒྲུང་བོན་ལྡེའུ་གསུམ་གྱིས་བསྐྱངས་སོ་ཞེས་པའི་ནང་གི་སྒྲུང་དང་། དེ་བཞིན་བོད་བྱང་རྒྱུད་ཀྱི་འོམ་བུ་དོན་གཅོད་ཁྲུའུ་ཡི་ཤ་ཚང་དང་། ཤན་རྩྭ་རྫོང་ཁོངས་ཀྱི་ཇགས་གླིང་། མངའ་རིས་རུ་ཐོག་རྫོང་ཁོངས་ཀྱི་རི་གསུམ་ཆུས་ཀྱི་རི་མོ་ལུང་། རུ་ཐོག་ཆུས་ལོ་རི་ནམ་མཁའ། རྡོ་དམ་ཆུས་ཆ་ཁ་སང་སོགས་སུ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པའི་གནའ་བོའི་བྲག་བརྐོས་རི་མོ་གྲགས་ཅན་དག་ལྟ་བུ་མང་། འོན་ཀྱང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ནི་གོང་གི་སྒྱུ་རྩལ་བརྩམས་ཆོས་དེ་དག་ལས་བྱུང་ཕྱི་སྟེ་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཉིས་བཅུ་གསུམ་གྱི་མཚམས་ནས་རིམ་བཞིན་དར་བས་ན། འདིའི་གདགས་གཞིའམ་མཛུབ་མོ་སྟོན་ས་ཡང་གཞུང་འདི་འདྲ་འགའ་ལ་བབས་པ་སྟེ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《ཟློས་གར་རབ་དགའི་འཇུག་པ》དང་།《མཁས་པ་འཇུག་པའི་སྒོ》《རོལ་མོའི་བསྟན་བཅོས》《ཐིག་གི་ལག་ལེན》ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཐོག་མར་བསྒྱུར་བའི་རྒྱ་གར་གྱི་རྩོམ་རིག་ཉམས་འགྱུར་གཞུང་ལུགས《སྙན་ངག་མེ་ལོང》དང་། དེ་དང་འབྲེལ་བའི་བོད་པའི་ཚོས་བྲིས་པའི་སྙན་གཞུང་རྒྱས་བསྡུས་མི་འདྲ་བ་བརྒྱ་ལ་ཉེ་བ་དེ་རྣམས་དང་། ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད་པའི《རྩོམ་གྱི་རྣརྨ་གཞག》སོགས་ཡིན།   
               གཉིས། སྤྱིར་ན་མི་རིགས་ཤིག་ལ་རང་སོ་སོའི་སྒྱུ་རྩལ་གཞུང་ལུགས་ཤིག་གྲུབ་པ་ལ་གྲུབ་ཆ་གཙོ་བོ་འདི་འདྲ་གསུམ་ཡོད་པ་སྟེ། གཅིག མི་རིགས་གཞན་གྱི་སྒྱུ་རྩལ་གཞུང་ལུགས་ལ་ཐོས་བསམ་སྦྱངས་གསུམ་བྱས་ནས་རང་གཞན་གཉིས་ཀྱི་ཉིང་བཅུད་རྣམས་གཅིག་ཏུ་བསྒྲིལ་བའི་གཞུང་ལུགས་བརྩམས་པ། གཉིས། མི་རིགས་གཞན་གྱི་སྒྱུ་རྩལ་གཞུང་ལུགས་ཐད་ཀར་བསྒྱུར་བ། གསུམ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གཞུང་ལུགས་བརྩམས་པ་བཅས་དེ་དག་གསུམ་ལས་གང་ཞིག་གཙོ་བོ་ཡིན་པའམ་ཡང་ན་གསུམ་ག་གཅིག་ཏུ་བསྒྲིལ་བའི་གོང་བུ་ཞིག་ཡིན་པ་ཤས་ཆེ་བ་མངོན། དེས་ན་ཁ་བའི་ལྗོངས་འདིར་མི་རིགས་གཞན་གྱི་སྒྱུ་རྩལ་གཞུང་ལུགས་ལ་ཐོས་བསམ་བྱས་ནས་རང་གཞན་གྱི་སྙིང་བཅུད་གཅིག་ཏུ་བསྒྲིལ་བའི་སྒྱུ་རྩལ་གཞུང་ལུགས་ཅུང་ཆ་ཚང་བ་རྩོམ་གནང་མཛད་མཁན་ནི་མཁས་མཆོག་ས་སྐྱ་པཎ་ཆེན་ཡིན། ཁོང་གིས་བརྩམས་པའི་སྒྱུ་རྩལ་གྱི་གཞུང་ལུགས་སྤྱི་དང་། ལྷག་པར་ཚང་མར་རྒྱུས་མངའ་ཡོད་པའི《མཁས་པ་འཇུག་པའི་སྒོ》ཞེས་པའི་དཔེ་ཆ་འདི་ནི་ས་པཎ་གྱིས《ཟློས་གར་གི་བསྟན་བཅོས》ཞེས་པའི་རྒྱ་གཞུང་འདི་ལ་ཞིབ་མོའི་བློས་ཐོས་བསམ་ཇི་བཞིན་དུ་བྱས་པའི་བྱས་འབྲས་རི་མོའི་གཟུགས་སུ་བསྐྲུན་པ་དང་གཉིས་སུ་མེད་ལུགས་ནི་གཞུང་འདི་གཉིས་བསྡུར་བ་ཙམ་གྱིས་ཚེགས་མེད་དུ་མཐོང་ཐུབ། དཔེར་ན། 《ཟློས་གར་གྱི་བསྟན་བཅོས》འདིའི་བསྟན་བྱ་གཙོ་བོ་ནི་གར་གྱི་ཉམས་འགྱུར་ཡིན་པ་དང་། དེ་ས་པཎ་གྱིས《མཁས་པ་འཇུག་པའི་སྒོ》ཡི་ནང་དུ་ཕྲ་ཞིང་ཞིབ་པའི་དབྱེ་བའི་ཐོག་ནས་ཁ་བའི་ལྗོངས་འདིར་ཐོག་མར་ངོ་སྤྲོད་གནང་བ་དང་། ཉམས་འགྱུར་གྱི་གཞུང་ལུགས་འདི་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་རིག་གཞུང་ཞིག་ཡིན་ཚུལ་དོན་དངོས་ཀྱི་ཐོག་ནས་གསལ་བཤད་བྱས་པར་བརྟེན་དུས་དེ་ནས་བཟུང་རྒྱ་གར་གྱི་ཉམས་འགྱུར་གཞུང་ལུགས་འདི་བོད་ཀྱི་སྒྱུ་རྩལ་ས་གཞིའི་ཐོག་རྩ་བ་ཚུགས་པ་དང་། ཡལ་ག་རྒྱས་པ། མཐར་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཤིག་ཏུ་གྱུར་པ་ཡིན། ཁོ་བོའི་བསམ་པར་གལ་སྲིད་ས་པཎ་གྱིས་རྒྱ་གར་གྱི་ཉམས་འགྱུར་གཞུང་ལུགས་འདི《མཁས་པ་འཇུག་པའི་སྒོ》ཡི་ནང་དུ་ཐོག་མར་བོད་པ་ཡིག་མཁན་ཚོ་ལ་གཏིང་ཚུགས་པར་ངོ་སྤྲོད་གནང་མེད་ཚེ་ཉམས་འགྱུར་གྱི་གཞུང་ལུགས་ཡིན་པའི《སྙན་ངག་མེ་ལོང》འདི་ལ་མོས་དད་ལྷག་པར་བ་ཞིག་སྐྱེ་དཀའ་བས་བོད་ཡིག་ཏུ་ཕལ་ཆེར་བསྒྱུར་མི་སྲིད་ལ། སྒྱུར་ནའང་ལེའུ་རེ་གཉིས་མ་གཏོགས་ད་ལྟ་བཞིན་ཆ་ཚང་སྤུས་དག་འདི་འདྲ་ཞིག་སྒྱུར་དཀའ་སྙམ། དེ་ཡང་སྙན་གཞུང་འདི་བོད་ལ་སྒྱུར་བའི་རྒྱབ་ལྗོངས་ལ་བསམ་པ་ཙམ་གྱིས་ཤེས་ནུས་པ་སྟེ། 《སྙན་ངག་མེ་ལོང》བོད་དུ་ཐོག་མར་སྒྱུར་མཁན་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཡིན་པ་དང་། དེ་ལ་ཆོས་རྒྱལ་འགྲོ་མགོན་འཕགས་པས་བདག་རྐྱེན་གནང་ནས་ཆེད་མངགས་བལ་ཡུལ་དུ་ལོ་ཙཱ་སློབ་ཏུ་བཏང་མཐར་སླར་ས་སྐྱར་བྱོན་ནས་དམིགས་སུ་བཀར་ཏེ《སྙན་ངག་མེ་ལོང》ཆ་ཚང་བསྒྱུར། ཚང་མས་མཁྱེན་གསལ་འགྲོ་མགོན་འཕགས་པ་ནི་ས་པཎ་གྱི་སྐུ་ཚ་ཡིན་པས《མཁས་པ་འཇུག་པའི་སྒོ》སོགས་ཀྱི་གསུངས་རྗེན་པའི་བྱིན་རླབས་འཇུག་ཡུལ་དང་པོ་ཡིན་སྟབས་ས་པཎ་གྱིས་ཧ་ཅང་གཙིགས་ཆེར་འཛིན་པའི་རྒྱ་གར་གྱི་ཉམས་འགྱུར་གཞུང་ལུགས་ཐད་གཞན་དང་མི་འདྲ་བའི་བག་ཆགས་བརྩེ་ཞེན་ཞིག་ཡོད་པར་ངེས་ན《སྙན་ངག་མེ་ལོང》ཆ་ཚང་བོད་དུ་བསྒྱུར་ཐུབ་པ་ཡང་ས་པཎ་གྱི་སྐུ་ཚ་དེ་དང་འབྲེལ་བ་དམ་ཟབ་ཡོད་པ་མཐོང་། དེས་ཕྱོགས་གཞན་ཞིག་ནས་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་སྤྱིའི་རང་གཤིས་ཚད་བཀག་གཏན་འཁེལ་ཅན་དུ་འགྱུར་བའི་ནུས་པ་ཐོན་པ་སྟེ། བོད་ཀྱི་དུས་རབས་བཅུ་གསུམ་པའི《མཁས་པ་འཇུག་པའི་སྒོ》དང་།  དུས་རབས་བཅུ་བཞི་པའི《སྙན་ངག་མེ་ལོང》ནས་ད་ལྟའི་དུས་རབས་ཉི་ཤུའི་བར་གྱི་སྙན་གཞུང་སྣ་ཚོགས་ཧ་ལམ་བརྒྱ་ལ་ཉེ་བ་ཞིག་བྱུང་འདུག་པ་འདི་དག་སྤྱི་ན་རྒྱ་གར་སྒྱུ་རྩལ་གཞུང་ལུགས་ཀྱི་བྱེ་བྲག་ཡིན་པའི་ཉམས་འགྱུར་གཞུང་ལུགས་ཀྱི་མཐའ་རྒྱ་ལས་གྲོལ་མེད། དེ་ཡང་ཕྱོགས་གཞན་ཞིག་ནས་ཞུས་ན། བོད་ཀྱི་སྒྱུ་རྩལ་གཞུང་ལུགས་བྱིངས་དག་ནི་དུས་རབས་བཅུ་གསུམ་པའི《མཁས་པ་འཇུག་པའི་སྒོ》དང《ཐིག་གི་ལག་ལེན》དང་། དུས་རབས་བཅུ་བཞི་པའི《སྙན་ངག་མེ་ལོང》ལས་གྲོལ་མེད། ཡང་བསྟན་བཅོས་འདི་གསུམ་ནི་ཉམས་འགྱུར་གཞུང་ལུགས་ལས་གྲོལ་མེད་པས་དོན་དུ་རང་རེ་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཀྱི་བསྟན་བཅོས་ཤིན་ཏུ་མང་བ་དེ་དག་ཐམས་ཅད་རྒྱ་གར་གྱི་དུས་རབས་བརྒྱད་པ་དགུ་པའི་སྒྱུ་རྩལ་གཞུང་ལུགས་ཀྱི་རང་གཤིས་དང་གནས་ཚད་དུ་ལུས་ཡོད་པ་དེ་ཡིན།   
               གསུམ། གོང་གི་དོན་གནད་འདི་དག་ཐོག་ནས་བསམ་ཚེ་རང་རེའི་སྔར་སོང་གི་སྒྱུ་རྩལ་གཞུང་ལུགས་ཀྱི་རང་གཤིས་སམ་ངོ་བོ་ནི་རྩ་བའི་ཆ་ནས་ཉམས་འགྱུར་གྱི་སྒྱུ་རྩལ་གཞུང་ལུགས་ཤིག་ཡིན་པ་དང་།་དེའི་ཁྱད་ཆོས་གཙོ་བོ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཕྱིའི་རྣམ་པའམ་རྒྱན་གྱི་ཆ་དེ་ཞིབ་འཇུག་བྱ་ཡུལ་ལྟེ་གནས་སུ་བཟུང་ནས་འཇུག་པར་བརྟེན་རྒྱན་གྱི་གཞུང་ལུགས་སམ་ཉམས་འགྱུར་གྱི་གཞུང་ལུགས་དེ་གནའ་བོའི་རྒྱ་གར་དང་འདྲ་བར་ཚད་མཐོ་པོར་སླེབས་ཡོད།  དེ་ནི་ངོ་མ་སྤོབས་པ་བྱེད་འོས་པ་ཞིག་ཡིན། འོན་ཀྱང་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་སྲོག་དང་འབྲེལ་བའི་གཞུང་ལུགས་ཤིག་དེང་གི་དུས་སུའང་སྤྱི་ན་ཆགས་ཐུབ་མེད་པས་ན་མ་མཐར་ཡང་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱད་ཆོས་ཆེས་གསལ་བའི་གཞུང་ལུགས《དབྱངས་ཀྱི་གོ་བའི་སྒྲོན་མེ》འདི་འདྲ་ཞིག་ཐོན་རྒྱུ་ནི་ང་ཚོའི་མདུན་དུ་ལྷགས་པའི་ལོ་རྒྱུས་ཀྱི་འོས་འགན་ཞིག་རེད་སྙམ།།
               དཔྱད་ཡིག    
               [1]金克木.印度文化论集[M]中国社会科学出版社,1983.    
               [2]金克木.艺术科学丛谈[ M]生活.读书‘新知三联书店,1986.  
               [3]崔连仲等.古印度帝国时代史料选辑[M]商务印书馆,1989.  
               [4]蚁垤.罗摩衍那后篇[M]人民文学出版社,1984.  
               [5]季羡林་罗摩衍那初探[M]外国文学出版社,1979.   (དཔྱད་རྩོམ་འདི་ཉིད《ཀྲུང་ཀོའི་བོད་ཀྱི་ཤེས་རིག》1994ལོའི་དུས་དེབ་དང་པོར་བཀོད།)