ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྙན་ངག་ཡིག་སྒྱུར་སྐོར་ཅུང་ཟད་གླེང་བ།

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཟིམས་སྐྱིད་ར་བུ་ཆུང་།
           ཡིག་སྒྱུར་ཞེས་པ་ནི་སྐད་ཡིག་ཅིག་སྐད་ཡིག་གཞན་ཞིག་གི་ཐོག་ནས་སྐད་ཡིག་སྔ་མ་མི་ཤེས་མཁན་ལ་མཚམས་སྦྱོར་བྱེད་པ་ཞིག་ཡིན་ཏེ། དེ་ཡང་རྒྱལ་ཁབ་བར་དང་མི་རིགས་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་སྤེལ་རེས་བྱེད་པ་དང་། ཕྱོགས་སོ་སོའི་འདུན་པ་དང་། རིག་གནས། ལོ་རྒྱུས། ཡུལ་གོམས་གཤིས་ལུགས། འདུ་ཤེས་འཛིན་སྟངས་སོགས་ལ་ཤེས་རྟོགས་ཡོང་ཐབས་བྱས་ནས། མི་རིགས་ཕན་ཚུན་གྱི་ལེགས་ཆ་རྣམས་བསྡུ་ལེན་བྱེད་རྒྱུར་ཕན་པ་བསྐྱེད་ཐུབ་པ་བཅས་ལེགས་ཉེས་བླང་དོར་དང་། ཕན་ཚུན་སློབ་སྦྱོང་།  ཐུན་མོང་ཡར་རྒྱས་ཡོང་བའི་སླད་དུ་ཡིན། འོན་ཀྱང་གལ་ཆེའི་དོན་དེར་ངོས་འཛིན་ཡང་དག་པ་ཞིག་དང་། གཏིང་ཟབ་པ་ཞིག་མ་ལོན་པའི་རྐྱེན་གྱིས་སྙན་ངག་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དོན་སྒྱུར་དང་ཐད་སྒྱུར་གཉིས་ཆེ་ཐལ་དུ་སོང་བའི་ཕྱོགས་ལྷུང་གི་རྣམ་པ་ཞིག་ཐོན་བཞིན་འདུག དེས་བསྒྱུར་བྱ་སྙན་རྩོམ་དེའི་མི་རིགས་ཀྱི་བསམ་པའི་འདུ་ཤེས་དང་། མཛེས་འཆོས་ཀྱི་ལྟ་ཚུལ་སོགས་ཤེས་རྟོགས་བྱ་རྒྱུར་འགོག་རྐྱེན་ཞིག་བཟོ་བ་མ་ཟད། ཐ་ན་མ་ཡིག་སྙན་རྩོམ་གྱི་གོ་དོན་ལོག་པ་དང་། མ་ཡིག་ཇི་བཞིན་དོན་གྱི་ཉམས་འགྱུར་མཚོན་མི་ཐུབ་པ་སོགས་ཀྱི་རྐྱེན་ཞིག་ཡོང་གི་ཡོད་པ་རེད། ཁོ་བོས་ཀྱང་རྐྱེན་དེའི་ངེས་པ་དོན་གྱི་འཚེ་བ་མཐོང་ནས། ད་ཐེངས་གནད་དེའི་སྐོར་ལས་རང་བློས་དཔོག་ཚོད་ཙམ་ཅུང་ཟད་གླེང་བར་བྱའོ།   
གཅིག རྒྱ་བོད་སྙན་ངག་ཡིག་སྒྱུར་བྱེད་སྐབས་མི་རིགས་རང་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་ཁྱད་ཆོས་ལ་དོ་སྣངབྱེད་དགོས།   
           སྙན་ངག་ཡིག་སྒྱུར་ནི་ཡིག་སྒྱུར་སྤྱི་དང་འདྲ་བར་ཡིག་རིགས་གཅིག་ནས་ཡིག་རིགས་གཞན་ཞིག་ཏུ་ཆད་ལྷག་འགལ་འཛོལ་མེད་པར་འབེབས་པར་བྱེད་པའི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་སྒྱུ་རྩལ་རང་བཞིན་ལྡན་པའི་སྙན་ངག་ཚིག་བཅད་ཡིག་སྒྱུར་བྱེད་སྐབས་གོང་གསལ་དགོས་འདུན་ཁོ་ནས་ལྡེང་ཐུབ་པ་ཞིག་ག་ལ་ཡིན། སྤྱིར་སྙན་ངག་རྩོམ་རིག་ནི“སྐད་ཡིག་གི་ཐོག་ནས་གསར་གཏོད་བྱས་པའི་སྒྱུ་རྩལ་ཞིག་ཡིན་སྟབས། བྱ་དངོས་ཀྱི་ཐ་སྙད་དང་གནས་ཚུལ་གླེང་འགོད་བྱས་པ་ཙམ་གྱིས་མི་འགྲིག་པར། ད་དུང་ཀློག་པ་པོས་ལྟ་ཀློག་བྱ་རྒྱུར་སྒྱུ་རྩལ་གྱི་གོ་དོན་ཟབ་མོ་ཞིག་སྐོང་འཐེན་བྱེད་པའི་ནུས་པ་ལྡན་དགོས་པ་དང་། སྒྱུ་རྩལ་གྱི་གཟུགས་བརྙན་བརྒྱུད་ཀློག་པ་པོས་རྩོམ་ཡིག་ཁྲོད་ཀྱི་མི་སྣའི་བསམ་བློ་དང་། བྱ་སྤྱོད་ལ་གདུང་སེམས་ཆེས་ཆེར་སླེབས་ཐུབ་པ་ཞིག་བཟོ་དགོས་པ་དེ་ཡིན”①སྙན་ངག་ཡིག་སྒྱུར་བྱེད་པ་དེའང“སྐད་ཡིག་གཞན་ཞིག་གི་ཐོག་ནས་མ་ཡིག་གི་བསམ་པའི་ཡུལ་ཁམས་དེ་ཀློག་པ་པོ་རྣམས་ལ་བརྡ་སྤྲོད་བྱེད་ཐུབ་པ་དང་། དེའང་མ་ཡིག་གི་ཉམས་འགྱུར་ཇི་བཞིན་ཀློག་པ་པོས་སྒྱུར་ཡིག་དག་ཀློག་སྐབས་མ་རྩོམ་བཀླགས་པ་དང་འདྲ་བར་ཀློག་པ་པོའི་བློ་སྒོ་འབྱེད་ཐུབ་པ་དང་།  ཁོང་ཚོར་སེམས་འགུལ་ཐེབས་ཐུབ་པ་དང་། ཡིད་དབང་འཕྲོག ཐུབ་པ་ཞིག་དགོས”②དེས་ན་མ་རྩོམ་གྱི་ཐོག་མའི་ཉམས་འགྱུར་དང་མཐུན་པའི་རིག་གཞུང་གི་སྐད་ཡིག་ཐོག་ནས་སྙན་ངག་གི་བརྗོད་དོན་སྲོག་གི་སྙིང་པོ་དང་རྗོད་བྱེད་ཚིག་གི་ཉམས་འགྱུར། མཚོན་བྱེད་ལུས་ཀྱི་རྣམ་པ་སོགས་ཡང་དག་པ་དང་འཁྲུལ་ལྷག་མེད་པའི་སྒོ་ནས་མཚོན་ཐུབ་པ་བྱ་དགོས།   སྤྱིར“མི་རིགས་མི་འདྲ་བས་སྐད་ཡིག་མི་འདྲ་བ་སྤྱོད་པ་མ་ཟད། མི་རིགས་སོ་སོའི་ལོ་རྒྱུས་དང་།རིག་གནས་སྲོལ་རྒྱུན། འཚོ་བའི་གོམས་གཤིས་སོགས་མི་འདྲ་བ་དང་། ཐ་ན་སེམས་ཁམས་ཀྱི་ངོ་བོ་དང་། བརྩེ་དུང་མཚོན་ཐབས་སོགས་ཀྱང་ཕྱོགས་ཡོངས་ནས་མི་འདྲ་བའི”③རྒྱུ་རྐྱེན་དུ་མ་ཡོད། དེའང་འཛམ་གླིང་མི་རིགས་སོ་སོའི་གནས་ཡུལ་གྱི་ཆ་རྐྱེན་དང་འཚོ་བའི་གོམས་འདྲིས། མཛེས་འཆོས་ཀྱི་ལྟ་བ་བཅས་མི་འདྲ་བའི་རྐྱེན་གྱིས་སྐད་ཡིག་གི་ཁྱད་ཆོས་དང་།  སྐད་ཆའི་སྒྱུ་རྩལ་ཡང་མི་འདྲ་བ་རེད། དེར་བརྟེན་སྙན་ངག་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་པ་ཞིག་ཡིན་པས། དེས་མིའི་བསམ་བློའི་བརྩེ་དུང་དང་། སེམས་ཁམས་བྱང་རྟོགས་ལེགས་ཞན་ཞེ་ཕྱོགས་ཀྱི་ལྟ་བ་སོགས་ཕྱོགས་གང་ཐད་ནས་མངོན་པར་བྱེད་ཀྱི་ཡོད་ལ། སྙན་ངག་ཚིགས་བཅད་ནི་ཆེས་གཅིག་བསྡུས་ཀྱི་སྒོ་ནས་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་བསམ་བློའི་འདུ་ཤེས་མཚོན་པར་བྱེད་ཀྱི་ཡོད་པས། ང་ཚོས་མི་རིགས་གང་ཞིག་གི་སྙན་ངག་ཡིག་སྒྱུར་བ་ཕྱིར་ཐོག་མར་མི་རིགས་དེའི་སྐད་རིགས་ལ་ཐོགས་པ་མེད་ཅིང་། དེའི་ཁྱད་ཆོས་ཤེས་དགོས་པ་མ་ཟད། མི་རིགས་གང་ཞིག་དེའི་བསམ་བློ་གཏོང་སྟངས་དང་།  མཛེས་འཆོས་ཀྱི་ལྟ་བ་སོགས་རྟོགས་དགོས་པ་དང་། དེ་དག་སྒྱུར་རྩོམ་གྱི་ཐོག་ནས་ཀློག་པ་པོར་ཤེས་སུ་བཅུག་ཐུབ་པ་བྱུང་ན། དེས་མི་རིགས་དེའི་རྩོམ་པ་པོའི་གསར་རྩོམ་གྱི་འདུན་པར་སྐུལ་འདེད་བྱེད་ཐུབ་པ་དང་། མི་རིགས་དེའི་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ལ་ལེགས་བཅོས་བརྒྱུར་ཕན་པ་བསྐྱེད་ཐུབ་པ་མ་ཟད། ཕན་ཚུན་གྱི་དགེ་མཚན་བསྡུར་ཐུབ་པ་སོགས་ཡོང་ངེས་རེད།    
           འོན་ཀྱང་། དེང་དུས་དེ་ཕྱོགས་ལ་སྣང་ཆུང་དུ་སོང་སྟེ་སྒྱུར་རྩོམ་མི་ཉུང་བ་ཞིག་གི་ནང་དུ་དོན་བསྒྱུར་ལ་དང་ཞེན་ཆེ་དྲགས་པའི་རྐྱེན་གྱིས་མ་ཡིག་སྙན་ངག་གི་ཁྱད་གཞི་ཁྱད་ཆོས་ཇི་བཞིན་མཐོང་རྒྱུ་མེད་པའི་གནད་དོན་ཞིག་ཐོན་གྱིན་འདུག དེའི་གཙོ་བོའི་རྒྱུ་མཚན་ནི་སྒྱུར་རྩོམ་ནང་རང་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་སྦྱོར་བྱ་ཐབས་སྤྱོད་རྒྱུ་གཙིགས་ཆེར་འཛིན་ནས་རང་ངོས་སྐད་ཡིག་གི་སྒྱུ་རྩལ་རང་བཞིན་ལྡན་པའི་རྣམ་པ་ཁོ་ན་མཚོན་པར་བྱེད་པའི་བསམ་བློའི་མཛུབ་ཁྲིད་ལས་ཐོན་པ་རེད། དེས་མི་རིགས་གཞན་གྱི་སྙན་ངག་ཕབ་སྒྱུར་བྱེད་སྐབས་གོ་བདེ་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱིས་རང་རང་མི་རིགས་ཀྱི་སྐད་ཆའི་ཁྱད་ཆོས་དང་ལྡན་པའི་རྩོམ་རིག་གི་སྐད་ཆ་བཀོལ་སྤྱོད་བྱེད་རྒྱུ་དེ་གཙོ་བོར་བཟུང་ནས་ཅིག་ཤོས་མི་རིགས་དེའི་གོམས་སྲོལ་ཡེ་ནས་མཐོང་རྒྱུ་མེད་པའི་དོན་སྒྱུར་ཆེ་ཐལ་དུ་སོང་བའི་སྒྱུར་སྲོལ་ཞིག་ཆགས་ཀྱི་ཡོད་པ་རེད། ཁོ་བོས་བལྟས་ན་བསྒྱུར་ཐབས་དེ་རིགས་ནི་འོས་ཤིང་འཚམ་པ་ཞིག་མ་མཐོང་། གང་ལགས་ཤེ་ན། དེས་རང་རང་གི་རིག་གནས་སྤྱི་ལ་དཔེར་སྟོན་པའི་ནུས་པ་དང་སྐུལ་འདེད་ཀྱི་ནུས་པ། ཕུན་སུམ་ཚོགས་སུ་གཏོང་བའི་ནུས་པ་སོགས་འདོན་རྒྱུ་དང་གཞན་གྱི་རིག་གནས་ལ་རྒྱུས་མངའ་ཡོང་རྒྱུར་འགོག་རྐྱེན་ཞིག་བཟོ་ཡི་ཡོད། དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས། “བརྩེ་ཆེན་ཉི་མ་འབུམ་སྡེའི་གཟི་སྦྱིན་གྱིས། བདག་ལུས་པདྨའི་འདབ་བརྒྱ་གྲོལ་མཛད་པའི། །མཚུངས་མེད་བྱམས་པའི་འོད་སྟོང་ལྡན་པའི་མཆོག །ཡབ་གཅིག་ཐུགས་རྗེའི་གཟིགས་པས་བདག་ལ་དགོངས། །”ཞེས་པ་དེ་རྒྱ་ཡིག་ཏུ་འདི་ལྟར་བསྒྱུར་ཡོད་པ་སྟེ། “温暖的阳光照在我的身上,父王慈祥的眼睛把我看望”④འདིར་གོང་གསལ་བོད་ཡིག་སྙན་ངག་ཚིག་བཅད་དེ་རྒྱ་ཡིག་ཏུ་དོན་སྒྱུར་གཙོ་བོར་བྱས་ནས་ཚིག་རྐང་བཞི་པོ་ཚིག་རྐང་གཉིས་སུ་བསྡུས་ལ། དཔེ་ཅན་བརྩེ་ཆེན་དང་། དཔེ་པདྨ་དང་འོད་སྟོང་ལྡན་པ་གཉིས་མ་བསྒྱུར་པར་བོར་བས་མ་ཡིག་གི་རྒྱན་འགོད་སྟངས་དང་གཟུགས་རྒྱན་གྱི་ནུས་པ་ཇི་བཞིན་ཐོན་མེད་ལ།  ནང་དོན་དང་རྩོམ་གཤིས་གཉིས་ཀའི་ཐད་མ་ཡིག་དང་བར་ཐག་ཤོར་ཡོད། ཡང་། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས། “བྲག་དང་རླུང་བུ་སྡེབས་ནས། །རྒོད་པོའི་སྒྲོ་ལ་གཟན་བྱུང་། །གཡོ་ཅན་རྫུ་བག་ཅན་གྱི། །ང་ལ་གཟན་པོ་བྱས་བྱུང”⑤ཞེས་པ་དེ་རྒྱ་ཡིག་ནང་འདི་ལྟར་བསྒྱུར་ཡོད་པ་སྟེ། “羽毛零乱不成衣,深海苍鹰一怒非,我为忧思自憔悴,那能无损旧腰围。”⑥སྒྱུར་ཡིག་དེ་རྒྱ་ཡིག་ནང་སྙན་ངག་ཞིག་ཆགས་ཡོད་པ་ནི་ལོས་བདེན། འོན་ཀྱང་ཅིག་ཤོས་མི་རིགས་དེའི་རྩོམ་པ་པོའི་དོན་ངོ་མའི་དཔེ་དོན་དངོས་ཀྱི་ཚིག་གི་ཉམས་སྣང་དེ་སྒྱུར་ཡིག་ནང་ཡོངས་སུ་རྫོགས་པ་མཚོན་ཐུབ་པ་ནི་ག་ལ་ཡིན། དེར་བརྟེན་སྙན་ངག་སྒྱུར་ཡིག་ཞིག་གི་ངོས་ནས་བཤད་ན་སྙན་རྩོམ་དེའི་དོན་ངོ་མའི་ཚིག་སྦྱོར་ཉམས་ཀྱི་མཚོན་སྟངས་ཇི་ལྟར་རྟོགས་མི་ཐུབ་པ་ཆགས་པས། དེས་རིགས་གཞན་དེར་བསམ་གཞིགས་དང་བློ་སྒོ་འབྱེད་སྙམ་པ་ནི་ནམ་མཁའི་མེ་ཏོག་གི་དཔེ་ལས་མ་འདས་སོ། ཡང་དཔེར་ན། “雕栏滴满伤情泪,白花如雪心如丹。”⑦ཞེས་པའི་སྙན་ཚིག་དེ་ལས་རྒྱ་མི་རིགས་ཀྱི་མེ་ཏོག་དཀར་པོ་ནི་མྱ་ངན་གྱི་མཆོད་རྫས་སམ་མཚོན་བྱེད་ཅིག་ཡིན་པ་དང་། བློ་སེམས་དམར་བ་ནི་ཟོལ་མེད་ལྷག་བསམ་གྱི་བསམ་པ་གོ་བ་ཡིན། ཡིན་ཕྱིར་རྒྱ་ཡིག་གི“心如丹”ཞེས་པ་དེ་བོད་ཡིག་ཏུ“བློ་སེམས་དམར”ཞེས་པར་བསྒྱུར་མི་འོས་པ་མིན། སྤྱིར་གངས་ཅན་བོད་ཀྱི་རྣམ་པར་དག་པའི་སེམས་ཀྱི་དཔེ་ལ་དེ་ལྟར་འཇོག་སྲོལ་མེད་ཅེས་མ་ཡིག་ལྟར་མ་བསྒྱུར་ཕྱིར་རྒྱ་ཡིག་མི་ཤེས་པའི་སྐྱེ་བོ་རྣམས་ཀྱིས་ནམ་ཡང་རིགས་དེའི་རྩོམ་རིག་སྙན་ངག་གི་འདུ་ཤེས་འཛིན་སྟངས་ཇི་ལྟར་ཡིན་མིན་ཤེས་རྟོགས་མི་ཐུབ་པ་ནི་སྨོས་མེད་རེད། དེར་བརྟེན་རང་རེས་སྙན་ངག་དེ་བོད་ཡིག་ཏུ་མཛེས་མཛེས་ལན་ཀན་སྐྱོ་བའི་མཆི་མས་བརླན།  དཀར་དམར་མེ་ཏོག་བཀྲ་ཞིང་བློ་སེམས་དམར། ཞེས་བསྒྱུར་བ་ན། དེས་རྒྱ་ཡིག་མ་ཤེས་པའི་བོད་རིགས་ཀློག་པ་པོ་རྣམས་ཀྱིས་དཀར་དམར་ཁ་དོག་ལས་འདུ་ཤེས་ཇི་ལྟར་འཛིན་གྱི་ཡོད་པ་ཤེས་རྟོགས་ཤིག་མ་བྱུང་ནའང་། གནད་དེར་བསམ་གཞིགས་སམ་དོ་སྣང་ཞིག་ཡོང་ངེས་རེད། འོན་ཀྱང་རང་རིགས་བོད་ཀྱི་གསར་རྩོམ་ནང་དེ་ལྟར་བརྗོད་མི་ཉན་པ་ནི་གནད་དོན་གཞན་ཞིག་ཡིན། ཡིན་ཕྱིར་སྒྱུར་ཡིག་ནང་མ་ཡིག་ལྟར་མ་འཆད་པ་ནི་ཁོ་བོས་བལྟས་ན་དཔེ་མེད་རང་བཅོས་ཡིན་པར་མཐོང་། ངས་འདིར་གཙོ་བོ་རྒྱ་བོད་སྙན་ངག་སྒྱུར་ཡིག་ལ་ལྟོས་ཏེ་བཤད་པ་ཡིན་ལ། དེའང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་སྐད་ཡིག་ཁྱད་ཆོས་ལ་དོ་སྣང་དང་བརྩི་འཇོག་བྱེད་དགོས་ཞེས་པ་དང་། མི་རིགས་སོ་སོའི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ཇི་ལྟར་མཚོན་པར་བྱེད་པ་དང་། དེའི་ཕྱོགས་ལ་ཀློག་པ་པོས་ཤེས་རྟོགས་ཡོང་གང་ཐུབ་བྱེད་དགོས་ཞེས་པ་ལས་ཡིག་སྒྱུར་ནང་ཡོད་དོ་ཅོག་གོང་ལྟར་བསྒྱུར་དགོས་ཞེས་པ་མ་ཡིན་ལ། སྙན་ངག་ལ་དོན་སྒྱུར་བྱེད་མི་ཉན་པ་དང་། སྒྱུར་རྩོམ་ནང་གསར་གཏོད་བྱེད་མི་ཆོག་ཞེས་པ་ནི་དེ་བས་མིན། དེ་ལས་ལྡོག་སྟེ་སྒྱུ་རྩལ་རང་བཞིན་ལྡན་པའི་སྙན་རྩོམ་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་བརྗོད་བྱ་རྗོད་བྱེད་ཀྱི་ཉམས་ལེགས་པར་ཐོན་པར་བྱེད་པ་ལ་གནད་དུ་འཁེལ་བའི་གཟུགས་བརྙན་འཚབ་བྱེད་ཀྱི་ཐབས་སྤྱད་དེ་དོན་སྒྱུར་བྱེད་དགོས་པ་ནི་ལོས་བདེན། འོན་ཀྱང་རང་རེས་དོན་སྒྱུར་བྱེད་པ་དེ་ནི་སྒྱུར་རྩོམ་དེ་ཉིད་མ་ཡིག་གི་བརྡ་སྤྲོད་རིག་པའི་ཚིག་ཚོགས་ཀྱི་ཤུགས་རྐྱེན་ལས་འགྲོལ་ཏེ་སྒྱུར་ཡིག་གི་སྐད་ཡིག་གི་སྒོ་ནས་མ་རྩོམ་གྱི་གོ་དོན་དང་། ཉམས་འགྱུར་ཇི་བཞིན་ཡང་དག་པ་དང་། ལྷག་ལུས་མེད་པའི་སྒོ་ནས་མཚོན་པར་བྱེད་པའི་ཆེད་དུ་ཡིན་པ་ལས། ཀློག་པ་པོས་གོ་བདེ་བའི་ཆེད་དུ་མ་ཡིག་རྩོམ་གྱི་མི་རིགས་དེའི་ཁྱད་ཆོས་བསྒྱུར་ནས་རང་རིགས་ཀྱི་གོམས་སྲོལ་ལ་བསྒྱུར་དུ་རུང་བ་ནི་ག་ལ་ཡིན། དེས་ན་ང་ཚོས་རྒྱ་བོད་སྙན་ངག་ཕབ་སྒྱུར་བྱེད་སྐབས་རང་རང་མི་རིགས་ཀྱི་གོ་བདེ་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱིས་རང་སོ་སོའི་མི་རིགས་ཀྱི་སྐད་ཆའི་ཁྱད་ཆོས་དང་ལྡན་པའི་རྩོམ་རིག་གི་སྐད་ཆ་བཀོལ་སྤྱོད་བྱེད་རྒྱུ་དེ་ཁོ་ན་ཉིད་གཙིགས་ཆེར་འཛིན་པའི་ཕྱོགས་ལྷུང་གི་བསམ་པ་དེ་རྒྱ་ཡན་དུ་བཏང་ན་འཚམ་པ་ཞིག་ཅི་ནས་ཀྱང་མ་མཐོང་། དེ་ལྟར་མིན་ན་དེའི་མཐའ་འབྲས་སུ་མ་ཡིག་དེའི་བསམ་པ་དང་འདུ་ཤེས། མཛེས་འཆོས་ཀྱི་ལྟ་ཚུལ་སོགས་གང་ཡང་ཆ་མ་རྟོགས་པ་ཞིག་ཆགས་རྒྱུ་རེད་ལ། ཡིག་སྒྱུར་ཞེས་པ་དེའང་མིང་ཙམ་ལས་དོན་གྱི་སྙིང་པོ་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གསལ་པོ་རེད།  
           དེར་བརྟེན། ཁོ་བོའི་འདོད་ཚུལ་ལ་སྙན་ངག་ཡིག་སྒྱུར་པ་ཞིག་གི་ངོས་ནས་བཤད་ན། སྔོན་དང་པོར་རང་གིས་བསྒྱུར་བའི་ཡིག་རིགས་དེ་སྙན་ངག་ཅིག་ཡིན་པ་ཤེས་དགོས་པ་དང་། བསྒྱུར་ཟིན་པ་དེ་ཡང་སྙན་ངག་ཅིག་ཡིན་དགོས་པ་ལོས་ངེས། དེ་ཡང་བསྒྱུར་ཡིག་སྙན་ངག་ཅིག་ཡིན་པ་ལས་རང་གིས་གསར་རྩོམ་བྱས་པའི་སྙན་ངག་ཅིག་མིན་པ་ཤེས་དགོས། དེ་ལྟར་ན་བསྒྱུར་བྱ་སྙན་ངག་དེའི་མི་རིགས་ཀྱི་སེམས་རྒྱུད་དང་འདུ་ཤེས་འཛིན་སྟངས་སོགས་ལ་ཞིབ་འཇུག་བྱེད་པའི་གནས་ཤིག་ངམ་ངམ་ཤུགས་ནས་རྙེད་ཐུབ།  
           སྤྱིར་སྐད་ཆའི་མཚོན་སྟངས་ཕུན་སུམ་ཚོགས་ཤོས་ནི་སྙན་ངག་ལས་ཐོན་པ་ཡིན་པས། ང་ཚོས་རིགས་གཞན་གྱི་སྙན་ངག་ལེགས་པོ་དག་བསྒྱུར་ཐུབ་པ་བྱུང་ན། དེས་རང་ཚོའི་མཚོན་བྱེད་ཕུན་སུམ་ཚོགས་སུ་གཏོང་བ་དང་སྦྲགས། གང་འདྲ་བྱས་ནས་རང་རེའི་མཚོན་ཐབས་ཀྱི་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཤེས་ཐུབ། དེར་བརྟེན་སྙན་ངག་སྒྱུར་རྩོམ་ལེགས་པོ་ཞིག་ཡིན་ན། དེས་རིགས་དེའི་མི་དམངས་ཀྱི་འཚོ་བའི་གོམས་གཤིས་དང་། འདུན་པ་སོགས་ཤེས་རྟོགས་ཐུབ་པ་དང་། དེའི་ཁྲོད་ནས་འཚོ་བའི་སྣང་ཚུལ་ཇི་བཞིན་མཚོན་པར་བྱེད་པའི་ཐབས་ཤེས་སློབ་ཐུབ་པ་མ་ཟད། རང་རིགས་ཀྱི་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེགས་བཅོས་བྱ་རྒྱུར་ཕན་ནུས་ཐོན་པ་དང་། རྩོམ་པ་པོའི་གསར་རྩོམ་གྱི་འདུན་པར་སྐུལ་འདེད་ཀྱང་བྱེད་ཐུབ། རང་རེས་སྙན་ངག་ཡིག་སྒྱུར་སྐབས་ཀློག་པ་པོས་གོ་བདེ་བའི་ཆེད་དུ་རིགས་གཞན་གྱི་སྙན་ངག་གི་ཁྱད་ཆོས་ཡེ་ནས་དོར་ཏེ་རང་རིགས་ཀྱི་གོམས་སྲོལ་ལྟར་བསྒྱུར་བའི་དོན་སྒྱུར་ཆེ་ཐལ་དུ་སོང་བའི་གནད་དེར་ཅི་ནས་ཀྱང་སྔོན་འགོག་བྱེད་དགོས་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་མི་རིགས་སྐད་ཡིག་གི་ཁྱད་ཆོས་ལ་དོ་སྣང་བྱས་ཏེ་ཕུལ་དུ་བྱུང་བ་དང་། དཔེར་མཚོན་པའི་མི་རིགས་སྙན་ངག་དག་བསྒྱུར་ཐུབ་པ་བྱེད་རྒྱུར་འབད་པ་བྱེད་དགོས་དེ་འདྲ་བྱུང་ན་སྒྱུར་རྩོམ་དེ་ལས་དཔྱད་བསྡུར་ཞིབ་འཇུག་གི་གནས་རྙེད་པ་དང་། སྙིགས་དོར་བཅུད་ལེན་གྱི་ཡུལ་ཡོད་པ་བཅས་གང་ལྟར་ཀློག་པ་པོའི་བློ་སྒོ་འབྱེད་ཐུབ་པའི་དགེ་མཚན་སོགས་ཐོན་ཐུབ་པས། དེ་ཕྱོགས་ལ་ཅི་ནས་ཀྱང་དོ་སྣང་བྱེད་དགོས་པ་ནི་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུས་པའོ།   
གཉིས། མ་ཡིག་གི་གོ་དོན་དཔྱིས་ཕྱིན་པ་རྟོགས་དགོས་པ་དང་དོན་གྱི་ཉམས་འགྱུར་ལེགས་པར་མཚོན་དགོས་པ།   
           རྩོམ་རིག་སྒྱུ་རྩལ་གྱི་ཡིག་སྒྱུར་བྱ་ཐབས་རྩ་བའི་ཆ་ནས་དོན་སྒྱུར་གྱི་ཐབས་ཤེས་སྤྱོད་དགོས་པ་ཞིག་ཡིན་རུང་། མ་ཡིག་གི་ཐོག་མའི་ཉམས་འགྱུར་ལེགས་པར་མཚོན་བྱེད་ཐད་སྒྱུར་གྱི་བྱེད་ཐབས་ཀྱང་སྤྱོད་དགོས་པ་ནི་ལོས་བདེན། ཐད་སྒྱུར་བྱེད་པ་དེའང་མ་ཡིག་གི་ནང་དོན་དཔྱིས་ཕྱིན་པ་བསྒྱུར་ཐུབ་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་མ་ཡིག་རྩོམ་གྱི་སྐད་ཆ་དང་མཚོན་ཐབས་དག་རང་སོར་འཇོག་གང་ཐུབ་བྱས་ནས་མ་ཡིག་གི་བརྗོད་བྱ་རྗོད་བྱེད་ཀྱི་ཉམས་འགྱུར་རྣལ་མ་དེ་སྒྱུར་རྩོམ་ནང་ཐོན་ཐུབ་པ་བྱེད་པའི་ཐབས་ཤིག་ཡིན་ཙ་ན། ཐད་སྒྱུར་ཡིན་པ་ལས་ཡིག་འབྲུ་རེ་རེ་བཞིན་པར་ལེན་པ་ལྟར་ལོ་ཙཱ་བྱེད་པ་ཞིག་མིན་པར་སྒྱུར་རྩོམ་ནང་གི་ཚིག་སྦྱོར་བདེ་ལོས་དང་སྐད་ཆ་འཇུག་ལོས་ལ་བསམ་གཞིགས་ནན་པོ་བྱེད་དགོས་པ་ཡིན། དེས་ན་ཐད་སྒྱུར་ཞེས་པ་ནི་མ་ཡིག་གི་བརྗོད་དོན་གང་ཡིན་པ་དེ་ཉིད་རྩ་བར་འཛིན་པའི་རྨང་གཞིའི་ཐོག་རྗོད་བྱེད་ཚིག་གི་སྔ་རྗེས་གོ་རིམ་སོགས་མ་ཡིག་དང་། སྒྱུར་ཡིག་གཉིས་འདྲ་མཚུངས་སུ་གནས་གང་ཐུབ་བྱེད་དགོས་པ་དང་། མ་ཡིག་གི་བརྗོད་བྱ་དང་། ཉམས་འགྱུར་སོགས་སྒྱུར་ཡིག་ཐོག་ལེགས་པར་མཚོན་ཐུབ་པ་བྱེད་དགོས་པ་སྟེ“མ་རྩོམ་དང་སྒྱུར་ཡིག་གི་རིག་གནས་ཁྱད་ཆོས་གཞིར་བཞག་ཐོག མ་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་གཉིས་སྒྱུར་ཡིག་ཏུ་གང་བཟང་ཅི་ལེགས་སུ་བརྒྱུད་བསྒྲགས་བྱ་དགོས་པ་དེ་ཡིན”⑧འོན་ཀྱང་ཉེ་ལམ་བོད་ཡིག་སྙན་ངག་ལས་ཕབ་སྒྱུར་བྱས་པའི་རྒྱ་ཡིག་སྒྱུར་རྩོམ་མི་ཉུང་བ་ཞིག་གི་ནང་མ་ཡིག་ཚིག་གི་ཉམས་འགྱུར་ཡོངས་སུ་སྟོན་རྒྱུ་མེད་པའི་ཁར། ཆེས་རྩ་བར་གྱུར་བའི་བརྗོད་བྱ་དོན་གྱི་སྙིང་པོའི་གོ་བའང་ལོག་སྒྲུབ་བྱེད་པའི་གནས་ཤིག་ཐོན་བཞིན་འདུག  དཔེར་ན། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས། “ཆུང་འདྲིས་བྱམས་པའི་རླུང་བསྐྱེད། ལྕང་མའི་ལོགས་ལ་བཙུགས་ཡོད།་ ལྕང་སྲུང་ཨ་ཇོ་ཞལ་ངོས། རྡོ་ཀ་རྒྱག་པ་མ་གནང”ཞེས་པའི་བོད་ཡིག་སྙན་ངག་དེ། “我的情人象画一样美丽,她送给我一面锦旗,当我把旗桂在树梢上,园丁、你不要追问。”⑨ཞེས་ཉམས་འགྱུར་ཅི་ཡང་མེད་ལ་གོ་དོན་ལྡོག་ཏུ་འགྱུར་བའི་རྒྱ་ཡིག་ཏུ་བསྒྱུར་འདུག ཡང་དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།“སྙིང་སྟོབས་ཕུལ་དུ་བྱུང་དེས་རྒོལ་བའི་ཚེ། རེ་ཞིག་སྟོང་སྡེའི་དཔུང་ཡང་ཕེམ་བྱས་ཏེ།འཇིགས་རུང་རྡོ་རྗེའི་མཆུ་ཅན་མདུན་ས་ན། གདུག་ཅན་ལག་འགྲོའི་ཚོགས་རྣམས་འདར་བ་བཞིན། འགྲང་པར་བཟོད་པའི་བློ་མཐུ་རབ་ཉམས་ཏེ། འོ་དོད་ཀུ་ཅོའི་སྒྲ་ངན་སྒྲོགས་པ་ཡིས། ས་གཞི་བར་མཚམས་མེད་པར་གང་བྱས་མོད”ཅེས་པ་དེ་རྒྱ་ཡིག་ནང་། “他浩气冲天发扬了勇猛作风,以那拔山举鼎之势战不歇, 霎时就使千名敌军丢盔弃甲 ,就象金刚啄仙鹤见到了毒蛇, 颤栗着丧失了斗志以及一切。”⑩ཞེས་པར་བསྒྱུར་འདུག  སྤྱིར་མ་ཡིག་ནང་འཇིགས་རུང་རྡོ་རྗེ་མཆུ་ཅན་གྱི་མདུན་ས་ན་གདུག་ཅན་ལག་འགྲོའི་ཚོགས་རྣམས་འདར་བ་དཔེ་བྱས་ནས་ཕ་རོལ་དགྲ་སྡེའི་དཔུང་ཕམ་པར་བྱས་པ་སོགས་ཀྱི་དོན་མཚོན་པ་ཡིན། འོན་ཀྱང་འདིར་བྱ་རྒྱལ་ཁྱུང་དང་། སྦྲུལ་གྱི་འབྲེལ་བ་གོ་ལྡོག་ནས་བསྒྱུར་ཡོད་པ་ནི་གཙོ་བོ་ཚིག་དོན་ལ་དཔྱད་པ་ཞིབ་ཏུ་མ་བཏང་བ་མ་ཟད། བྱ་རྒྱལ་ཁྱུང་དང་དུག་སྦྲུལ་གྱི་འབྲེལ་བ་སོགས་རིག་གནས་ལ་རྒྱུས་མེད་པས་ཡིན⑾ཡང་དཔེར་ན། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས། “དབུ་ཞྭ་དབུ་ལ་བཞེས་སོང་། དབུ་ལྕང་རྒྱབ་ལ་དབྱུགས་སོང་། ག་ལེ་ཕེབས་ཅིག་བྱས་པས། ག་ལེ་བཞུགས་ཅིག་གསུང་གིས། ཐུགས་སེམས་སྐྱོ་ཡོང་བྱས་པས། མགྱོགས་པོ་ཕྲད་ཡོང་གསུང་བྱུང”ཞེས་པའི་སྙན་ངག་དེ་རྒྱ་ཡིག་ནང་། “他将帽子戴在头上,她将发辫甩在后头, 她说:‘请慢慢走!’她说:‘留步吧、请你歇着!’ ‘当心哟,心里别难过’‘哦、我俩很快能会着!’”⑿ཞེས་པར་བསྒྱུར་འདུག གོང་གསལ་སྒྱུར་ཡིག་དེ་དག་ལས་མ་ཡིག་གི་དོན་རྟོགས་རྒྱུ་མེད་པའི་ཁར་སྙན་ངག་ཉམས་འགྱུར་གྱི་ནུས་པ་ཡོངས་སུ་བརླགས་ཡོད་པ་རེད། དེ་ཡང་མ་ཡིག་གི་བརྗོད་བྱར་བསམ་གཞིགས་མ་བྱས་པར་ཡིག་འབྲུ་རེ་རེ་བཞིན་དང་མིང་ཚིག་རེ་རེ་བཞིན་སྐབས་བབས་སུ་གང་འཕྲད་དེ་བསྒྱུར་གྱིས་ཡིག་འབྲུ་གཅིག་ཀྱང་འདོར་དུ་མེད་ལ་སྣོན་དུ་ཡང་མི་རུང་བའི་སྐྱོན་ལས་བྱུང་བ་དང་། རྒྱུ་རྐྱེན་གཞན་ཞིག་ནི་མ་ཡིག་གི་རྩ་བའི་བརྗོད་དོན་མ་རྟོགས་ཀྱང་མིང་ཚིག་སོ་སོའི་གོ་དོན་གང་ཡིན་པ་དེ་མ་ནོར་བའི་སྒོ་ནས་རེ་རེ་བཞིན་བསྒྱུར་རྒྱུ་ཙམ་གྱིས་དེ་དོན་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་ལས་གང་གསལ་བ་བཞིན་བཀོད་པའི་རྐྱེན་གྱིས་མ་ཡིག་གི་གོ་དོན་སྙིང་པོར་འཁྱོག་བཤད་བྱས་པའི་སྐྱོན་དུ་ཟད། དེ་ལྟར་སྒྱུར་པ་པོ་དེ་དག་ལ་སྤྱིར་མ་ཡིག་གི་རྣམ་པ་ཇི་བཞིན་ཐོན་ཐབས་བྱེད་པའི་འདུན་པ་བཟང་པོ་ཞིག་ཡོད་དུ་མཆིས་ནའང་། དེ་དོན་གྱི་ཐབས་སུ་སྤྱོད་དུ་རུང་བའི་ཐད་སྒྱུར་ལེགས་པོ་ཞིག་མ་བྱུང་བས་གནད་དོན་འདི་ལྟར་ཐོན་པ་སྟེ། མིང་བསྒྱུར་བ་ལས་དོན་མི་རྟོགས་པས་གོ་དོན་ལོག་སྒྲུབ་བྱུང་བ་དང་གཅིག མ་ཡིག་གི་ཕྱི་ཚུལ་མཚོན་བྱེད་ཀྱི་རྣམ་པ་ཙམ་བསྒྱུར་བ་ལས་དོན་གྱི་ཉམས་འགྱུར་སྲོག་གི་དབང་པོ་འཛིན་མི་ཐུབ་པས། ཡིད་དབང་འཕྲོག་པའི་ནུས་པ་ཤོར་བ་དང་གཉིས་བཅས་སོ།   
           ༡. སྔོན་དང་པོར་མ་ཡིག་གི་དོ་དོན་ལ་ཡང་དག་པ་དང་གནད་དུ་འཁེལ་བའི་སྒོ་ནས་དཔྱིས་ཕྱིན་པ་ཤེས་རྟོགས་བྱེད་རྒྱུ་དེ་རེད། དེ་ཡང་ཡིག་སྒྱུར་གྱི་བྱ་བར་འཇུག་སྐབས་ཐོག་མར་རང་ཉིད་རྩོམ་པ་པོ་དེ་དང་འདྲ་བར་མ་ཡིག་གི་བརྗོད་དོན་སྙིང་པོ་དང་། རྗོད་ཚིག་སྔ་ཕྱིའི་དབར་གྱི་འབྲེལ་བ། དོན་གྱི་ངོ་བོ་དང་། ཁྱད་ཆོས། དེ་བཞིན་དངོས་བསྟན་གྱི་བྱ་བ་དང་ཤུགས་བསྟན་གྱི་གོ་དོན། བྱ་བ་དང་དངོས་པོའི་དབར་གྱི་འབྲེལ་བ་སོགས་དཔྱིད་ཕྱིན་པ་རྟོགས་པར་བྱེད་དགོས་པ་དང་། དེ་ནས་སྒྱུར་ཡིག་ཐོག་ཏུ་ཅིག་ཤོས་རིགས་དེའི་བརྡ་སྤྲོད་རིགས་ལམ་བཞིན་མ་འཛོལ་བར་མ་ཡིག་གི་བརྗོད་དོན་རྣམས་ཇི་མ་ཇི་བཞིན་དུ་བསྒྱུར་དགོས། དེ་ལྟར་མ་ཡིན་པར་མ་ཡིག་གི་གོ་དོན་ལ་སྤྱི་ཙམ་གྱི་གོ་བ་ཞིག་ལོན་ནས་དེ་མར་འཚབ་འཚུབ་ཏུ་ཡིག་སྒྱུར་བྱས་ཕྱིར་དེའི་མཐའ་འབྲས་སུ་མ་ཡིག་གི་ཐོག་མའི་བརྗོད་དོན་མཚོན་རྒྱུ་ལྟ་ཅི། ཐ་ན་བརྗོད་དོན་ཡོངས་སུ་ཐ་དད་དུ་གྱུར་བའམ། ཡང་ན་རྩ་བའི་ཆ་ནས་གོ་དོན་གང་ཡང་མཚོན་རྒྱུ་མེད་པའི་ཚིག་ཉོག་འབའ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གསལ་པོ་རེད། དེར་བརྟེན་མ་ཡིག་གི་གོ་དོན་ལ་ཡང་དག་པ་དང་གནད་དུ་འཁེལ་བའི་གོ་ནས་དཔྱིས་ཕྱིན་པ་ཤེས་རྟོགས་བྱེད་རྒྱུ་དེ་གཙིགས་ཆེར་འཛིན་ཏེ་ཡིག་འབྲུ་རེ་རེ་བཞིན་དང་མིང་ཚིག་རེ་རེ་བཞིན་བསྒྱུར་རྒྱུ་ཁོ་ན་ཉིད་ཀྱི་དོན་དུ་གཉེར་བའི་ཐད་སྒྱུར་ཐལ་སྐྱོན་དུ་སོང་བའི་འབྲས་མེད་ངལ་བ་དེ་རྣམ་པར་སྤོང་དགོས་སོ།   
           ༢. སྒྱུར་ཡིག་ཡིད་དབང་འཕྲོག་པ་ཞིག་ཡོང་འདོད་ན་མ་ཡིག་དོན་གྱི་ཉམས་འགྱུར་བླ་སྲོག་དེ་འཛིན་ཐུབ་པ་བྱེད་དགོས། སྤྱིར་སྙན་ངག་སྲོག་གི་ཉམས་འགྱུར་དངོས་མཚོན་པར་བྱེད་པ་ནི་སྙན་ངག་གི་བསམ་བློ་གཅིག་པུ་དེ་ཡིན་ཞེས་བཤད་ཆོག་ལ། དེ་ནི་ལྐོག་འགྱུར་དཔོག་དཀའི་གནད་ཅིག་ཡིན་པས། ཕྱི་ཚུལ་རྣམ་པའི་ངོས་ལས་ལེན་ཐུབ་པ་ཞིག་མ་ཡིན་པར་སྙན་ངག་པའི་སེམས་དབུས་ལས་ཐོན་པའི་སེམས་སྒྲ་ཞིག་ཡིན་པ་མ་ཟད། སྙན་ངག་པ་རང་ཉིད་ཀྱི་རང་གཤིས་མཚོན་པར་བྱེད་པའི་བླ་སྲོག་གི་འགུལ་བསྐྱོད་ཅིག་རེད་ཅེས་བཤད་ཆོགང་ཚོས་སྙན་ངག་ཡིག་སྒྱུར་བྱེད་པའི་ནང་ཐོག་མར་སྙན་ངག་པའི་རང་གཤིས་སྤྱི་ཡོངས་ལ་རྒྱུས་མངའ་ཡོང་བ་བྱེད་པ་དང་། དེ་ནས་སྙན་ངག་ཁྱོན་ལ་ཉམས་ཞིབ་བྱ་དགོས། ད་ལམ་བོད་ཡིག་སྙན་ངག་ལས་བསྒྱུར་བའི་རྒྱ་ཡིག་སྒྱུར་རྩོམ་མི་ཉུང་བ་ཞིག་གི་ནང་མ་ཡིག་ཇི་བཞིན་སྒྱུར་ཡིག་ནང་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཚིག་སྦྱོར་ལེགས་པོ་ཞིག་ཐོན་མི་ཐུབ་པའི་གནད་དེའང་རྒྱུ་རྐྱེན་མང་པོ་ཞིག་གི་སྒོ་ནས་བཤད་ཆོག་མོད། འོན་ཀྱང་ཁོ་བོས་བལྟས་ན་གཙོ་བོའི་རྒྱུ་རྐྱེན་ནི་སྒྱུར་པ་པོས་གངས་ཅན་བོད་ཀྱི་སྙན་ངག་གི་ཁྱད་གཞི་ཁྱད་ཆོས་དག་ལ་དགོངས་པ་ལེགས་པོ་ཞིག་མ་བཞེས་པ་དང་། ལྷག་པར་དུ་གང་དེའི་སྙན་ངག་གི་དོན་ངོ་མའི་དུང་སེམས་དངོས་དེ་མཆོན་པར་བྱེད་པའི་སྒྲ་སྦྱོར་དབྱངས་ཀྱི་ངེས་པ་དོན་གྱི་ཉམས་འགྱུར་བླ་སྲོག་དེ་འཛིན་མི་ཐུབ་པའི་རྐྱེན་ལས་ཐོན་པར་སྙམ། དེ་ལྟར་ན། ཁ་བ་རིས་པའི་ཐུན་མོང་མ་ཡིན་པའི་སྙན་ངག་པའི་ཉམས་ཕུན་སུམ་ཚོགས་པ་རོལ་མོའི་འགྱུར་ཁུག་ལྟ་བུའི་དབྱངས་ཀྱི་ཉམས་འགྱུར་ཐོན་པ་བྱེད་རྒྱུ་དེ་རེད། སྙན་ངག་དབྱངས་ཀྱི་ཉམས་འགྱུར་ཐོན་པའི་ནུས་པ་དེ་ཡང་རྒྱུ་རྐྱེན་དུ་མར་ལྟོས་དགོས་ཀྱང་གཙོ་བོ་ནི་སྒྲ་རྒྱན་དང་ཆ་ཡའི་སྡེབ་སྦྱོར་གྱི་དབང་གིས་ཐོན་པར་སེམས། དེ་ཡང“བརྗོད་བྱ་དོན་གྱི་ཉམས་ལ་བསྟུན་པའི་སྒོ་ནས་བཙན་ཐབས་མ་ཡིན་པའི་སྒྲ་རྒྱན་ལྷོད་ཤ་ཅན་གྱིས་བརྒྱན་པའམ། ལྷུ་འགྲིག་པའི་ཆ་ཡའི་སྡེབ་སྦྱོར་གྱིས་བརྒྱན་ན་དབྱངས་ཀྱི་ཉམས་འགྱུར་ཚེགས་མེད་དུ་ཐོན་པར་གོར་མ་ཆག”(13)འོན་ཀྱང“རྒྱ་མི་རིགས་ཀྱི་སྙན་ངག་ལྟ་བུར་མཚོན་ན་དེ་ལའང་ཚིག་གི་གཅོད་མཚམས་ལོས་ཡོད། ཡིན་ཕྱིར་ཚེག་བར་ཆ་ཡའི་གོང་འོག་ལྷུ་འགྲིག་པ་ཞིག་ངེས་པར་དུ་དགོས་པའི་ངེས་པ་མེད་ལ་ཀློག་པ་པོས་འདོན་རྟ་ཞིག་ཕར་སྦྱོར་རྒྱུ་མ་གཏོགས་ཚིག་གི་སྡེབ་སྦྱོར་དབང་གིས་རང་ངོས་ནས་དབྱངས་རྟ་མི་འདྲ་བར་གྲུབ་པ་ལས་བྱུང་བའི་དབྱངས་ཀྱི་ཉམས་འགྱུར་ཞིག་མེད་པས། ཆ་ཡའི་སྡེབ་སྦྱོར་གྱི་སྙན་ངག་ལ་དབྱངས་ཀྱི་ཉམས་འགྱུར་ཐོན་པ་འདི་ནི་བོད་ཀྱི་སྙན་ངག་རྒྱའི་སྙན་ངག་དང་མི་འདྲ་བའི་ཁྱད་ཆོས་གལ་ཆེན་པོ་ཞིག་རེད”⒁དེར་བརྟེན་ཡིག་སྒྱུར་པ་ཚོས་ཁྱད་ཆོས་འདི་ཉིད་ལེགས་པར་ངོས་ཟིན་པ་བྱུང་ན། སྤྱིར་བོད་ཀྱི་སྙན་ངག་རྒྱ་ཡིག་ཏུ་ཕབ་རྗེས་སྔར་ཡོད་ཀྱི་སྙན་པའི་རོ་དེ་ངམ་ངམ་ཤུགས་ཀྱིས་ཡལ་འགྲོ་བའི་སྐྱོན་དེ་ཡང་དབྱངས་ཀྱི་ཉམས་འགྱུར་ཉེས་པའི་རྒྱུ་རྐྱེན་ལས་ཐོན་པ་ཡིན་པའི་གནད་འགག་དེ་རྩད་ཆོད་ཐུབ་པ་དང་། སྐྱོན་དེ་ཡང་ཇི་ལྟར་སེལ་བ་ལ་རང་ངོས་ཀྱིས་རྩལ་ཞིག་འདོན་པའི་ཐབས་ཤིག་ཀྱང་རྙེད་ཐུབ།དེ་ལྟར་གནད་དེའི་ངེས་དོན་ལ་གནས་པ་ཞིག་བྱེད་འདོད་ན། བོད་ཀྱི་སྙན་ངག་རྒྱ་ཡིག་ཐོག་ཕབ་སྒྱུར་བྱེད་སྐབས་ཐོག་མར་མ་ཡིག་གི་རིགས་དེའི་སྙན་ངག་སྤྱི་ཡི་དོན་ལ་ཉམས་ཞིབ་བྱེད་རྒྱུ་དང་། དེའི་ཁྱད་གཞི་ཁྱད་ཆོས་དག་ངོས་འཛིན་ཁོང་དུ་ཆུབ་པ་བྱེད་རྒྱུ་ནི་གལ་ཆེན་པོ་རེད།  ངོས་འཛིན་ཁོང་དུ་ཆུབ་པའི་རྨང་གཞིའི་སྟེང་གང་འདྲ་བྱས་ནས་མ་ཡིག་རྩོམ་གྱི་ནང་དོན་དང་སྐད་ཆ་བྱེད་ཐབས་སོགས་རང་སོར་འཇོག་གང་ཐུབ་བྱེད་དགོས་ལ། དེ་ཡང་ཐད་སྒྱུར་ཡིན་པ་ལས་ཡིག་འབྲུ་རེ་རེ་བྱས་ཇི་བཞིན་བསྒྱུར་བ་མ་ཡིན་པར་སྒྱུར་ཡིག་ནང་གི་ཚིག་སྦྱོར་བདེ་ལོས་དང་སྐད་ཆ་འཇུག་ལོས་ལ་བསམ་གཞིགས་ནན་པོ་བྱེད་དགོས། སྤྱིར་མ་ཡིག་ཇི་བཞིན་གདངས་སྡེབ་སྤོ་བསྒྱུར་མ་ཐུབ་ནའང་། མ་རྩོམ་གྱི་བསམ་པ་དང་། རྣམ་པ་དོན་གྱི་ཉམས་འགྱུར་ནོར་འཁྲུལ་མེད་པའི་སྒོ་ནས་ལད་མོའམ་འདྲ་བཟོ་བྱེད་པ་དང་། དེ་ཡང་ནང་དོན་ཚུད་པའི་མ་རྩོམ་གྱི་གདངས་སྡེབ་དང་རྣམ་པ་གཅིག་ཏུ་འདྲེས་པའི་དོན་དེ་ལ་ཡིད་གཟབ་ཡོང་ཐབས་བྱེད་དགོས། ཡིག་སྒྱུར་པ་ལེགས་པོ་ཞིག་གི་ངོས་ནས་བཤད་ན། དེས་རང་གི་ཚོར་བ་རྣོ་པོའི་མྱོང་ནུས་དང་གོ་ཤེས་རང་བཞིན་གྱི་ཐོག་ནས་མ་ཡིག་སྙན་ངག་གི་ཉམས་འགྱུར་དབྱངས་ཀྱི་བླ་སྲོག་འཛིན་གང་ཐུབ་བྱེད་པ་དང་། ཡིག་རིགས་གཞན་གྱི་ཐོག་ནས་དེ་ཉིད་མཚོན་ཐབས་བྱེད་པའི་དོན་དེ་ལ་ཡིད་གཟབ་བྱེད་ངེས་རེད། དེས་ན་མ་ཡིག་སྙན་ངག་གི་ནང་དོན་སྒྲིག་གཞི་དང་སྒྲ་དབྱངས་སྡེབ་སྦྱོར་གྱི་འབྲེལ་བ་གཞིར་བཞག་པའི་སྟེང་གང་ཐུབ་ཅི་ཐུབ་ཀྱིས་མ་ཡིག་སྙན་ངག་གི་བླ་སྲོག་བསྐྱར་དུ་ཐོན་ཐུབ་པའི་དོན་དེ་ནི་གནད་ཀྱི་དམ་པ་རེད།  དེ་ལྟར་ན་བྱེད་ཐབས་འདིའི་འགག་གནད་ནི་མ་ཡིག་སྙན་ངག་གི་ནང་དོན་གྱི་འབྲེལ་བ་དང་། སྒྲ་དབྱངས་སྡེབ་སྦྱོར་གྱི་འབྲེལ་བར་ལད་མོ་དང་འདྲ་བཟོ་བྱས་ནས་མ་ཡིག་སྙན་ངག་གི་བླ་སྲོག་ཇི་བཞིན་ཡོང་ཐབས་ལ་འབད་དགོས་པ་དེ་ཡིན།   
           དེ་ཡང་རང་རེས་མ་ཡིག་གི་གོ་དོན་རྣལ་མ་དེ་མ་ལོན་པར་རང་བཟོའི་ཁྱད་ཆོས་ཀྱིས་བསྒྱུར་བའི་དོན་ལ་རྒྱས་འདེབས་བྱེད་པ་དང་། ཡང་ན་མ་ཡིག་གི་དོན་ལ་མ་བསྟུན་པར་བརྗོད་བདེ་ཡིན་ཁུལ་གྱིས་བརྗོད་དོན་ལ་གང་བྱུང་གིས་སྣོན་འཕྲི་བཟོ་བཅོས་རིགས་བྱེད་མི་ཉན།   སྤྱིར་ན“སྐད་ཡིག་གང་འདྲ་ཞིག་ཡིན་རུང་ཚང་མར་རང་ཉིད་ཀྱི་བརྡ་སྤྲོད་རིག་པ་དང་ཚིག་ཚོགས་སྤྱོད་སྟངས་ཀྱི་གོམས་སྲོལ་རེ་ཡོད་པས། ང་ཚོས་རྩོམ་པ་པོས་བྲིས་པའི་ཡིག་འབྲུ་དང་ཚིག་འབྲུ་རེ་རེའི་གོ་རིམ་ལ་གཞིགས་ཏེ་འགྱུར་མེད་ཐད་ཀར་ཕབ་སྒྱུར་བྱེད་པའི་ཐབས་དཔྱད་ན་མི་འགྲིག་ལ། མ་རྩོམ་གྱི་ནང་དོན་དང་ཉམས་འགྱུར་ལ་བསམ་གཞིགས་མ་བྱས་པར་སྒྱུར་པ་པོས་རང་ཉིད་ཀྱི་བསམ་བློར་གཞིགས་ཏེ་ཚིག་རྒྱན་གང་མང་སྤྱད་དེ་ཚིག་རྙོག་གིས་བསྒྲིབས་ཏེ་དོན་ངོ་མ་གསལ་འདོན་བྱེད་མི་ཐུབ་པའི་ཐབས་སྤྱད་ནའང་མི་འགྲིག”⒂དེར་བརྟེན་མ་ཡིག་གི་གོ་དོན་གསལ་རྟོགས་མ་བྱུང་བར་རང་ངོས་ཀྱི་ལྟ་སྟངས་ཐོག་ནས་མ་ཡིག་ལ་རང་སྣང་གང་ཤར་གྱིས་སྣོན་འཕྲི་བཟོ་བཅོས་བྱེད་པའམ། འོལ་ཚོད་ཀྱིས་ཕབ་སྒྱུར་བྱས་ནས་དོན་སྒྱུར་ཡིན་སྙམ་པ་དང་གཅིག  མ་ཡིག་གི་རྩ་བའི་བརྗོད་བྱ་མ་རྟོགས་ཀྱང་མིང་ཚིག་སོ་སོའི་གོ་དོན་གང་ཡིན་པ་ཇི་བཞིན་སོར་བཞག་ཡོང་ཐབས་ཀྱིས་ཡིག་འབྲུ་རེ་རེ་བཞིན་ཕབ་སྒྱུར་བྱས་ནས་ཐད་སྒྱུར་ཡིན་སྙམ་པ་དང་གཉིས་ཏེ་མཐའ་གཉིས་སུ་ལྷུངས་བའི་ཐལ་སྐྱོན་དེ་སྤོངས་དགོས་པ་ནི་ད་གཟོད་རྩོམ་འདིའི་སྙིང་པོ་ཡིན་པའོ། 
           མདོར་ན་མི་རིགས་གང་ཞིག་ནས་བསྒྱུར་བའི་སྙན་ངག་ཞིག་ཡིན་རུང་སྒྱུར་ཡིག་ནང་མ་ཡིག་སྙན་ངག་གི་བརྗོད་བྱ་སྲོག་གི་ནང་དོན་དང་། རྗོད་བྱེད་ཚིག་གི་ཉམས་འགྱུར། མཚོན་བྱེད་ལུས་ཀྱི་རྣམ་པ་སོགས་ཇི་བཞིན་རྣལ་མར་མཚོན་ཐུབ་རྒྱུར་ཡིད་གཟབ་བྱེད་དགོས་པ་དང་། ཀློག་པ་པོ་དེའི་མི་རིགས་ཀྱི་བརྡ་སྤྲོད་གཞུང་དང་མི་འགལ་བར་གོ་བདེ་བ་དང།། དོན་རྟོགས་པའི་ཉམས་སྣང་འབྱིན་ཐུབ་པ་ཞིག་དགོས་ལ། ལྷག་པར་དུ་སྒྱུར་རྩོམ་ཞིག་ཡིན་དུས་མི་རིགས་དེའི་ཀློག་པ་པོ་རྣམས་ཀྱིས་ཀློག་སྐབས། དེ་ནི་མི་རིགས་གཞན་ལས་བསྒྱུར་བའི་སྙན་ངག་རྩོམ་ཡིག་ཞིག་ཡིན་པའི་ཤུལ་རྗེས་མཐོང་ཐུབ་པ་མ་ཟད། མི་རིགས་ཅིག་ཤོས་དེའི་རིག་གནས་ཀྱི་བསམ་པ་དང་འདུ་ཤེས། མཛེས་འཆོས་ཀྱི་ལྟ་ཚུལ། ཚིག་སྦྱོར་གྱི་སྤེལ་སྟངས་སོགས་ཤེས་སུ་འཇུག་དགོས་པ་ནི་ཁོ་བོས་འདིར་འདོད་པའི་རེ་བ་ཡིན།   གོང་བཤད་གཏམ་དེ་དག་རང་མི་རིགས་ཀྱི་ཡིག་སྒྱུར་བྱ་གཞག་ལ་ཕན་ཐོགས་འདྲ་བྱུང་ན་སྙམ་པའི་ཀུན་སློང་གིས་བརྗོད་པ་ཡིན་པས་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཡོད་ངེས་ལ་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་བཀའ་སློབ་རོགས་རམ་ཡོད་པ་མཁྱེན། །   
དཔྱད་གཞིའི་ཡིག་ཆ།   
           ①②1991ལོའི《བོད་ལྗོངས་ཞིབ་འཇུག》གི་བོད་ཡིག་དུས་དེབ་དང་པོའི་ཤོག་གྲངས24དང25ལ་གསལ།   
           ③1990ལོའི《བོད་ལྗོངས་ཞིབ་འཇུག》གི་བོད་ཡིག་དུས་དེབ་དང་པོའི་ཤོག་གྲངས145ལ་གསལ།   
           ④《旋努达美》རྒྱ་ཡིག་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང(1984ལོ)ཤོག་གྲངས18ལ་གསལ།   
           ⑤⑾《བོད་རྒྱ་རྩོམ་རིག་གཤིབ་བསྡུར་གྱི་དཔྱད་བརྗོད》མི་རིགས་དཔེ་སྐྲུན་ཁང(2001)ཤོག་གྲངས15དང210ལ་གསལ།   
           ⑥⑨⑿《仓央嘉措及其情歌研究》(资料汇编)西藏人民出版社(1920)ཤོག་གྲངས266དང338དང30ལ་གསལ།    
           ⑺《天安门诗抄》P68   
           ⑧《དཔའ་རིས་བློ་བྲོས་ཀྱི་དཔྱད་རྩོམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང(2000)ལོ་ཤོག་གྲངས53ལ་གསལ།   
           ⑽《勋努达美》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།(1984ལོ)ཤོག་གྲངས93ལ་གསལ།   
           ⒀⒁1986ལོའི《བོད་ལྗོངས་ཞིབ་འཇུག》གི་བོད་ཡིག་དུས་དེབ་དང་པོའི་ཤོག་གྲངས75དང83ལ་གསལ།   
           ⒂1991ལོའི《བོད་ལྗོངས་ཞིབ་འཇུག》གི་བོད་ཡིག་དུས་དེབ་གསུམ་པའི་ཤོག་གྲངས77ལ་གསལ།   
(དཔྱད་རྩོམ་འདི་ཉིད《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2005ལོའི་དུས་དེབ་དང་པོར་བཀོད།)