སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན།
སྤེལ་དུས 2018-11-01
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། གཅོད་པ་དོན་གྲུབ།
དེ་ཡང་སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན་ནི1967ལོའི་ཟླ12པའི་གྲང་ངར་ཤིན་ཏུ་ཆེ་བའི་དགོང་མོ་ཞིག་ལ་མགོ་ལོག་ཁུལ་སྒ་སྡེ་རྫོང་གི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། ཁོང་ཉིད་ཀྱིས་འཇིག་རྟེན་ཁམས་འདི་རུ་དལ་འབྱོར་གྱི་མི་ལུས་འདི་བླངས་པ་ནས་བཟུང་། སྐྱིད་ཀྱི་འཚོ་བ་ཞིམ་པོ་ཞིག་རོལ་བའི་སྐལ་བ་མ་ལྡན་ལ། སྡུག་གི་ཁུར་བོ་རི་རབ་ལྟ་བུའི་མནར་གཅོད་མྱངས་མྱོང་བ་ཡིན། རྒྱུ་མཚན་ནི་ཁོང་ཉིད་ཀྱིས་བྱ་བ་དག་ལ་ཅུང་ཟད་བསམ་ཤེས་པའི་སྐབས་དེར། ཕ་རྒན་ལ་གློ་བུར་བཅོས་ཐབས་མེད་པའི་ནད་ཀྱིས་གདུངས་ནས་ཚེ་ལས་འདས་ཤིང་། དེ་ནས་བཟུང་མ་བུ་གཉིས་ཀ་འབའ་ཞིག་ཤུལ་དུ་ལུས་པས་དཀའ་སྡུག་མང་པོའི་འཚོ་བའི་ཁྲོད་དུ་འཚོ་ཐབས་དང་གསོན་ཐབས་བྱས་པས་སོ། །
1986ལོར་ཁོ་རང་མདོ་དབུས་ཁམས་གསུམ་དུ་སྙན་པའི་གྲགས་པ་རབ་ཏུ་ཆེ་བའི་རྨ་ཆེན་གངས་རིར་མཇལ་སྐོར་དུ་སོང་། རྨ་ཆེན་གངས་རི་ནི་གླིང་རྗེ་གེ་སར་རྒྱལ་པོའི་བླ་རི་ཡིན་ཞིང་། གནས་འགངས་ཆེན་དེར་དད་པ་དང་ཕྱག་སྐོར་བགྱིས་ན་བགེགས་དང་བར་ཆད་སེལ་ཐུབ་ལ་ཀུན་འདོད་ཀྱི་དངོས་གྲུབ་སྩོལ་བ་ཡིན་ཞེས་དམངས་ཁྲོད་དུ་བཤད་སྲོལ་ཡོད། དེ་བས་གུ་རུ་རྒྱལ་མཚན་གྱིས་དཀའ་བ་བརྒྱ་ཕྲག་སྣང་མེད་དུ་བཞག་ནས་གནས་མཆོག་གངས་རིར་ཕྱག་སྐོར་བགྱིད་པའི་སྐབས་སུ། ལས་དང་བསོད་ནམས་ཀྱི་དབང་གིས་ཟི་ཁྲོན་ནས་ཕེབས་པའི་མཇལ་སྐོར་བླ་མ་ཞིག་དང་འཕྲད་བྱུང་། བླ་མ་འདིའི་ཕ་ཡུལ་ངོ་མ་ནི་སྒ་སྡེ་དཀར་ཐོ་ཚོ་བ་ཡིན་ཞིང་། ཁོང་གིས་སྔ་གཞུག་ཏུ་གེ་སར་སྒྲུང་མང་པོ་བྲིས་མྱོང་བར་མ་ཟད། ད་དུང་གེ་སར་གྱི་གསོལ་མཆོད་དང་ལོ་རྒྱུས་དག་ཀྱང་བྲིས་ཡོད། གེ་སར་སྒྲུང་ལ་ཤིན་ཏུ་དགའ་བའི་བླ་མ་དེ་གུ་རུ་རྒྱལ་མཚན་ལ་ཐུག་མ་ཐག་སྤྲོ་བ་སྐྱེས་ཏེ་བླ་མ་དཀོན་མཆོག་ལ་སྐྱབས་འཇུག་ཞུ་བ་དང་གསོལ་བ་བཏབ་པ་ན། གུ་རུ་རྒྱལ་མཚན་ལ་གེ་སར་སྒྲུང་འབྲི་བའི་གཏེར་སྒོ་ཕྱེ་བ་ལྟ་བུའི་སྣང་ཚུལ་གསར་བ་ཞིག་ཤར་ཞིང་། ཡིད་ཀྱི་མེ་ལོང་ངོས་ལ་སྔར་དང་མི་མཚུངས་པར་གསལ་ཞིང་དག་པའི་གཏམ་རྒྱུད་སྣ་ཚོགས་ཡང་ནས་ཡང་དུ་ཤར་བ་དང་གཏམ་རྒྱུད་འབྲི་འདོད་ཀྱི་ཀུན་སློང་ཡང་ཟློག་ཏུ་མེད་པ་ཞིག་སྐྱེས་སོང་།
གུ་རུ་རྒྱལ་མཚན་གྱི་ཆུང་མ་ཏཱ་རེ་སྐྱིད་ནི་བརྩོན་འགྲུས་ལྡན་པའི་སྐྱེས་མ་ཞིག་ཡིན་ཞིང་། སློབ་སྦྱོང་ལ་ཡང་ཤིན་ཏུ་དགའ་བ་ཡིན། ཁོ་མོས་ཁོམ་སྐབས་བཙལ་ནས་རང་སྦྱོང་བྱེད་པར་མ་ཟད། གུ་རུ་རྒྱལ་མཚན་ལ་ཡང་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་ཡང་ཡང་གཏོང་བ་རེད། 1987ལོའི་ལོ་གསར་སྐབས་སུ་ཏཱ་རེ་སྐྱིད་ཀྱིས་གློ་བུར་དུ་གུ་རུ་རྒྱལ་མཚན་ལ། ཁྱོད་ཀྱིས་ཁོ་མོར་གེ་སར་རྒྱལ་པོའི་སྒྲུང་ཞིག་བྲིས་ན་ཇི་འདྲ་འདུག་ཅེས་རེ་བ་བཏོན་པར་གུ་རུ་རྒྱལ་མཚན་གྱིས་ཆུང་མའི་བཤད་པར་བསམ་བློ་མང་པོ་བཏང་རྗེས། སེམས་སུ་མོ་ནི་རང་གི་བྱམས་པའི་ཆུང་མ་ཡིན་ཞིང་། རེ་འདུན་ལ་ཡང་སྒྲུང་དཔེ་ཕྲིས་ཟེར་བར་བལྟས་ན་ལྟས་ལེགས་པོ་ཞིག་རེད་སྙམ་ནས་ཁས་བླངས་ཏེ་འབྲི་འགོ་བརྩམས། ཁོས་དུས་ཚོད་ཐུང་ངུའི་ནང་དུ་གེ་སར་རྒྱལ་པོའི་སྒྲུང་ལས་《ལི་ཁྲིའི་མཚལ་རྫོང་》ཞེ་ས་པ་བྲིས་ཚར་ཞིང་། རང་གི་ཚེ་གཅིག་གི་ཆུང་མར་ལེགས་སྐྱེས་སུ་ཕུལ་བ་རེད།
1987ལོའི་ཟླ5བར་མགོ་ལོག་ཁུལ་གེ་སར་སྒྲུང་མྱུར་སྐྱོབ་གཞུང་ལས་ཁང་གིས་ཁྱད་མཚར་ཅན་གྱི་ན་གཞོན་སྒྲུང་པ་གུ་རུ་རྒྱལ་མཚན་གྱི་མིང་ཐོས་པ་ན། འཕྲལ་དུ་མི་སྣ་རྩ་འཛུགས་བྱས་ཏེ་དགའ་བདེ་རྫོང་ལ་ཆས་ནས་གུ་རུ་རྒྱལ་མཚན་གྱི་རྒྱུ་མཚན་ཡོངས་ཁྱབ་ནས་རྒྱུས་ལོན་བྱས་ཤིང་། ཁོར་གེ་སར་སྒྲུང་ལས་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་བསྟོད་པ་ཞིག་དང་། འབྲི་ཤེས་པའི་སྒྲུང་གི་དཀར་ཆག་ཅིག་ཕྲིས་ཟེར་བ་ན། དེ་མ་ཐག་བསྟོད་ཚིག་སྙན་ཞིང་དོན་ལྡན་པ་ཞིག་དང་སྒྲུང་མིང120བྲིས་ཏེ་ཁོ་ཚོར་སྤྲད་པས་ཚང་མ་ངོ་མཚར་བར་གྱུར་ཅིང་། ཆེད་ལས་མཁས་པ་དག་རྩ་འཛུགས་བྱས་ནས་ཁོས་བྲིས་པའི་སྒྲུང་ལ་དཔྱད་པ་བཏང་རྗེས། ཚང་མས་མགྲིན་གཅིག་ཏུ་གུ་རུ་རྒྱལ་མཚན་གྱིས་བྲིས་པའི་སྒྲུང་ནི་ནང་དོན་ཁ་ཚང་ཞིང་གོ་རིམ་ལྡན་ལ། རྗོད་ཚིག་སྙན་ཞིང་གོ་བདེ་བར་མ་ཟད། ཁྱད་པར་ཅན་གྱི་རྩོམ་རིག་གི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ཡོད་ཅེས་གདེང་འཇོག་ཚད་མཐོན་པོ་གནང་ངོ་། །
1987ལོའི8པར་མགོ་ལོག་རྟ་བོ་རུ་བསྡུས་པའི་ཁུལ་གེ་སར་སྒྲུང་བཤད་ཚོགས་འདུའི་སྟེང་དུ་གུ་རུ་རྒྱལ་མཚན་གྱིས་རང་གིས་བྲིས་པའི་སྒྲུང་སྙན་མོ་དབྱངས་སུ་བཀུག་ནས་བཤད་པའི་མོད་ལ། མི་ཚང་མས་མགོ་ལོག་རྩྭ་ཐང་གི་གེ་སར་སྒྲུང་བྲིས་ནས་རྫོགས་རྒྱུ་མེད་པའི་སྒྲུང་མཁན་རེད་ཟེར་ནས་མཚན་སྙན་རང་ཤུགས་སུ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཅིང་། 1།987ལོའི་ཟླ9པར་མཚོ་སྔོན་པོའི་འགྲམ་རྒྱུད་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོའི་གེ་སར་སྒྲུང་གི་དམངས་ཁྲོད་སྒྲུང་པའི་ཚོགས་ཆེན་སྟེང་དུ་བྱ་དགའ་ཨང་དང་པོ་ཐོབ། ཁོར་གཟི་བརྗིད་ཀྱི་མཚན་སྙན་དང་བྱ་དགའ་དག་ཐོབ་ཀྱང་ང་རྒྱལ་སྤུ་ཙམ་ཡང་མེད་པར་སྔར་ལས་ལྷག་པའི་སྡུག་རུས་ཀྱིས་སྒྲུང་དཔེ་མུ་མཐུད་དུ་བྲིས་པར་བརྟེན། ད་ལྟ་སྒྲུང་དཔེ་གསར་བ《མུ་མེན་དངུལ་རྫོང་》དང་། 《ལི་ཁྲིའི་རྟ་རྫོང་》《སྨུག་པོ་ལྡོང་གི་རྒྱལ་རབས་》བཅས་སྒྲུང་ཁག་བཅུ་ལྷག་བྲིས་ཡོད་ལ། དེ་དག་ལས་《སྨུག་པོ་ལྡོང་གི་རྒྱལ་རབས་》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་བྱས། 1991ལོའི་ཟླ11པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་བཅས་ཀྱིས་གེ་སར་རྒྱལ་པོའི་སྒྲུང་བཤད་ལེན་པ་གྲགས་ཅན་ཞེས་པའི་མཚན་སྙན་གནང་། ད་ལྟ་ཁོའི་བྱ་བ་དང་འཚོ་བའི་གནད་དོན་ཡང་རྒྱལ་ཁབ་ཀྱིས་ཐག་གཅོད་ལེགས་པོ་བགྱིས་ཏེ་སྒྲུང་འབྲི་བའི་ལས་དོན་ལ་སྤྲོ་བའི་ངང་འབད་འབུངས་བྱེད་བཞིན་འདུག
གུ་རུ་རྒྱལ་མཚན་གྱི་སྒྲུང་བཤད་ཀྱི་ཁྱད་ཆོས་ཀྱང་གཞན་དང་མི་མཚུངས་པ་སྟེ། ཐོག་མར་ཡི་གེར་འབྲི་བ་དང་ཕྱིས་སུ་ཡི་གེར་བལྟས་ནས་བཤད་པ། གལ་ཏེ་ཡི་གེ་དང་བྲལ་ན་བློ་ནས་བཤད་མི་ཤེས་པ་ཡིན་པས། ཁོ་ཡང་བབས་སྒྲུང་རིགས་ཀྱི་སྒྲུང་པ་ཚོ་དང་འདྲ་བར་རང་ཉིད་ཀྱིས་བྲིས་པའི་སྒྲུང་དཔེ་ལ་ངོ་མཚར་ཞིང་གསང་བ་འགྲེལ་དཀའ་བའི་སྣང་བ་ཞིག་ནམ་ཡང་ཤར་འདུག ཁོས་བཤད་པ་ལྟར་ན། སྒྲུང་གི་གཏམ་རྒྱུད་དང་གོ་རིམ་མི་སྣ་སོགས་སྒྲུང་འབྲི་འགོ་མ་བརྩམས་པའི་སྔོན་ལ་ཡིད་ལ་ཅི་ཡང་ཤར་རྒྱུ་མེད། གལ་ཏེ་སྨྱུ་གུ་ལག་ཏུ་འཕྲད་པའི་ཚེ། ཡིད་ལ་གློག་བརྙན་དུ་ཤར་བ་ལྟར་གཏམ་རྒྱུད་དང་གོ་རིམ། ཐ་ན་རྗོད་བྱེད་ཀྱི་ཚིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་གསལ་ལེར་ཤར་ཞིང་། ལག་གི་སྨྱུ་གུ་ལ་གཟུགས་མེད་ཀྱི་སྟོབས་ཤུགས་གཞན་ཞིག་གིས་བཀོད་འདོམས་བྱེད་པ་ལྟར་རང་དབང་མེད་པར་ཤར་ཤར་དུ་བྲིས་བྱུང་ཟེར་ལ། གལ་སྲིད་ལག་གི་སྨྱུ་གུས་འབྲི་མཚམས་བཞག་པ་ན། སྔོན་ལ་ཅི་ཞིག་བྲིས་པ་ཐམས་ཅད་ཡིད་ལ་ཅི་ཡང་མི་དྲན། ཕལ་ཆེར་སྔོན་ལ་བྲིས་པ་ཡོད་ཚད་བརྗེད་སོང་བ་འདྲ་ཟེར། ཁོ་བོས་དེ་སྔ་ཁོས་བྲིས་པའི་སྒྲུང་དཔེ་《སྨུག་པོ་ལྡོང་གི་རྒྱལ་རབས་》ཞེས་པར་བལྟས་མྱོང་ཞིང་། བྲིས་པའི་ཡིག་གཟུགས་དེ་འདྲ་ལེགས་པོ་ཞིག་མིན་ཡང་། ཤོག་སྟེང་གཙང་ཞིང་གཞན་གྱི་མ་ཡིག་ལས་སོ་མ་བཤུས་པ་བཞིན་ཡི་གེ་གཅིག་ཀྱང་བསུབས་མེད།
གེ་སར་རྒྱལ་པོའི་སྒྲུང་འདི་དར་ཁྱབ་ཏུ་འགྲོ་བའི་བརྒྱུད་རིམ་ནང་དུ། ཡིད་འཛིན་གྱི་ནུས་པ་ཁྱད་པར་ཅན་གྱི་དམངས་ཁྲོད་སྒྲུང་པ་དེ་དག་གིས་གླིང་སྒྲུང་འདི་གསར་རྩོམ་དང་རྒྱུན་འཛིན་བྱས་པ་ཡིན་ལ། སྒྲུང་པའི་རིགས་ལ་ཡང་བབས་སྒྲུང་དང་། པྲ་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། གཏེར་སྒྲུང་བཅས་མང་པོ་མཆིས། སྒྲུང་པའི་རིགས་མང་པོ་མཆིས་པ་འདི་དག་ལས་མང་ཆེ་ཤོས་ཀྱི་ཁྱད་ཆོས་ནི། གེ་སར་སྒྲུང་བློ་ངོ་ནས་བཤད་ཐུབ་པ་ཡིན་ལ། བཤད་ཤེས་པའི་སྒྲུང་ཡང་100ལྷག་ལས་བརྒལ་བ་རེད། སྒྲུང་པ་ཉུང་ཤས་ཤིག་གིས་སྒྲུང་འབྲི་ཤེས་པ་དང་བཤད་ཤེས་ན་ཡང་སྒྲུང་དཔེ་གཅིག་ནས་གཉིས་ཙམ་ལས་འབྲི་མཁན་མེད། འོན་ཀྱང་གུ་རུ་རྒྱལ་མཚན་ལ་མཚོན་ན། འབྲི་ཤེས་པར་མ་ཟད་བཤད་ཀྱང་ཤེས་ལ། འབྲི་ཤེས་པའི་སྒྲུང་གྲངས་དེ་ཡང་100ལྷག་ལ་སླེབས། ཁོ་རང་གིས་བཤད་པ་ལྟར་ན་ཁོ་ནི་གཏེར་སྒྲུང་ལ་གཏོགས་པའི་སྒྲུང་པའི་རིགས་ཡིན་ཟེར། གཏེར་སྒྲུང་ལའང་དངོས་གཏེར་དགོངས་གཏེར་གཉིས་ཡོད་པ་ལས་དགོངས་གཏེར་ལ་གཏོགས་པར་བཤད། དེ་ནི་གཙོ་བོ་བློ་ངོར་ཤར་བ་དག་ཡིག་ཐོག་ཏུ་བཀོད་རྒྱུ་དེ་ཡིན་སྐད།
གཤམ་དུ་གུ་རུ་རྒྱལ་མཚན་གྱིས་འབྲི་ཤེས་པའི་སྒྲུང་དཔེ་དཀར་ཆག་ཏུ་བཀོད་ན།
1《སྨུག་པོ་ལྡོང་གི་རྒྱལ་རབས།》 2《ལྷ་གླིང་གབ་ཙེ་དགུ་སྐོར།》 3《འགོག་གླིང་གཡུལ་འགྱེད།》 4《རོང་གླིང་གཡུལ་འགྱེད།》 5《འཁྲུངས་གླིང་མེ་ཏོག་ར་བ།》 6《རྨ་ས་བཟུང་དར་དཀར་མདུད་པ།》 7《སྒ་སྡེ་ཁྱུང་རྫོང་།》8《ལི་ཁྲི་མཚལ་རྫོང་།》 9《མི་ཉག་སྨྱུག་མའི་རྫོང་།》 10《ཨ་བསེ་ཁྲབ་རྫོང་།》11《སྟོབས་ཆེན་རྨོག་རྫོང་།》 12《རྟ་རྒྱུག་ནོར་བུ་ཆ་བདུན།》13《ཆོས་ཁྲིམས་སྡོམ་པ་གསེར་གྱི་འཁྲི་ཤིང་།》14《འཛམ་གླིང་སྤྱི་བསང་།》15《བདུད་གླིང་གཡུལ་འགྱེད།》 16《ཧོར་གླིང་གཡུལ་འགྱེད།》17《འཇང་གླིང་གཡུལ་འགྱེད།》 18《མོན་གླིང་གཡུལ་འགྱེད།》19《རྟ་རྒྱུག་རིན་ཆེན་ཕྲེང་བ།》 20《མཐའ་བཙན་རོང་གི་ནས་རྫོང་། 》 21《གཡུ་བསེ་མཎྚལ་རྫོང་།》 22《མངའ་རིས་གསེར་རྫོང་།》 23《འོལ་ཁའི་འཕྲུལ་ཞགས་རྫོང་།》 24《སྟག་གཟིག་ནོར་རྫོང་།》 25《མུ་སྟེགས་ཕུབ་རྫོང་།》26《ཁྲོ་ཆུའི་ལྕགས་རྫོང་།》27《བལ་བོའི་ལུག་རྫོང་།》 28《ལྕགས་མོའི་འབྲི་རྫོང་།》 29《ལི་ཁྲི་རྟ་རྫོང་།》 30《ཞང་ཞུང་མུ་ཏིག་རྫོང་།》31《སོག་པོ་ཁྱུང་རྫོང་།》 32《འདན་མའི་ནས་རྫོང་།》 33《སུམ་པའི་མཛོ་རྫོང་།》 34《བྷེ་རའི་ལུག་རྫོང་།》 35《གནམ་ལྕགས་འཕྲུལ་རྫོང་།》36《ཨོ་རལ་ར་རྫོང་།》 37《བྱེ་རིའི་བྱུར་རྫོང་།》 38《ཨ་གྲགས་གཟི་རྫོང་།》39《གངས་དཀར་ཤེལ་རྫོང་།》 40《སྨུག་གུ་དྲེལ་རྫོང་།》 41《མུ་མེན་དངུལ་རྫོང་།》 42《མེ་གླིང་གསེར་རྫོང་།》 43《ཁྭ་ཏའི་མཆོང་རྫོང་།》44《བྲག་དཀར་མདུད་རྫོང་།》 45《ཁ་ཆེ་གཡུ་རྫོང་།》 46《སྲིན་པོའི་གྲི་རྫོང་།》 47《རྒྱ་ཁ་ཆེའི་ར་རྫོང་།》 48《ཤང་ཤང་སྨན་རྫོང་།》 49《མུན་གླིང་གཟི་རྫོང་།》 50《མོན་དཀར་སྤོས་རྫོང་།》 51《ཁྱུང་བོའི་འབྲི་རྫོང་།》52《ཐེའུ་རང་གོས་རྫོང་།》 53《དྲི་ཟའི་གླུ་རྫོང་།》 54《རྒྱ་ནག་ཇ་རྫོང་།》55《ཤ་ཟའི་འཕྲུལ་རྫོང་།》 56《རི་ནུབ་ཐེར་མའི་རྫོང་།》 57《ཡེ་ཁྲའི་དུང་རྫོང་།》 58《རོང་སྟོད་ཁུ་བྱུག་རྫོང་།》 59《རོང་སྐེད་ཤོག་རྫོང་།》60《ཤི་རི་དར་མའི་གྲོ་རྫོང་།》 61《གྱད་ཀྱི་གླང་རྫོང་།》 62《བཻཌཱུར་ལུག་རྫོང་།》 63《འ་ཞའི་དར་རྫོང་།》 64《གྲུ་གུའི་གོ་རྫོང་།》 65《གཤིན་རྗེའི་འཕྲུལ་རྫོང་།》 66《རིན་ཆེན་ནོར་བུའི་ལྷ་རྫོང་།》 67《མི་བོན་མཐུ་རྫོང་།》 68《རྫུ་འཕྲུལ་གཏེར་རྫོང་།》 69《ཨོ་ཊིའི་གཏེར་རྫོང་།》 70《མི་ནུབ་དར་རྫོང་།》 71《རྒྱ་ནག་འཕྲུལ་གྱི་རྩེ་རྫོང་།》 72《ལང་ཀའི་སྨན་རྫོང་།》 73《རྒྱ་གར་ཆོས་རྫོང་།》 74《རྨ་བྱའི་མགུར་རྫོང་།》 75《རྒྱ་མཚོའི་དུང་དཀར་རྫོང་།》 76《ཨ་དཀར་རྒུན་འབྲུམ་རྫོང་།》 77《རིན་ཆེན་ཤེལ་རྫོང་།》 78《ལྷོ་སྟག་མོའི་ཆང་རྫོང་།》 79《ཏེ་བོའི་སྲམ་རྫོང་།》80《མགྲིན་པའི་པི་ལྦང་རྫོང་།》 81《རྔ་ཡབ་རྟེན་འབྲེལ་རྫོང་།》82《དཔལ་ལྡན་རྟ་མཆོག་རྫོང་།》 83《གཟི་མོའི་མ་ཧེ་རྫོང་།》 84《ཐོ་དཀར་གཏེར་བུམ་རྫོང་།》 85《འཇའ་ཨེའི་མིག་འཕྲུལ་རྫོང་།》 86《མི་ཙིའི་ཟློས་གར་རྫོང་།》 87《འཇའ་གླིང་གཡུལ་འགྱེད།》 88《དྷ་ནའི་ཨུ་དམ་རྫོང་།》 89《མ་རྒྱུའི་ཏྲ་རིལ་རྫོང་།》 90《འབྲུག་ཡུལ་གཡུ་རྫོང་།》91《བསམ་གཏན་གསེར་རྔ་རྫོང་།》 92《གཏེར་བྲག་བུམ་རྫོང་།》93《ཀུན་བཟང་ཆ་ལང་རྫོང་།》 94《ཐེའུ་ནེ་ཙོའི་རྫོང་།》 95《ཧེ་རུ་ཀའི་རྒྱན་དྲུག་རྫོང་།》 96《ཤང་ཤང་མུ་མེན་རྫོང་།》 97《ཧོར་གུར་ནག་འདྲེ་འདུལ་རྫོང་།》 98《ལྷོ་བདུད་དྲི་བཟང་རྫོང་།》 99《མཉམ་ཉིད་མཛུབ་དཀྲིའི་རྫོང་།》 100《སྟོང་བདུད་ཟངས་ཀྱི་རྫོང་།》 101《འཁོར་ལོ་མུ་ཏིག་རྫོང་།》 102《གངས་དཀར་སེང་གེའི་རྫོང་།》 103《ཨུ་ཏིའི་བཻཌཱུར་རྫོང་།》104《ཟངས་གླིང་སྣ་ཚོགས་རྫོང་།》 105《ཟ་ཧོར་ནོར་གྱི་རྫོང་། 》106《སེམས་གྲུ་ཤེས་བྱ་རྫོང་།》 107《བདུད་སྲིན་གོ་ཁྲབ་རྫོང་།》 108《འདྲེ་མོའི་དར་ཟབ་རྫོང་།》 109《སྲིན་མོའི་ཐོ་ལུམ་རྫོང་།》 110《འུར་བའི་ལྟས་ངན་མཛེས་ལྗོངས།》 111《མུ་སྟེགས་ཉི་ཤུའི་དཔའ་རྫོང་།》112《འཛམ་གླིང་གཡུལ་རྒྱལ་རྫོང་།》 113《སེམས་ཉིད་ཆོས་རྫོང་།》114《སྟོང་ཉིད་མགུར་རྫོང་།》 115《མཛེས་མའི་སྙན་འགྱུར་རྫོང་།》116《གསང་བའི་རྟ་རྒྱུག》 117《ཐབས་ཤེས་ཟུང་འཇུག》 118《གཟུགས་སྐུའི་མྱ་ངན་རྫོང་།》 119<=འདན་མའི་གུར་རྫོང་།》 120《ངོ་མཚར་སྙན་གྲགས་རྫོང་》བཅས་ཡིན་ནོ། །